ལེགས་བཤད་ལམ་རིམ་བཅུ་གཉིས་རིན་ཆེན་སྐས་ལམ་གྱི་ཚིགས་སུ་བཅད་པ་བཞུགས།
རྩེ་ཞིག་ཡོངས་འཛིན་བསྟན་འཛིན་ཡེ་ཤེས།
༼ དང་པོ་བླ་མ་བསྟེན་ཚུལ།༽
བསྐལ་བརྒྱར་བསོད་ནམས་བསགས་པའི་རིན་ཆེན་དབྱིག །
ལྷུན་པོ་ཇི་བཞིན་སྤུངས་བའི་ཟོང་ཉིད་ཀྱིས། །
ཐོབ་པའི་ཡིད་བཞིན་དབང་རྒྱལ་སྤྱི་གཙུག་གི །
རྒྱན་དུ་མི་མཆོད་བཏང་སྙོམས་སུ་ཡིས་བྱེད། །
ཕྱོགས་ཞེན་རླུང་གིས་བསྐྱོད་པའི་ཤོག་གུ་དེ། །
དོན་མེད་གར་ཡང་འཁྱམས་པའི་ཕུག་ཉིད་དུ། །
ངན་འགྲོའི་ཆུ་ལ་སླར་ཡང་བྱིང་གྱུར་ན། །
བཤེས་གཉེན་དམ་པས་སྐམ་སར་འདོན་གྱུར་ཅིག །
༼ གཉིས་པ་དལ་འབྱོར་རྙེད་དཀའ་བསམ་པ།༽
རིང་ནས་དགེ་བཅུའི་ཞིང་ས་གཤིན་པོ་རུ། །
ལེགས་བྱས་སོ་ནམ་མ་རྨད་ཕྱིན་དྲུག་གི །
མྱུ་གུ་དུས་སྨིན་དལ་འབྱོར་གཡུར་ཟའི་ཚོགས། །
དཀོན་མཆོག་ཞིང་ལ་མི་མཆོད་སད་བསྐུར་ས། །
བདུད་བཞིའི་ཐ་གཉིས་སད་སེར་དགྲ་བོ་འདི། །
ཉིན་མཚན་དུས་དྲུག་ངེས་མེད་འཇབ་པའི་ཚེ། །
གང་གིས་མི་སྡོངས་རི་གཟར་རྦབ་འདྲིལ་བཞིན། །
དེ་བཞིན་བཏང་སྙོམས་མི་བྱ་དགེ་རྒྱགས་མཛོད། །
༼ གསུམ་པ་འཆི་བ་མི་རྟག་པ་བསམ་པ།༽
དལ་འབྱོར་གཉིས་ལྡན་གྱི་སྐྱེ་བོ་ཁ་ལ་ཡུག །
འཆི་བདག་བྱ་ཁྲ་ཁོས་ནམ་ཡང་མི་ཟ་ཞེས། །
དམ་བཅའ་བཟང་པོ་ཞིག་ཁྱོད་ལ་བཞག་མིན་ན། །
དེ་འདྲའི་སྡོད་གྲབ་ཅིག་བྱེད་པས་ཅི་ལ་ཕན། །
ཟས་ནོར་ལོངས་སྤྱོད་གྱང་མཁར་བརྩིགས་བརྩིགས་རུང་། །
རང་དང་འདྲ་མཉམ་གྲོགས་རྣམས་ཐལ་བའི་ཤུལ། །
རང་ཉིད་ཅི་བདེར་སྡོད་པའི་དབང་མེད་ན། །
ཕ་རོལ་འགྲོ་གྲབ་བཛོད་དང་གཏན་བདེ་ཡོང་།
༼ བཞི་བ་འཁོར་བའི་ཉེས་དམིགས་བསམ་པ།༽
ཚ་གྲང་བཀྲེས་སྐོམ་གླེན་ལྐུགས་ལ་སོགས་པའི། །
ཟུང་གསུམ་ཡ་དྲུག་ངན་འགྲོའི་སྡུག་བསྔལ་ལ། །
ཤེས་ལྡན་གང་ཞིག་རྩོམ་པར་མི་བྱེད་ཀྱང་། །
ཤེས་མེད་བགྲོད་པ་འཆོལ་ལ་ཡིད་སེམས་སྐྱོ། །
བདེ་འགྲོ་བདེ་བར་འདོད་ཀྱང་ཟག་བཅས་ཀྱི། །
དགེ་འབྲས་དགེ་སྡུག་གཉིས་ལས་སྡུག་བསྔལ་མང་། །
དེ་ཕྱིར་དེ་ཡི་ལས་ལའང་མི་བརྩོན་པར། །
