དཔྱད་བརྗོད་རིག་པའི་གསང་ལམ།། ཕྱྭ་ག་བརྩོན་འགྲུས་མཐར་ཕྱིན།
རྨད་བྱུང་འཕྲིན་ལས་ཉི་གཞོན་འཛུམ་པའི་རླབས།།
ཐེག་དགུའི་བསྟན་པ་འདབ་སྟོང་བཞད་པའི་མགོན།།
འགྲོ་ལ་བཀའ་ལུང་ཆར་བཞིན་བསྙིལ་མཛད་པའི།།
བརྒྱ་པའི་མགོན་པོ་དམུ་རྒྱལ་སྲས་དེར་འདུད།།
ཡིད་འོང་བསླབ་གསུམ་ཙན་དན་སྡོང་པོ་ལ།།
མཛད་པའི་འཕྲིན་ལས་ཡལ་འདབ་འབུམ་གྱིས་ཕྱུག།
བརྩེ་སེམས་འོ་མཚོས་བརླན་པའི་ཡོངས་འཛིན་ཏེ།།
བཀའ་དྲིན་མཚུངས་མེད་མགོན་དེར་སྙིང་ནས་འདུད།།
ཅེས་མཆོད་བརྗོད་ལྷ་དར་དཀར་པོས་མདུན་བསུས་ཏེ་འདིར་འཆད་པར་བྱ་བ་ལ།།
རང་རྟོགས་དངོས་དང་། ཐུགས་རྗེ་སེམས་དཔའ་གཉིས་ཀྱི་སྐོར་ལ་ཕྲན་ཙམ་བཤད་པ།
དང་པོ་ཁ་གཅིག་གིས་རང་རྟོགས་པའི་ལུགས་ཀྱི་སྟོང་ཉིད་ནི། གཞི་གཟུགས་ལ་སྦྱར་བའི་ཚེ་གཟུགས་གཟུགས་འཛིན་ཤེས་པ་དང་རྫས་ཐ་དད་དུ་གྲུབ་པའི་སྟོང་པ་དེ་ལ་འཇོག དེ་ནི་ཐེག་པ་གོང་མས་བལྟས་པའི་ཚེ་ན། མེད་ངེས་ཡིན་པས་ཁྱོད་ཀྱིས་སྟོང་ཉིད་མ་རྟོགས། ཞེས་དང་།
ཁོ་རང་ལུགས་ལ་གཞི་གྲུབ་ན་གཟུང་བ་བོན་གྱི་བདག་མེད་ཡིན་པའི་མ་ཁྱབ་སྟེ་ནང་གི་ཤེས་པ་དེ་བོན་ཅན་ཞེས་དང་། གཟུང་བ་བོན་གྱི་བདག་མེད་ཞེས་པ་དེ་ཁྱོད་དང་ཁྱོད་འཛིན་ཚད་མ་གཉིས་དེ་རྫས་ཐ་དད་དུ་གྲུབ་པའི་སྟོང་པ་དེར་འཇོག་དགོས་ལ་དེ་ནང་འཛིན་པའི་སྟེང་དུ་བཞག་ན་ཁྱོད་ཀྱིས་འཛིན་པ་བོན་གྱི་བདག་མེད་རྟོགས་པའི་སྐྱོན་ཡོད་པའི་ཕྱིར་ཞེས་སོགས་ཟེར་བ་ལ། དང་པོར་ལྟར་ན། རང་རྟོགས་དངོས་དེ་གཤེན་རབ་རྣམ་རྩོད་སྡེ་གཉིས་ལས་མི་འཕགས་བ་ཐལ། ཁྱོད་ལ་འཕགས་བྱེད་གང་ཡང་བཤད་དུ་མེད་པའི་ཕྱིར། དེར་ཐལ། དེ་བཤད་དུ་ཡོད་ན་ཐབས་དང་ཤེས་རབ་གཉིས་གཙོ་བོར་བྱེད་ནས་བཤད་དགོས་པའི་ཕྱིར། མ་གྲུབ་ན། དེ་ལྟར་མི་དགོས་ན། འོ་ན་གཤེན་རབ་རྣམ་རྩོད་སྡེ་གཉིས་ལས་རང་རྟོགས་དངོས་འཕགས་པ་དང་། དེ་ལས་ཐུགས་རྗེ་སེམས་དཔའ་འཕགས་པ་དང་། དེ་ལས་གཡུང་དྲུང་སེམས་དཔའ་འཕགས་པ་འདོད་མི་དགོས་བ་ཐལ། ཁྱོད་ཀྱིས་འདོད་པ་དེའི་ཕྱིར། འདོད་ན། ཤིན་