ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ཁ་རི་ཤགས་ཉུང་བསྡུས་
[ 2013/11/25 17:24:00 | By: བྲག་མགོ་ཚེ་དབང་། ]
 

བསང་མཆོད་སྐབས་སུ་དགོས་གལ་ཆེ་བའི་ཁ་རི་ཤགས་ཉུང་བསྡུས་བཞུགས།

 ཨེ་མ་ཧོ།  སྤྲོས་བྲལ་བདེ་ཆེན་གྱི་ཕོ་བྲང་དུ་བོན་སྐུ་ཀུན་དུ་བཟང་པོ་ལ་བསང་དང་ཞི་བའི་མཆོད་པ་དམ་པ་འབུལ་ལོ།  འོག་མིན་གདལ་བ་མེད་པའི་ཕོ་བྲང་དུ་རྫོགས་སྐུ་གཤེན་ལྷ་འོད་དཀར་ལ་བསང་དང་ཞི་བའི་མཆོད་པ་དམ་པ་འབུལ་ལོ།  རྟག་གཟིགས་འོལ་མོ་ལུང་རིངས་ཀྱི་ཞིང་ཁམས་ན་སྤྲུལ་སྐུ་སྟོན་པ་གཤེན་རབ་ལ་བསང་དང་ཞི་བའི་མཆོད་པ་དམ་པ་འབུལ་ལོ།  སྐྱབས་གནས་དམ་པ་དཀོན་མཆོག་གསུམ་ལ་བསང་དང་ཞི་བའི་མཆོད་པ་དམ་པ་འབུལ་ལོ།  ཡི་དམ་གསས་མཁར་མཆོག་ལྔ།  བསྟན་པ་སྲུང་པའི་བོན་སྐྱོང་།  མ་སྲིང་མཁའ་འགྲོའི་ཚོགས་རྣམས་ལ་བསང་དང་ཞི་བའི་མཆོད་པ་དམ་པ་འབུལ་ལོ།      #འདིའི་ཡར་སྔོན་མདུན་ངོས་སུ་འཆར་ཐུབ།#

 ཀི་བསྭཽ།  དབུས་ཀྱི་རི་རྒྱལ་དང་རི་བོ་མཆོག་འཛིན་ལས་སོགས།  རི་བདུན་ལ་གནས་པའི་ཡུལ་ས་གཞི་བདག་ཁྱེད་རྣམས་ཀྱི་སྤྱན་སྔར་དངོས་འབྱོར་ཡིད་སྤྲུལ་གྱིས་བཤམ་པའི་དྲི་ཞིམ་བསང་མཆོད་དམ་པ་འབུལ་ལོ།    བསྭཽ།  འཛམ་གླིང་ས་ཡི་ལྟེ་བ་གཡུང་དྲུང་བོན་གྱི་བླ་རི་ཆེན་མོ།  རི་བོ་གངས་རྒྱལ་ཏེ་སེ་ལ་གནས་པའི་ཡུལ་ལྷ་གཞི་བདག ས་བདག་ཀླུ་གཉན།  ལས་དཀར་པོ་དགེ་བ་དད་པའི་སྡེ་ཚོགས་ཐམས་ཅད་ལ་དངོས་འབྱོར་ཡིད་སྤྲུལ་གྱིས་བཤམ་པའི་དྲི་ཞིམ་བསང་མཆོད་དམ་པ་འབུལ་ལོ།  

ཀི་བསྭཽ།  ཁྱད་པར་དུ་མདོ་ཁམས་ས་ཡི་ལྟེ་བ།  གནས་རི་༼དཔེར་ན། ༼རྦ་བྱི་རི་ལ། ནོ་སྨ་གཉིས་ཀྱི་བར་སྒང་ལ། སྙི་ཤེས་གཉིས་ཀྱི་བར་སྒང་ལ། ཞེས་པ་ལྟར། གཞན་ཡང་སོ་སོའི་ཡུལ་ལྷ་སོགས་ཁ་བསྒྱུར་བྱའོ༽ བཞུགས་མཁར་བཅས་པའི་ཡུལ་ལྷ་གཞི་བདག་དམ་པ་༼ཉི་མ་འཕྲུལ།༽ཡང་ན།༼སོ་སོའི་གཞི་བདག་གི་མཚན་ལ་འབོད། དཔེར་ན། ༼ཁྱུང་གདོང་གཡུང་དྲུང་རིན་ཆེན་འབར་བ། ཡུལ་ལྷ་ཨ་ཁུ་གྱུག་གྱུག  ཡུལ་ལྷ་བ་ཕྱུག ཞེས་པ་སོགས་ཁ་བསྒྱུར་བྱ།༽༽ཁྱེད་ཀྱི་སྤྱན་སྔར་དུ་དངོས་འབྱོར་ཡིད་སྤྲུལ་གྱིས་བཤམ་པའི་དྲི་ཞིམ་བསང་མཆོད་དམ་པ་འབུལ་ལོ།

