ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
བོན་བསྟན་རྒྱས་པའི་སྨོན་ལམ
[ 2012/8/28 11:20:00 | By: བྲག་མགོ་ཚེ་དབང་། ]
 

བོན་བསྟན་རྒྱས་པའི་སྨོན་ལམ་ཡིད་བཞིན་ཀུན་འགྲུབ་

ཅེས་བྱ་བ་བཞུགས།

གང་གི་ཐུགས་གསང་ཀུན་ཁྱབ་ཡངས་པའི་ཀློང་།

ཟབ་དཀར་སྔགས་ཀྱི་ཆུ་འཛིན་འཁྲིགས་པ་ལས།

ཐེག་ཆེན་ལམ་ལྔའི་གྲུ་ཆར་ཆེས་གཡོས་བས།

སྨིན་གྲོལ་དབྱར་གྱི་ཕུན་ཚོགས་རབ་རྒྱས་ཤོག 

རིམ་གཉིས་འཕྲོ་འདུ་ལྷོ་སྤྲིན་འཁྲུག་རུམ་ནས།

བསྙེན་བསྒྲུབ་གདངས་དབྱངས་རྔ་གསང་འབུམ་ལྡིར་ཞིང་།

ལས་སྦྱོར་གློག་ཕྲེང་གཡོ་བའི་མེ་ཆར་གྱིས།

བསྟན་གནོད་མི་མཐུན་ཕྱོགས་ཀུན་གཞོམ་པར་ཤོག

གཞན་དོན་སྨོན་འཇུག་ནོར་འཛིན་ཡངས་པའི་ལྟོར།

ལམ་ལྔ་ས་བཅུའི་རྐང་འཐུང་འབུམ་རྒྱས་རྩེར།

སྤངས་རྟོགས་མཐར་ཐུག་འབྲས་བུ་གཡུར་ཟ་བའི།

གཡུང་དྲུང་སེམས་དཔའི་ཞིང་ཀུན་གང་བར་ཤོག

གང་ཐུགས་ཚད་མེད་རླབས་ལས་ཉེར་འཁྲུངས་པའི།

རྒྱལ་བའི་སྐུ་གསུངས་ཐུགས་རྟེན་ཁྱད་པར་ཅན།

            རྒྱ་ཆེ་གྲངས་མང་ཞིང་གི་རྡུལ་ཙམ་གྱིས།

འགྲོ་བའི་སྒྲིབ་གཉིས་བག་ཆགས་སྦྱོང་བར་ཤོག

ཐེག་ཆེན་ལྟ་སྒོམ་སྤྱོད་དམ་འཕྲིན་ལས་མཁར།

བླ་མེད་འབྲས་བུའི་འོད་སྟོང་རྟག་འབར་བའི།

ཕྱག་རྫོགས་དབུ་མའི་རྣལ་འབྱོར་བསམ་འདས་གང་།

མཐོང་ཐོས་དྲན་འབྲེལ་འགྲོ་ཀུན་གྲོལ་ཐོབ་ཤོག

རླུང་དང་སེམས་ལ་གྲུབ་པ་མཆོག་བརྙེས་པའི།

རྣམ་གྲོལ་རྫོགས་པའི་དབང་ཕྱུག་བསམ་མི་ཁྱབ།

གང་འདུལ་སྤྲུལ་པའི་ཟློས་གར་མི་ཟད་པས།

མི་སྲིན་ལོག་སྡེ་ཟིལ་གྱིས་གནོན་པར་ཤོག

གཡུང་དྲུང་བོན་བསྟན་སྐྱོང་བའི་དམ་ཅན་ཚོགས།

མཐུ་རྩལ་ནུས་སྟོབས་དབྱར་མཚོ་ལྟར་རྒྱས་ཤིང་།

ཕ་རོལ་མི་མཐུན་ཕྱོགས་ལས་རྟག་རྒྱལ་ནས།

སྐད་ཙམ་གཡེལ་མེད་ཕྲིན་ལས་བསྒྲུབ་པར་ཤོག

མཁའ་མཉམ་འགྲོ་ཀུན་བོན་ལ་བློ་ཕྱོགས་ཏེ།

བདེ་སྐྱིད་འཕན་དར་ལྷ་མིའི་དབང་པོ་ལྟར།

ཚེ་བསོད་དཔལ་འབྱོར་ལོངས་སྤྱོད་ཕུན་ཚོགས་ནས།

དུས་རྣམས་ཀུན་ཏུ་བསྟན་ཞབས་འདེགས་པར་ཤོག

སྔ་ཕྱིའི་ལས་ཉོན་བག་སྒྲིབ་ལས་འཕྲོས་པའི།

ཕྱི་ནང་གསང་བའི་འགལ་རྐྱེན་བར་ཆོད་ཀུན།