རང་གིས་རང་གཞན་གཉིས་དོན་བྱང་ཆུབ་སྒྲུབས། །
༼ ལྔ་བ་ལས་རྒྱུ་འབྲས་བསམ་པ།༽
མ་རིག་རྒན་པོ་ལོང་མའི་འདུ་བྱེད་ཀྱིས། །
བཅུ་གཉིས་སྲིད་པའི་འཁོར་ལོ་ཡང་ཡང་བསྐོར། །
གནས་ལུགས་དོན་ལ་རྨོངས་པའི་བདག་ལྟ་ཡིས། །
ཕྱོགས་ཆ་མ་ཕྱེད་བདེ་བའི་རྒྱུ་རུ་བསྒོམ། །
དུག་སྡོང་རྩད་ནས་གཆོད་པར་མ་བྱས་ན། །
ཡལ་ག་ལོ་འདབ་བཅད་པས་མི་ཕན་བཞིན། །
ཀུན་འབྱུང་འཁོར་ལོའི་ལྟེ་བ་མ་བཅད་ན། །
སྡུག་བདེན་སྲིད་པའི་གཤོག་པ་ཟུམ་མི་འགྱུར་། །
༼ དྲུག་པ་ཐར་བའི་ཕན་ཡོན་བསམ་པ།༽
རྣམ་དཀར་དགེ་བཅུའི་གསེར་ལྡན་ཡངས་པའི་ཁྱོན། །
ཚུལ་ཁྲིམས་ཏིང་འཛིན་སོ་ནམ་མ་རྨད་ལས། །
བདེ་འགྲོའི་རྟེན་བཟང་རྐང་འཐུང་རྒྱས་པའི་རྩེར། །
བསོད་ནམས་ཆ་མཐུན་འདོད་གཟུགས་བདེ་འབྲས་སྨིན། །
བདེ་འབྲས་དེ་ཡང་འཇའ་ཚོན་རི་མོ་བཞིན། །
རྟག་པར་མི་གནས་འོག་སར་ལྟུང་འགྱུར་བས། །
སྐྱེས་བུ་ཆེན་པོའི་ལམ་བཟང་རིམ་བརྒྱུད་དེ། །
གཏན་བདེ་འདོད་མའི་རྒྱལ་ས་ཨེ་ཟིན་སྟོས། །
༼ བདུན་པ་ཡང་དག་པའི་དད་པ་བསྟན་པ།༽
ཞིང་ས་བཟང་པོ་བརླན་དང་མ་འཕྲད་ན། །
མྱུར་གུ་སྔོན་མོའི་གོ་སྐབས་མི་འབྱུང་བཞིན། །
དལ་འབྱོར་ཚང་པའི་མི་ལུས་ཐོབ་ན་ཡང་། །
དད་མེད་ཐར་བའི་ལམ་བཟང་རྙེད་མི་འགྱུར། །
ཆུ་ཟླའི་ཆུ་ཁུར་ཀློང་དུ་འབྲུག་ལྡིར་ན། །
ཆུ་འཛིན་ཆུ་མི་ཆགས་ལ་འཐོར་བ་སླ། །
དགེ་སྤྱོད་དགེ་བར་སྙན་གྲགས་དོན་གཉེར་ན། །
དགེ་སྦྱོར་དགེ་བར་མི་འགྱུར་དད་བརྟན་མཛོད། །
༼ བརྒྱད་པ་སྐྱབས་སུ་འགྲོ་བར་བཤད་པ།༽
ཚངས་དང་དབང་ཕྱུག་རིག་བྱེད་སྟོན་པ་ཡིས། །
ངེས་ལེགས་ལམ་སྒོ་འབྱེད་པར་མི་ནུས་ན། །
ལེགས་ཚོགས་ཡོན་ཏན་ཀུན་གྱི་སྒོ་མོ་ཆེ། །
འབྱེད་མཛད་དཀོན་མཆོག་སྐྱབས་སུ་ཐོབ་འདི་རྨད། །
རང་གཞན་ཕྱོགས་ལྷུང་མྱོས་ཆུང་གདུང་པ་འགའ། །
ལོག་རྟོག་མུན་ཁང་ནང་དུ་ཉལ་བ་ལ། །
ལེགས་བཤད་གཏམ་གྱི་ཕག་མོ་གྲུབ་སྦྱོར་འདིས། །
སྨྱོས་མེད་ཀུན་གསལ་མངོན་དགའི་མཆོག་སྦྱིན་མཛོད། །
༼ དགུ་བ་སེམས་བསྐྱེད་པར་བསྟན་པ།༽