སྙི་རྒྱལ་མཆོད་སྐབས་འདི་ལྟར་བརྗོད།  ཀི་བསྭཽ།  ནང་དགོས་སུ་འཛམ་གླིང་སྐོར་བར་བྱེད་པའི་མཐུ་བསྩལ་ཅན་དྲག་སྩལ་ཅན།  མྱུར་མགྱོགས་དང་རྫུ་འཕྲུལ་ཆེ་བའི་རྦུ་ཝུ་སྙི་པ་རྒྱལ་པོའམ་བཀའ་བློན་ཉི་མ་འབུམ་ཁྱེད་ཀྱི་སྤྱན་སྔར་དུ་དངོས་འབྱོར་ཡིད་སྤྲུལ་གྱིས་བཤམ་པའི་དྲི་ཞིམ་བསང་མཆོད་དམ་པ་འབུལ་ལོ།༽             

 བསྭཽ།  ཕ་ལྷ་བསང་དགྲ་ལྷ་བསང་སྐྱེས་ལྷ་བསང་གྲོགས་ལྷ་བསང་།  འོ་་་སྟོད་མངའ་རིས་སྐོར་གསུམ།  སྨད་མདོ་ཁམས་སྒང་དྲུག  བར་དབུས་གཙང་རུ་བཞི་སོགས།  རི་བོ་གངས་རིའི་ལྗོངས་ན་གནས་པའི་གཞི་བདག་དང་ལྷ་ཀླུ་གཉན་གསུམ། རྒྱལ་རིགས་ཀྱི་སྡེ་སོགས་རི་གང་མཐོ་ལ་གནས་པ།  ས་གང་གཉན་ལ་གནས་པ།  སྐྱེས་བ་ཤིང་ལ་གནས་པ།  འབབ་པ་ཆུ་ལ་གནས་པའི་གཙོས་འཁོར་དང་བཅས་པ།  མདོར་ན་མཐོ་བ་ཉི་ཟླ་གཟའ་སྐར།  སྤྲིན་གཞའ་དར་གསུམ་ལ་གནས་པ། དམའ་བ་རི་ཆུ་སྐྱེས་ཚལ་སོགས་ལ་གནས་པའི་མཐུ་བོ་ཆེ་སྟོབས་པོ་ཆེ། མྱུར་འགྱོགས་ཅན་དྲག་རྩལ་ཅན།  ཁྱེད་རྣམས་དེ་རིང་མགྲོན་དུ་བོས་ནས་དངོས་འབྱོར་ཡིད་སྤྲུལ་གྱིས་བཤམ་པའི་བསང་རྫས་ཕུན་སུམ་ཚོགས་པའི་དྲི་ཞིམ་བསང་མཆོད་བར་སྣང་གོང་བ་འདི་རྣམས་འབུལ་ལོ།       

 ཀི།  བསྭཽ།  དེ་ལྟར་ཁྱེད་རྣམས་ལ་དངོས་འབྱོར་ཡིད་སྤྲུལ་གྱིས་བསང་མཆོད་རྒྱ་ཆེན་པོའི་བརྔན་འདི་ཕུལ་བས་ཐུགས་དམ་གཉེན་པོ་རྒྱུད་ཡོངས་སུ་བསྐང་ནས་དགྱེས་ཚོར་དང་བཅས་པའི་དགོས་ནས།  བདག་ ༼ཡང་ན་ཚོགས་པ་རིགས་ཀྱི་ཚབ་དུ་བསང་མཆོད་ཡིན་ན། དཔེར་ན། ༼རྦ་མདའ་བརྒྱད་ཅུའི་ཤོག་པའི།༽༽གཙོ་འཁོར་དང་བཅས་པ་རྣམས་ལ།  འགྲོ་བའི་དུས་སུ་སྐྱེལ་མ་མཛོད། འདུག་པའི་དུས་སུ་རྒྱབ་བརྟེན་མཛོད། འོང་བའི་དུས་སུ་བསུ་མ་མཛོད།  དགྲ་དང་ཐུག་ན་དགྲ་སེམས་ཞི་བར་མཛོད།  གྱོད་དང་ཐུག་ན་ལས་འབྲས་སྲུང་བའི་གྱོད་ཡ་དང་གྲོས་མཐུན་པར་མཛོད་ཅིག  ནད་གདོན་རྐྱེན་ངན་ཐམས་ཅད་ཞི་བར་མཛོད་ཅིག  ཁ་ལས་རླུང་རྟ་དར་བར་མཛོད་ཅིག དབང་ཐང་འཕེལ་བར་མཛོད་ཅིག  སློབ་པའི་དོན་ཤེས་པར་མཛོད་ཅིག  ཚོང་ལས་ཞོར་ལས་ལ་སོགས་ལས་ཅི་སྒྲུབ་ལམ་དུ་འགྲོ་བར་མཛོད་ཅིག  དུས་གཏན་དུ་ཁ་འཛིན་མཛོད། སྡོང་གྲོགས་མཛོད། འདོད་དགུ་ཐམས་ཅད་ལྷུན་གྱིས་འགྲུབ་པར་མཛོད་ཅིག  གང་འདོད་གང་བཅོལ་འཕྲིན་ལས་མྱུར་དུ་འགྲུབ་པར་མཛོད་ཅིག        