ཏུ་བླུན་རྟགས་ཡིན་ལ་གཞན་མ་ཡིན་ནོ། །དང་པོར་ལྟར་ན། རང་རྟོགས་དངོས་ཀྱིས་སྟོང་ཉིད་རྟོགས་ཏེ། གཞི་ཀ་བ་ལ་སྦྱར་ན། ཀ་བ་དེ་ཀ་འཛིན་ཤེས་པ་ལ་རག་མ་ལས་པའི་ཀ་བ་ཞིག་རང་ངོས་ནས་གྲུབ་པ་མེད་པ་ཁྱོད་ཀྱིས་རྟོགས་པའི་ཕྱིར། མ་གྲུབ་སྟེ། སྟོང་ཉིད་རྟོགས་ན་ཐེག་པ་གོང་མས་རྟོགས་ཚུལ་ལྟར་དུ་རྟོགས་དགོས་སོ་ཞེ་ན། དེ་ལྟར་མི་དགོས་པར་སེམས་ཏེ། ཐེག་པ་གོང་མས་རྟོགས་ཚུལ་ལྟར་དུ་གཅིག་པ་མ་རྟོགས་ཀྱང་། དེ་ཡི་ཟུར་གཅིག་རྟོགས་པའི་ཕྱིར། དེ་ཐལ། དཔེར་ན། ཀ་བ་དེ་ཀ་འཛིན་ཚད་མ་ལ་རག་མ་ལས་པའི་ཀ་བ་རང་ངོས་ནས་གྲུབ་པའི་སྟོང་པ་དེ་ཐེག་པ་གོང་མའི་ལུགས་ལ་སྟོང་ཉིད་ཡིན་པས། ཁྱོད་ཀྱིས་དེ་རྟོགས། ཐེག་པ་གོང་མས་མར་ལྟས་པའི་ཚེ་ན་ཁྱོད་ཀྱིས་དེ་རྟོགས་པའི་རྒྱུ་མཚན་གྱིས་ཁྱོད་ཀྱིས་སྟོང་ཉིད་རྟོགས་ཞེས་ཁས་ལེན་དགོས་པར་སེམས། འོ་ན་འདི་ཡི་ལུགས་ཀྱིས་ཡུལ་དེ་ཡུལ་ཅན་ལ་རག་ལས་མ་ལས་ཀྱི་ཐ་སྙད་འདོགས་པ་ཐལ་ཞེ་ན། འདོད་དེ། ཐེག་རིམ་མངོན་དུ་བཤད་པའི་མདོ་རྒྱུད་ལས། ཕྱི་རོལ་དོན་གྱི་དངོས་པོ་ཁས་མི་ལེན་ཏེ་མི་འདོད་པ་འོ། །ཀུན་རྫོབ་ཙམ་སྣང་བ་མི་འགེགས་པའོ། །དོན་དམ་པར་ནང་འཛིན་བྱེད་ཀྱི་ཤེས་པ་ཡང་དག་ཏུ་ཡོད་པར་འདོད་པའོ། །སེམས་ཡང་དག་དེ་ཡང་ཤེས་པ་རང་ནང་གཟུང་འཛིན་དུ་འདོད་དེ། ཤེས་པ་སྐད་ཅིག་སྔ་མ་ནི་གཟུང་ཆ། ཤེས་པ་སྐད་ཅིག་མ་ཕྱི་མ་ནི་འཛིན་ཆ་འོ། །དེ་ཡང་རྒྱུ་འབྲས་སུ་འདོད་དེ། ཤེས་པ་སྐད་ཅིག་སྔ་མ་ནི་རྒྱུ། ཕྱི་མ་ནི་འབྲས་བུ་འོ། །ཞེས་གསུངས་པའི་ཕྱིར། འདི་ཡི་སྐབས་སུ། ཕྱི་རོལ་དོན་གྱི་དངོས་པོ་ཁས་མི་ལེན་ཞེས་པའི་དོན་དང་། ནང་འཛིན་བྱེད་ཀྱི་ཤེས་པ་ཡང་དག་ཏུ་འདོད་ཅེས་པའི་དོན་དང་། ཤེས་པ་སྐད་ཅིག་སྔ་ཕྱི་འདོད་ཚུལ་དང་། གསུམ་གྱི་སྒོ་ནས་བཤད་ན།། དང་པོ་ཕྱི་ཡི་ཡུལ་གྱི་བོན་ཐམས་ཅད་དེ་རང་འཛིན་ཤེས་པ་ལ་རག་མ་ལས་པའི་རང་ངོས་ནས་གྲུབ་པ་མེད་ཞེས་ཁས་ལེན་པ་འམ། ཐེག་པ་འོག་མས་བཞག་པའི་གཟུང་བ་ཆ་མེད་དེ་འདི་ཡིས་ཁས་མི་ལེན་