དགོས་འདོད་ཀུན་འབྱུང་བསམ་འཕེལ་ཐོབ་འདོད་པའི། །
ཚོང་བ་རྒྱ་མཚོ་གྲུར་ཞུགས་གཞན་གྱིས་མིན། །
རླུང་དང་བྱོལ་སོང་སྐྱོབ་པའི་གཉེན་མེད་ན། །
འཇིགས་ཚོགས་དེ་ལས་སྐྱོབས་པར་སུ་ཡིས་ནུས། །
གཏན་བདེ་སྐུ་བཞིའི་ནོར་བུ་ཐོབ་འདོད་པའི། །
རྒྱལ་སྲས་སྤྱོད་བཟང་དག་ལས་གཞན་གྱིས་མིན། །
ཕྱིན་དྲུག་བསྡུ་བཞིའི་གྲོགས་པོ་བསྟེན་མིན་ན། །
ལམ་གྱི་དགྲ་ཚོགས་གཞན་གྱིས་སྐྱོབས་མི་ནུས། །
༼ བཅུ་བ་སྡིག་སྒྲིབ་བཤགས་པར་བསྟན་པ།༽
གཟུགས་མེད་ཀུན་གཞིའི་བག་སྒྲིབ་མ་དག་ན། །
གཟུགས་སྐུ་གཉིས་ཀྱི་བཞིན་རས་མཐོང་མི་འགྱུར། །
དྲི་བཅས་ཤེལ་གྱི་མེ་ལོང་མ་ཕྱིས་ན། །
དྲི་བྲལ་དགོང་མཛེས་མཐོང་མིན་འདི་ལ་ལྟོས། །
བསགས་སྦྱང་སྔོན་དུ་བྱས་པའི་བསོད་ནམས་ལས། །
བསགས་འབྲས་སྐུ་གཉིས་རྣམ་པར་ངེས་པ་ཡིན། །
སོར་རྩེར་ཕྱི་དོར་བྱས་པའི་ཨ་དར་ཤ །
སོར་རྩེས་བསྐྱོད་ལས་ཕ་རོལ་གཟུགས་བརྙན་མཐོང་། །
༼ བཅུ་གཅིག་པ་ཚོགས་བསགས་མཎྜལ་འབུལ་བར་བསྟན་པ།༽
བསམ་པ་དག་པ་སྤྲང་མོའི་མར་མེ་དང་། །
དེ་ལྡོག་མི་དབང་མར་མེ་ཆེན་པོ་གཉིས། །
སེར་སྣ་རློམ་སེམས་ཟོལ་སོགས་ཡོད་མེད་ཀྱི། །
ཁྱད་པར་འོད་དང་རླུང་གིས་བསྟན་པ་བཞིན། །
ཕྱི་ནང་གསང་བའི་མཎྜལ་འདི་ཕུལ་བར། །
དངོས་བཤམས་ཡིད་སྤྲུལ་རང་སེམས་དག་གྱུར་ཅིང་། །
དམིགས་པའི་ཁྱད་པར་ཡོན་ཏན་གཟུགས་ཡོད་ན། །
རྒྱ་ཆེའི་སྟོང་གསུམ་སྣོད་ལ་དམའ་འབེབས་བྱེད། །
༼ བཅུ་གཉིས་པ་བླ་མའི་རྣལ་འབྱོར་བསྟན་པ།༽
བདག་སོགས་གུས་པས་གསོལ་བ་བཏབ་པའི་མཐུས། །
འགྲོ་རྣམས་སངས་རྒྱས་བླ་མ་ལྷ་ཚོགས་ཀུན། །
བདག་བློ་གུས་པའི་པདྨོ་བཞད་པའི་རྩེར། །
དགྱེས་འཛུམ་ལྡན་ཞིང་བཞུགས་ནས་མཐའ་ཡས་འགྲོའི། །
སྡུག་བསྔལ་སེལ་ཞིང་བདེ་སྐྱིད་འཕེལ་བ་དང་། །
དཔལ་ལྡན་བླ་མའི་མཛད་འཕྲིན་རབ་རྒྱས་ཤིང་། །
བདག་གཞན་དོན་གཉིས་ལྷུན་གྱིས་འགྲུབ་གྱུར་ནས། །
བླ་མ་ཉིད་དང་དབྱེར་མེད་འགྲུབ་པར་ཤོག །
- ཟིན་ཐོ་གོང་མ།བཤེས་གཉེན་ལགས།
- ཟིན་ཐོ་འོག་མ།གསོ་རིག་འབུམ་བཞི་ལ་དཔྱད་པ།