བསྭཽ།  དེ་རིང་ཚེས་བཟང་དུས་བཟང་གི་ཉིན་མོར་ཁྱེད་རྣམས་ལ་དཀར་ཕྱོགས་དགེ་བའི་ལས་དང་མཐུན་པའི་༼བསང་རྫས་ཕུན་སུམ་ཚོགས་པའི་དྲི་ཞིམ་བསང་དུ་ཡིས་ཡོངས་པའི་འཇིག་རྟེན་གོང་བར་བསམ།༽དངོས་འབྱོར་ཡིད་སྤྲུལ་གྱིས་བསང་དྲིའི་མཆོད་པ་བར་སྣང་གོང་བ་འདི་བརྔན་དུ་ཕུལ་བས།  ཡུལ་ཁམས་འདི་ན་བཀྲ་ཤིས་ཏེ།  ཕོ་རྣམས་ཚེ་རིང་བར་གྱུར་ཅིག  མོ་རྣམས་དཔལ་ཆེ་བར་གྱུར་ཅིག  བདག་གི་༼ཡང་ན་ཚོགས་པ་རིགས་ཀྱི་ཚབ་དུ་བསང་མཆོད་ཡིན་ན། དཔེར་ན་རྦ་མདའ་བརྒྱད་ཅུའི་ཤོག་པའི།༽ཁ་ལས་རླུང་རྟ་དབང་ཐང་དར་བར་གྱུར་ཅིག  ཆར་ཆུ་དུས་སུ་འབབ་པར་གྱུར་ཅིག  ལོ་ཕྱུགས་རྟག་ཏུ་ལེགས་པར་གྱུར་ཅིག  དུས་གྱིས་འཁྲུག་པ་ཞི་བར་གྱུར་ཅིག  མཚོན་དང་མུ་གེ་ནད་རིམས་ཀྱིས་འཇིག་པ་ཐམས་ཅད་བརླག་པར་གྱུར་ཅིག  བསམ་པ་བོན་བཞིན་འགྲུབ་ནས་དཀར་ཕྱོགས་དགེ་བ་འཕེལ་སྟེ་འཇིག་རྟེན་ཁམས་འདིར་ཞི་བདེའི་དཔལ་ལ་ལོངས་སུ་སྤྱོད་པའི་བཀྲ་ཤིས་པར་གྱུར་ཅིག  རྒྱལ་ལོ།  རྒྱལ་ལོ།  ཀི་ཀི་བསྭཽཽ་ལྷ་རྒྱལ་ལོ།།   ཐ་ཚན་མུ་ཙུག་སྨར་རོ།།     །།

 
 
Re:ཁ་རི་ཤགས་ཉུང་བསྡུས་
[ 2013/12/2 20:47:22 | By: སྐུ་མགྲོན་IMDp2T(སྐུ་མགྲོན) ]
 
སྐུ་མགྲོན་IMDp2T(སྐུ་མགྲོན)ཡག་གི་ཡི་རང་ཞུ།
 
 
Re:ཁ་རི་ཤགས་ཉུང་བསྡུས་
[ 2013/11/27 11:36:42 | By: Tampagyl(སྐུ་མགྲོན) ]
 
Tampagyl(སྐུ་མགྲོན)འདི་ཡིད་ལ་འཛིན་ཁོ་ཐག་ཡིན། བྲིས་ནོ་བཟང་གི།
 
 
Re:ཁ་རི་ཤགས་ཉུང་བསྡུས་
[ 2013/11/27 11:00:28 | By: སྐུ་མགྲོན་NRIu48(སྐུ་མགྲོན) ]
 
སྐུ་མགྲོན་NRIu48(སྐུ་མགྲོན)ལེགས་སོ་ལེགས་སོ་ཁྱེད་ལེགས་སོ
 
 
Re:ཁ་རི་ཤགས་ཉུང་བསྡུས་
[ 2013/11/26 15:00:16 | By: སྐུ་མགྲོན་wBRe72(སྐུ་མགྲོན) ]
 
སྐུ་མགྲོན་wBRe72(སྐུ་མགྲོན)གསོལ་ལོ་གསོལ་ལོ་བོན་གསོལ་ལོ།
 
 
Re:ཁ་རི་ཤགས་ཉུང་བསྡུས་
[ 2013/11/26 7:25:46 | By: སྐུ་མགྲོན་JNEq2U(སྐུ་མགྲོན) ]
 
སྐུ་མགྲོན་JNEq2U(སྐུ་མགྲོན)རྒྱལ་ལོ། རྒྱལ་ལོ། བོན་རྒྱལ་ལོ་་་་་་་་་་་་
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.