པ་དང་མི་འདོད་པའི་དོན་ལ་འཇོག་དགོས་པར་སེམས། །ཁོ་ན་རེ། འདི་ཡི་ལུགས་ལ་ཕྱི་ཡུལ་གྱི་བོན་དེ་རང་འཛིན་ཤེས་པ་ལ་རག་ལས་པ་མི་འདོད་པར་ཐལ། ཁོས་གང་ལ་ཡང་མ་རྟེན་པ་རང་ངོས་ནས་ཚུགས་ཐུབ་ཏུ་གྲུབ་པ་དང་དེ་ལྟར་སྣང་བ་འདོད་པའི་ཕྱིར། དེ་ཐལ། ཀུན་རྫོབ་ཙམ་སྣང་བ་མི་འགེགས་པའོ་ཞེས་གསུངས་པའི་དོན་ལ་དེ་ལྟར་འཇོག་དགོས་པའི་ཕྱིར་ཞེ་ན། མ་གྲུབ་སྟེ། དེ་ཡི་དོན་ནི་ཁོ་རང་གིས་ཕྱི་ཡི་བོན་སྣང་བའི་ཚེ་ན་སྣང་ཚུལ་ནི་རང་འཛིན་ཤེས་པ་ལ་རག་མ་ལས་པ་རང་ངོས་ནས་གྲུབ་པ་སྣང་ཡང་། གྲུབ་ཚུལ་ལ་དེ་ལྟར་མ་གྲུབ་པ་ཡིན་པར་རྟོགས་སོ་སྙམ་མོ། །དཔེར་ན། དག་པའི་རྗེས་ཐོབ་ཀྱིས་སྣང་ཚུལ་བཞིན་ནོ། །གཉིས་པ། དོན་དམ་པར་ནང་འཛིན་བྱེད་ཀྱི་ཤེས་པ་ཡང་དག་ཏུ་ཡོད་པར་འདོད་ཅེས་པའི་དོན་ནི། ནང་གི་ཤེས་པ་དེ་ནི་རང་འཛིན་ཤེས་པ་ལ་རག་མ་ལས་པ་ཁོ་རང་རང་ངོས་ནས་ཚུགས་ཐུབ་ཏུ་གྲུབ་པ་ཡོད་ཅེས་ཁས་ལེན་པ་འམ། འོག་མས་བཞག་པའི་གཟུང་བ་ཆ་མེད་དེ་ཡང་འདི་ཡིས་འདོད་པའི་རྒྱུ་མཚན་ལ་འཇོག་དགོས་སེམས།།
གསུམ་པ་ཤེས་པ་སྐད་ཅིག་སྔ་ཕྱི་འདོད་ཚུལ་ལ། ཁ་ཅིག་གིས། ཤེས་པ་སྐད་ཅིག་མ་སྔ་མ་ནི་གཟུང་ཆ། ཤེས་པ་སྐད་ཅིག་མ་ཕྱི་མ་ནི་འཛིན་ཆའོ། །དེ་ཡང་རྒྱུ་འབྲས་སུ་འདོད་དེ། ཤེས་པ་སྐད་ཅིག་སྔ་མ་ནི་རྒྱུ། ཕྱི་མ་ནི་འབྲས་བུའོ། ཞེས་པའི་དོན་ལ་འགྲེལ་ཚུལ་ནི། དཔེར་ན་མིག་ཤེས་སྐད་ཅིག་དང་པོ་དང་གཉིས་པ་གཉིས་ལ་སྦྱར་ཏེ། ཤེས་པ་སྐད་ཅིག་མ་སྔ་མ་ནི་གཟུང་ཆ་ཞེས་པའི་དོན་ལ་མིག་ཤེས་སྐད་ཅིག་དང་པོ་དང་། ཕྱི་མ་ནི་འཛིན་ཆ་ཞེས་པའི་དོན་ལ་མིག་ཤེས་སྐད་ཅིག་གཉིས་པ་ལྟ་བུར་འདོད་མོད་ཅང་། དེ་ནི་ཤིན་དུ་མི་འཐད་སྙམ་སྟེ། ཐེག་པ་སུ་དང་སུ་ཡིན་རུང་མིག་ཤེས་སྐད་ཅིག་སྔ་ཕྱི་གཉིས་པོ་དེ་གཟུང་ཆ་དང་འཛིན་ཆ་མི་འདོད་པ་དང་། མིག་ཤེས་སྐད་ཅིག་གཉིས་པ་དེ་ཡང་མིག་ཤེས་མ་ཡིན་པའི་སྐྱོན་ཡོད་པར་སྙམ་མོ། །ཅིའི་ཕྱིར་ན། མིག་ཤེས་ཀྱིས་སྒྲ་དང་ཤེས་པ་སོགས་ཡུལ་དུ་མི་བྱེད་པའི་ཕྱིར། མ་གྲུབ་ན། འོ་ན་ཁྱོད་ཀྱིས་སྒྲ་མིག་ཤེས་ཀྱིས་མཐོང་ཞེས་པའི་ཐ་སྙད་འདོག་གམ། མིག་ཤེས་ཀྱིས་སྒྲ་གོ་ཞེས་པའི་ཐ་སྙད་འདོག