དབྱར་མཚོའི་ཀློང་དུ་ཁ་ཆར་ཕོག་པ་ལྟར།

རང་སར་ཞི་ནས་གྲོགས་སུ་འགྱུར་བར་ཤོག

སྔོན་བསགས་ལེགས་བྱས་མཐུ་ལས་རབ་སྨིན་པའི།

ཕན་བདེའི་རྩ་ལག་མཐུན་རྐྱེན་ལེགས་ཚོགས་ཀུན།

ཡིད་བཞིན་ནོར་ལ་སྨོན་ལམ་ཐེབས་པ་བཞིན།

འབད་རྩོལ་མེད་པར་ལྷུན་གྱིས་འགྲུབ་པར་ཤོག

ནམ་ཞིག་ཞིང་འདིའི་བཀོད་པ་བསྡུ་བའི་དུས།

བདག་སོགས་འགྲོ་ཀུན་བདེ་ཆེན་བོན་དབྱིངས་སུ།

མཐར་ཐུག་བྱང་ཆུབ་ཆེན་པོའི་སྐུར་བརྙེས་ཏེ།

དབྱེར་མེད་ཐིག་ལེ་གཅིག་ཏུ་རྫོགས་པར་ཤོག

བོན་གྱི་སྐུ་ལས་གཟུགས་སྐུའི་རྣམ་རོལ་གར།

བྱེ་བ་ཕྲག་བརྒྱའི་བཀོད་པ་གྲངས་མེད་ཀྱིས།

ཕྱོགས་བཅུ་པར་འདས་ཞིང་ཁམས་རབ་འབྱམས་ཀྱི།

མཁའ་ཁྱབ་འཁོར་བ་མ་ལུས་དོང་སྤྲུག་ཤོག 

གཡུང་དྲུང་སློབ་དཔོན་སངས་རྒྱས་བསྟན་འཛིན་གྱིས། 

གཡུང་དྲུང་བོན་བསྟན་རྒྱས་སྨོན་གསུང་བསྐུར་ངོར། 

གཡུང་དྲུང་གླིང་གི་སློབ་རྒན་ཚུལ་རྒྱན་པས།

གཡུང་དྲུང་ཤད་བར་བརྒྱ་དང་རྩ་བརྒྱད་སྤེལ།

གཡུང་དྲུང་བོན་བསྟན་རྒྱས་པའི་རྒྱུར་གྱུར་ཅིག།།   །།

དགེའོ།།   ཐ་ཚན་མུ་ཙུག་སྨར་རོ།།   །།

 
 
Re:བོན་བསྟན་རྒྱས་པའི་སྨོན་ལམ
[ 2012/9/2 21:16:17 | By: Bontsewang(སྐུ་མགྲོན) ]
 
Bontsewang(སྐུ་མགྲོན)མཆེད་གྲོགས་ལགས། ཕེབས་གཟིགས་དང་ལེགས་འདེམས་གནང་བར་དགའ་བསུ་ཞུ།C
 
 
Re:བོན་བསྟན་རྒྱས་པའི་སྨོན་ལམ
[ 2012/8/30 0:40:16 | By: སྐུ་མགྲོན་HLCo2S(སྐུ་མགྲོན) ]
 
སྐུ་མགྲོན་HLCo2S(སྐུ་མགྲོན)སྨོན་ཚིག་བྱིན་ཅན་ཞིག་སྤེལ་འདུག་དགའ་དད་
དང་ཡི་རངས་ཞུ།
 
 
Re:བོན་བསྟན་རྒྱས་པའི་སྨོན་ལམ
[ 2012/8/28 13:23:31 | By: younten ]
 
yountenདགེ་བཤེས་ཚེ་དབང་ལགས། བཀྲ་ཤིས་བདེ་ལེགས། ཡུན་རིང་དྲྭ་ངོས་སུ་ཞལ་མཇལ་མ་བྱུང་བ་མཛད་བྲེལ་ཆེ་བ་ཡིན་ལས་ཆེ། དེ་རིང་འདིར་ཕེབས་གཟིགས་གནང་བ་མ་ཟད་བསྟན་པ་དར་བའི་སྨོན་ཚིག་བྱིན་ཅན་འདི་ཉིད་སྤེལ་བར་ཡི་རང་ཞུ། སླད་མར་དྲྭ་ངོས་སུ་ཡང་ཡང་ཕེབས་གཟིགས་གནང་བའི་རེ་བ་ཡོད། ཀུ་ས་ལིས།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.