ཕྱི་མིག་གཅིག་གི་ཁ་བརྡ།
ཁྲི་གཙུག་རྒྱལ་པོ།
༧ འཁྲུལ་བློ་ཡིས་བཞེངས་པའི་འཇིག་རྟེན་ཞིག་སྟེ། སྡུག་བསྔལ་གྱིས་གསོན་པའི་གྲུ་ཁ་འདི་ན། སྣང་བ་གཏད་མེད་ཀྱི་རྗེས་སུ་བསྙེགས་པའི་རྣམ་ཤེས་ཁེར་རྐྱང་། ལོ་བརྒྱད་བྱིས་གཞོན་ཞིག་གི་རུམ་ཁ་ན་འཚོ་བ་ཤེས་དུས། ང་མི་བུ་ཞིག་ཏུ་གྲུབ་པའི་ཚོར་རྟོག་ངེས་འདུག དེ་ནས་བཟུང་གཞོན་དར་གྱི་འཚོ་བཅུད་མངར་བསྐྱུར་འདྲེས་མས་ལང་ཚོའི་ཐོད་ངོགས་སུ་གཉེར་རིས་འདི་ལྟར་བརྩེགས་ཟིན། དེ་རིང་ཕྱི་མིག་གིས་འདས་དོན་ལ་ལན་གཅིག་བཤེར་དུས་ངའི་མི་ཚེ་ནི་དོན་སྙིང་དབེན་པའི་ལོངས་སྤྱོད་དང་། སྒྱིད་ལུགས་ཀྱིས་བདས་པའི་མི་ཚེ་རུ་ངེས་ཕྱིར། ཡིད་གཏིང་ནས་འཕངས་སེམས་གྱི་རྟོག་འགྱུ་བརྡོལ་ཡང་འཕྱིས་ཚར་འདུག དོན་འདི་དང་འདི་ལྟར་ལ་བཞིག་སྟེ་ན་ཆུང་བསོད་ཅན་དག་གི་ཁྱུ་ཚོགས་ཁྲོད་དུ། ངས་མགོ་བོ་གྱེན་འདེགས་ཀྱིས་འབོད་བསྐུལ་ཐུང་ངུ་ཞིག་གཏོང་འདོད་བྱུང་། ༧ ཀྱེ་ཉེ་གྲོགས་ཀྱི་རིག་སློབ་ཚོ་གཟིགས་དང་། མཐོང་ཚོད་ཀྱི་མིག་ལམ་ན་གཅེར་དང་། མི་རིགས་དང་ཆོས་རིགས། ཤེས་རིག་དང་ཚན་རིག། མདོར་ན་རིན་ཐང་གི་ཟབ་ཚད་ལ་གདེངས་མི་རྙེད་པའི་ཤེས་བྱ་འདི་ལྟར་བཀྲམ་འདུག དེ་ལ་དེར་བལྟོས་ཀྱི་གསར་བསྐྲུན་གྱི་སློབ་གླིང་། ཚད་མཐུན་གྱི་སློབ་དཔོན། ཞི་བདེ་ཡི་སྲིད་བཟང་། མཐུན་འཇུག་གི་བཀོད་པ་སོགས་ཅི་ཡང་འཛོམས་པའི་གསར་བཞད་ཀྱི་སློབ་གླིང་གང་མང་ཤར་འདུག གོ་སྐབས་འདི་ཡི་སྟེགས་བུ་ན་ལང་ཚོ་འབུས་པའི་ན་གཞོན་ཚོ། ད་ནི་བློ་རྒྱ་ཡང་དུ་བསྐྱེད་དེ་འཇུག་ལམ་མི་ནོར་བར་་གནས་འདི་རུ་གདེངས་ཚོད་དང་བཅས་ཏེ་འཆོངས་ཕོད་པ་དང་། སྦྱང་ཕོད་པ། དཔྱོད་ཕོད་པ་དང་། བཤད་ཕོད་པ་བཅས་བྱ་ནས། མེས་པོ་ཚོའི་ཞེ་ཕུག་ཏུ་ལྷག་པའི་རེ་བ་ཡོད་ཚད་འདེགས་ཏེ་རྣམ་ཤེས་ལྷོད་པོར་གཟིམ་དུ་ཆུག་དང་། ན་གཞོན་ཚོ། ཡང་ཚ་ཚོའི་ལམ་སྒྲོན་ལ་ཐུགས་སོ་གཏད་ནས་ཤེས་རིག་གིས་བསྐྱེད་བསྲིང་བྱ་བའི་ལྟ་གོན་བྱོས་དང་། ན་གཞོན་ཚོ། མདོ་མེད་ཀྱི་ལས་སྤྱོད་ལ་འཐབ་འཛིངས་བགྱི་ནས་བདེན་དོན་གྱིས་ཁོ་ཚོའི་ངོ་ལྤགས་བཀོག་པའི་ཤེས་རིག་གི་སོར་རྩེ་བདོར་ཅིག་ ན་གཞོན་ཚོ།། ཡང་དུ་བརྩོན་དང་ཡང་ནས་ཡང་དུ་..།། ༢༠༡༡.༦.༢.ཉིན།། ཀོ་རྒྱལ་དགོན་བཤད་སྒྲུབ་འདུས་སྡེ་སྐབས་བཞི་པའི་དབྱར་སྐྱིད་སྤྲོ་འཚོགས་ཀྱི་སྙན་ངག་གྱེར་འདོན་སྐབས་རིག་གཞོན་དག་ཚུལ་དུ་ཕུལ་བའོ།།ལ་སློབ་གསོའི་
- ཟིན་ཐོ་གོང་མ།ཨ་མ་དྲན་པའི་མིག་ཆུ།།
- ཟིན་ཐོ་འོག་མ།གངས་ཕྲུག་ཁྱེད་ཀྱིས་ཨེ་ཤེས།།