དང་པོ་ལྟར་ན་མིག་ཤེས་ཀྱིས་གཟུགས་མ་ཡིན་པའི་བོན་མཐོང་བ་ཐལ་ལོ། གཉིས་པ་ལྟར་ན་མིག་ཤེས་ཀྱིས་སྒྲ་གོ་ཞེས་པ་དེ་འཇིག་རྟེན་འདིར་གྲགས་མ་མྱོང་པའི་ཕྱིར། དེ་ནི་སོ་སྐྱེའི་གནས་སྐབས་སུ་བཤད་པ་ཡིན་ནོ། ཁོ་བོས་ཇི་ལྟར་འདོད་ཅེ་ན། གཞི་ལ་སྦྱར་ན། བུམ་འཛིན་ཤེས་པ་དང་། དེར་འཛིན་ཤེས་པ་གཉིས་དེ་རྒྱུ་འབྲས་དང་། ཤེས་པ་སྐད་ཅིག་མ་སྔ་མ་ནི་གཟུང་ཆ་། ཞེས་པ་དེ་ནི་བུམ་འཛིན་ཤེས་པ་དེ་དང་། ཕྱི་མ་ནི་འཛིན་ཆ་ཞེས་པ་དེ་ནི། དེར་འཛིན་ཤེས་པ་དེ་དང་། ཤེས་པ་སྐད་ཅིག་སྔ་མ་ནི་རྒྱུ། ཅེས་པ་དེ་ནི། བུམ་འཛིན་ཤེས་པ་དང་། ཕྱི་མ་འབྲས་བུའོ། ཞེས་པའི་དོན་ནི། དེར་འཛིན་ཤེས་པ་དེ་ལ་འཇོག་དགོས་སྙམ་མོ།།
གཉིས་པ་འདིའི་ལུགས་ལ་གཞི་གྲུབ་ན་གཟུང་བ་བོན་གྱི་བདག་མེད་ཡིན་པའི་ཁྱབ་དགོས། འོ་ན་གཟུང་བ་དང་འཛིན་པ་གཉིས་ཀའི་སྟེང་དུ་བདག་མེད་གཏན་ལ་འབེབ་ཚུལ་གོང་ལྟར་མ་བྱས་ན། ཇི་ལྟར་བྱེད་ཅེ་ན། ལན་དུ། གཞི་ལ་སྦྱར་ན། ཀ་བ་དེ་ཀ་འཛིན་ཤེས་པ་དང་རྫས་ཐ་དད་དུ་གྲུབ་པ་དེ་འདི་ཡི་ལུགས་ལ་གཟུང་བ་བོན་གྱི་བདག་གོ །དེས་སྟོང་པ་དེ་གཟུང་བ་བོན་གྱི་བདག་མེད་ཅེས་ཐ་སྙད་འདོགས་དགོས། ནང་འཛིན་པ་ནི་གཟུང་བ་བོན་གྱི་བདག་མེད་ཡིན་ཚུལ་ཇི་ལྟར་འཇོག་ཅེ་ན། དཔེར་ན་ཀ་བ་དེ་ཀ་འཛིན་ཤེས་པ་དང་རྫས་ཐ་དད་དུ་གྲུབ་པ་དེ་ནང་འཛིན་པའི་སྟེང་དུ་མེད་པའི་རྒྱུ་མཚན་གྱིས་ནང་འཛིན་པ་གཟུང་བ་བོན་གྱི་བདག་མེད་ཡིན་ཞེས་ཁས་ལེན་དགོས་སྙམ་མོ། །དེ་ནི་སྟོང་གཞི་བོན་ཅན་གྱི་ཁྱད་པར་བྱས་པ་མ་ཡིན་ལ་དགག་བྱའི་ཁྱད་པར་བྱས་ནས་བཞག་པ་ཡིན་ནོ།།
༧ གཉིས་པ་ཐུགས་རྗེ་སེམས་དཔའི་ལུགས་ལ་གཟུང་འཛིན་གཉིས་སྟོང་གི་སྟོང་ཉིད་གཏན་ལ་འབེབ་ཚུལ་ཅུང་ཙམ་གླེང་བ། གཟུང་བ་བོན་གྱི་བདག་མེད་གཏན་ལ་འབེབ་ཚུལ་དང་། འཛིན་པ་བོན་གྱི་བདག་མེད་གཏན་ལ་འབེབ་ཚུལ་གཉིས། དང་པོ། ཁ་ཅིག་གིས་གཞི་ལ་སྦྱར་ན། བུམ་པ་དེ་བུམ་འཛིན་ཤེས་པ་དང་རྫས་ཐ་དད་དུ་གྲུབ་པའི་སྟོང་པ་དེ་གཟུང་བ་བོན་གྱི་བདག་མེད་དང་། བུམ་འཛིན་ཤེས་པ་དེ་བུམ་པ་དང་རྫས་ཐ་དད་དུ་གྲུབ་པའི་སྟོང་པ་དེ་འཛིན་པ་བོན་གྱི་བདག་མེད་དུ་བཞེད་མོད་ཀྱང་། དང་པོར་དེ་ལྟར་ཡིན་ན་ཡང་། གཉིས་པ་དེ་ལ་ཅུང་ཙམ་ཨི་འཐད་སྙམ་མོ། །འོ་ན་ཇི་ལྟར་འདོད་ན། བུམ་འཛིན་ཤེས་པ་དེ་རང་འཛིན་ཤེས་པ་དང་རྫས་ཐ་དད་དུ་གྲུབ་པའི་སྟོང་པ་དེ་འཛིན་པ་བོན་གྱི་བདག་མེད་དུ་འདོད་དགོས་སེམས་སོ།།
འདི་ཡི་སྐབས་སུ་གཟུང་འཛིན་གཉིས་སྟོང་ཞེས་འདོགས་དགོས་པའི་རྒྱུ་མཚན་ལ་དཔྱད་ན། གཤེན་རབ་རྣམ་རྩོད་སྡེ་གཉིས་དང་། རང་རྟོགས་དངོས་དང་། ཐུགས་རྗེ་སེམས་དཔའ་དང་གསུམ་གྱི་སྒོ་ནས་བཤད་ན། དང་པོ་ནི། གཤེན་རབ་རྣམ་རྩོད་སྡེ་གཉིས་ཀྱིས་གཟུང་བ་དང་འཛིན་པ་གཉིས་ཀའི་སྟེང་དུ་དོན་དམ་དུ་ཡོད་པར་འདོད་དེ། ཐེག་རིམ་ལས། སྤྱིར་དེ་གཉིས་ཀའི་ལྟ་བ་ནི། ཕྱི་དང་ནང་དུ་འདོད་དེ་ཞེས་གསུངས་པའི་ཕྱིར། །དེ་ཡང་ཇི་ལྟར་འདོད་ཅེ་ན། ཕྱི་ཞེས་པ་ནི་ཕྱི་ཡི་གཟུགས་སྒྲ་དྲི་རོ་དང་། ནང་ཞེས་པ་ནི་ནང་འཛིན་བྱེད་ཀྱི་ཤེས་པ་ལ་གོ་དགོས། དང་པོ་དེ་ལ་ཀུན་རྫོབ་དང་དོན་དམ་གཉིས་དང་། །གཉིས་པ་དེ་ལ་དོན་དམ་ཀུན་རྫོབ་གཉིས་རེ་འདོད་དོ། དོན་དམ་འདོད་ཚུལ་ལ་མི་འདྲ་སྟེ། ཐེག་འགྲེལ་ལས། ཕྲ་བ་ཟབ་མོ་དོན་དམ་དུ་འདོད་ལུགས་མ་མཐུན་ཏེ། ཞེས་གསུངས་པའི་ཕྱིར། རྣམ་མེད་པས་ཕྱི་ཡི་ཀུན་རྫོབ་ཇི་ལྟར་འདོད་ཅེ་ན། གཞི་ཀ་བ་ལ་སྦྱར་ན། ཀ་བ་དེ་འདི་ཡི་ལུགས་ལ་ཀུན་རྫོབ་ཡིན་ཚུལ་ནི་ཀ་བ་དེ་རགས་པ་གོང་བུའི་རྣམ་པ་ཅན་དང་ཕྱོགས་མཚམས་ཀྱི་ཆ་དང་བཅས་པ་ཡིན་པ་བློ་ཡིས་ཀྱང་དེ་ལྟར་དུ་རྟོགས་ཐུབ་ཅེས་ཁས་ལེན་པའི་རྒྱུ་མཚན་གྱིས་ཕྱི་ཡི་ཀུན་རྫོབ་ཏུ་བཞག་པ་ཁས་ལེན་དགོས་ཏེ། ཐེག་འགྲེལ་ལས། ཕྱི་ཡུལ་གྱི་ཀུན་རྫོབ་ནི་འདུས་པ་རགས་པ་གོང་བུའི་རྣམ་པ་འདི་དག་གོ །ཞེས་དང་། ཡོངས་འཛིན་སྨྲ་བའི་སེང་གེ་དེ་ཉིད་ཀྱིས་མཛད་པའི་རིག་ལམ་བསྡུས་གྲྭའི་རྣམ་བཤད་ལས། བློས་བཤིགས་པ་འམ་གཞོམ་པར་ནུས་པའི་བོན་དེ་འདི་ཡི་ལུགས་ཀྱི་ཀུན་རྫོབ་བདེན་པའི་མཚན་ཉིད་ཅེས་གསུང་པའི་ཕྱིར། །ཕྱི་ཡི་དོན་དམ་ནི། གོང་གི་རགས་པ་གོང་བུའི་རྣམ་པ་ཅན་དང་གཞན་ཡང་བྱས་མི་རྟག་སོགས་བློ་ཡིས་གཞོམ་ནས་བརྟགས་ཤིང་དཔྱད་པས། ཉི་ཟེར་གྱི་རྡུལ་དེ་ལ་ཆ་བཞི་བཅུ་རྩ་དགུ་བགོས་པའི་ཆ་ཕྲ་བ་དེ་ལ་སྟེང་འོག་གི་ཆ་དང་ཕྱོགས་མཚམས་ཀྱི་ཆ་ཡོད་པ་ཁོ་ཡིས་བློས་རྟོགས་མ་ནུས་པ་དང་། དེ་ལས་མཐར་གཏུག་ས་མ་རྙེད་པའི་བོན་དེ་ལ་ཁོ་ཡིས་ཕྱི་ཡི་དོན་དམ་དུ་བཞག་གོ །འགྲེལ་ལས། ཕྱི་ཡུལ་གྱི་དོན་དམ་ནི་ཕྲ་བའི་དངོས་པོ་ཙམ་ཟབ་མོ་དེ་ལ་ཟེར་རོ། །ཞེས་གསུངས་སོ། །གཉིས་པ་ནང་འཛིན་པའི་སྟེང་དུ་ཀུན་རྫོབ་དང་དོན་དམ་བཞག་ཚུལ་ནི། འདི་ཡི་ལུགས་ལ་བློས་གཞོམ་མི་ནུས་པའི་ཤེས་པ་སྐད་ཅིག་མ་ཕྲ་བ་དེ་ལ་ནང་གི་དོན་དམ་དང་། བློས་གཞོམ་ནུས་པའི་ཤེས་པའི་རྒྱུན་སྐད་ཅིག་སྔ་ཕྱིའི་ཆ་དང་བཅས་པ་དེ་ལ་ནང་གི་ཀུན་རྫོབ་ཏུ་འཇོག་དགོས་སེམས། དེ་ལྟར་དགོས་ཏེ། སུམ་ལྡན་སྡུད་གྲྭ་ལས། ཐེག་པ་ཆུང་ངུའི་ལུགས་ལ། བློས་བཤིགས་པའམ་གཞོམ་པར་མི་ནུས་པ་སྟེ། ཤེས་པ་སྐད་ཅིག་མ་དང་། རྡུལ་ཕྲན་ལྟ་བུ་ནི་དོན་དམ་ཡིན་ལ། བློས་བཤིགས་པའམ་གཞོམ་པར་ནུས་པ། ཤེས་པའི་རྒྱུན་དང་བེམ་པོ་རགས་པ་རྣམ་ནི་ཀུན་རྫོབ་ཏུ་འདོད་པར་ཐེག་འགྲེལ་ལས་གསུངས་སོ། །ཞེས་གསུངས་པའི་ཕྱིར།།
ཡང་གཤེན་རམ་རྣམ་བཅས་པའི་འདོད་ཚུལ་ནི། དངོས་པོ་ཡིན་ན་དོན་དམ་བདེན་པ་ཡིན་པའི་ཁྱབ་པ་ཁས་ལེན་ཏེ། དོན་དམ་པར་དོན་བྱེད་ནུས་པ་དེ། འདི་ཡི་ལུགས་ཀྱི་དོན་དམ་བདེན་པའི་མཚན་ཉིད་ཅེས་གསུངས་པའི་ཕྱིར། འདི་ཡིས་ཀུན་རྫོབ་འདོད་ཚུལ་ནི། ཡོད་པ་གང་ཞིག་དངོས་པོ་མ་ཡིན་པའི་རིགས་ཀུན་རྫོབ་ཏུ་འཇོག་རིགས་པར་སེམས་ཏེ། དོན་དམ་པར་དོན་བྱེད་མི་ནུས་པའི་བོན་དེ། འདི་ཡི་ལུགས་ཀྱི་ཀུན་རྫོབ་བདེན་པའི་མཚན་ཉིད། ཅེསགསུངས་པའི་ཕྱིར། ༧ གཉིས་པ་རང་རྟོགས་དངོས་ཀྱི་ལུགས་ལ་བདེན་གཉིས་ཀྱི་རྣམ་བཞག་གསལ་པོར་མ་མཐོང་ཡང་། བདག་གིས་བསམ་ཚུལ་ལ། ཀུན་རྫོབ་ནི་ཕྱི་གཟུང་བའི་སྟེང་དུ་འཇོག་དགོས་སྙམ་ཏེ། འགྲེལ་ལས་ཕྱི་རོལ་དོན་གྱི་དངོས་པོ་ཁས་མི་ལེན་ཏེ་མི་འདོད་པ་འོ་ཞེས་གསུངས་པའི་ཕྱིར། དོན་དམ་ནི་ནང་འཛིན་པའི་སྟེང་དུ་འཇོག་དགོས་སྙམ་སྟེ། ། འགྲེལ་ལས། དོན་དམ་པར་ནང་འཛིན་བྱེད་ཤེས་པ་ཡང་དག་ཏུ་ཡོད་པར་འདོད་པ་འོ། ཞེས་དང་། རྗེ་བདག་ཉིད་ཆེན་པོའི་ཐེག་འགྲེལ་ལས། གཙོ་བོར་གཟུང་འཛིན་གྱི་ཕྲ་བ་གང་རུང་དོན་དམ་དུ་འདོད་པའི་ཡང་དག་གི་ལྟ་སྤྱོད་ལ་འགའ་ཞིག་འདེག་བྱེད་ཀྱི་སྟོབས་ནི། རང་རྟོགས་ཀྱི་ཐེག་པའི་དོན་ཞེས་དང་། གཙོ་བོར་འཛིན་པའི་ཕྲ་བ་དོན་དམ་དུ་འདོད་པས་ཡང་དག་ལ་སོགས་གོང་བཞིན་དང་། དེ་ཉིད་སྐྱོ་ཤས་དང་། ང་རྒྱལ་ཆུང་པ་དང་། དེ་ཉིད་ཆེ་བས་ཁྱད་པར་དུ་བྱས་པ་ནི། རང་རྟོགས་དང་། ནེ་ཙོ་ལྟ་བུ་དང་། བསེ་རུ་ལྟ་བུའི་ཐེག་པའི་དོན་ནོ། །ཞེས་གསུངས་པའི་ཕྱིར། རྒྱུ་མཚན་དེ་ལ་རྟེན་ཏེ། དོན་དམ་ནི་ནང་གི་འཛིན་པའི་སྟེང་དུ་བཞག་ན་ཤེས་པ་ཕྲ་བ་དེ་ལ་འདོད་དགོས་སེམས། འོ་ན་ཤེས་པ་ཕྲ་བ་མ་ཡིན་པའི་ཤེས་པ་བོན་ཅན། དོན་དམ་དུ་མི་འདོད་པ་ཐལ་ཞེ་ན་འདོད་དོ། དེ་འདོད་དགོས་པ་ཐལ་ཁྱོད་ཀྱིས་དོན་དམ་པ་དེ་ནང་གི་ཤེས་པའི་སྟེང་དུ་འཇོག་པའི་ཕྱིར་ན། མ་ཁྱབ་སྟེ། དོམ་དམ་དེ་འཇོག་སའི་གཞི་ནང་གི་ཤེས་པ་དེ་བྱས་ཀྱང་། ཤེས་པ་ཡིན་ན་དོན་དམ་དུ་ཁས་བླང་པ་མ་ཡིན་ནོ།།
༧ གསུམ་པ་ཐུགས་རྗེ་སེམས་དཔས་ཕྱི་ནང་གཉིས་ཀའི་སྟེང་དུ་ཐེག་པ་འོག་མ་གཉིས་ཀྱིས་འཇོག་ཚུལ་ལྟར་དུ་དོན་དམ་དུ་མི་འདོད་པར་ཀུན་རྗོབ་ཏུ་འདོད་དགོས་པར་སེམས། གོང་གི་བཀའ་ལུང་རྣམས་ཀྱི་རྒྱུ་མཚན་ལ་བརྟེན་ཏེ། རྣམ་རྩོད་སྡེ་གཉིས་ཀྱིས་ཕྱི་ནང་གཉིས་ཀའི་སྟེང་དུ་དོན་དམ་དང་ཆ་མེད་འདོད་པའི་རྒྱུ་མཚན་གྱིས་བོན་གྱི་བདག་མེད་མ་རྟོགས་པར་འཇོག་དགོས་སྙམ། སྐབས་དང་པོའི་རྣམ་བཤད་ལས། ལྟ་སྤྱོད་ཡང་དག་འདེགས་བྱེད་ཀྱི་བློ་སྟོབས་དང་། གང་ཟག་བདག་མེད་རྟོགས་ཤིང་བོན་གྱི་བདག་མེད་མ་རྟོགས་པའི་གཞི་མཐུན་པ་དེ། རྣམ་རྩོད་ཀྱི་ཐེག་པའི་མཚན་ཉིད། ཅེས་གསུངས་པའི་ཕྱིར། །རང་རྟོགས་པས་ཕྱི་ཡི་ཡུལ་ལ་དོན་དམ་དང་ཆ་མེད་མི་འདོད་པའི་རྒྱུ་མཚན་གྱིས་གཟུང་བ་བོན་གྱི་བདག་མེད་རྟོགས་པ་དང་། ནང་འཛིན་པའི་སྟེང་དུ་དོན་དམ་དང་ཆ་མེད་འདོད་པའི་རྒྱུ་མཚན་གྱིས་འཛིན་པ་བོན་གྱི་བདག་མེད་མ་རྟོགས་ཞེས་བཤད་དགོས་སེམས། ཁྱོད་ཀྱིས་འཛིན་པ་བོན་གྱི་བདག་མེད་མ་རྟོགས་ཏེ། སྐབས་དང་པོ་ལས། ལྟ་སྤྱོད་ཡང་དག་ལ་འདེགས་བྱེད་ཀྱི་བློ་སྟོབས་དང་། གཟུང་བ་བོན་གྱི་བདག་མེད་རྟོགས་ཤིང་འཛིན་པ་བོན་གྱི་བདག་མེད་མ་རྟོགས་པའི་གཞི་མཐུན་པ་དེ་རང་རྟོགས་གཤེན་རབ་ཀྱི་ཐེག་པའི་མཚན་ཉིད། ཅེས་གསུངས་པའི་ཕྱིར། །ཐུགས་རྗེ་སེམས་དཔས་ཕྱི་ནང་གཉིས་ཀའི་སྟེང་དུ་འོག་མས་བཞག་པའི་དོན་དམ་དང་ཆ་མེད་མི་འདོད་པ་དང་། གཞི་ལ་སྦྱར་ན་ཁོ་ཡིས་མིག་ཤེས་ཀྱིས་གཟུགས་འཛིན་པའི་ཚེ་ན་གཟུགས་དེ་རང་འཛིན་ཤེས་པ་ལ་རགས་མ་ལས་པའི་རང་ངོས་ནས་གྲུབ་པའི་སྟོང་པ་དང་། ནང་ཤེས་པ་ཡང་རང་འཛིན་ཤེས་པ་ལ་རགས་མ་ལས་པའི་རང་ངོས་ནས་གྲུབ་པའི་སྟོང་པ་འདོད་པའི་རྒྱུ་མཚན་གྱིས་གཟུང་འཛིན་གཉིས་སྟོང་ཞེས་ཐ་སྙད་འདོགས་དགོས་པ་དང་། དེ་གཉིས་ཀས་སྟོང་པའི་སྟོང་ཆ་རྟོགས་པའི་རྒྱུ་མཚན་གྱིས་གཟུང་འཛིན་གཉིས་སྟོང་གི་སྟོང་ཉིད་རྟོགས་ཞེས་ཁས་ལེན་དགོས་པར་སེམས་སོ། །སྐབས་དང་པོའི་རྣམ་བཤད་ལས། མཚན་ཉིད་ཀྱི་ཐེག་པ་ཆེན་པོའི་ལྟ་སྤྱོད་ལ་འདེགས་བྱེད་ཀྱི་བློ་སྟོབས་དང་། གཟུང་འཛིན་གཉིས་མེད་ཀྱི་སེམས་དོན་དམ་དུ་འདོད་པའི་གཞི་མཐུན་པ་དེ་ཐུགས་རྗེ་སེམས་དཔའི་མཚན་ཉིད། ཅེས་གསུངས་སོ།།
མ་རིག་འཁྲུལ་བློས་ལྷད་པའི་དཔྱད་བརྗོད་འདི།།
མ་རྟོགས་བཀའ་གཞུང་དོན་ལོག་འགྲེལ་བའི་རིགས།།
མ་མཆོག་སྲིད་གསུམ་རྒྱལ་མོའི་སྤྱན་ལམ་དང་།།
མ་ལུས་ཀུན་མཁྱེན་རྣམས་ཀྱི་དྲུང་དེར་བཤགས།།
- ཟིན་ཐོ་གོང་མ།དབྱར་ས་སྤུ་ཐོག་ཁ།
- ཟིན་ཐོ་འོག་མ།ཨ་མ་དྲན་པའི་མིག་ཆུ།།