ཁྱེད་ཚ་ཞང་རྣམ་གཉིས་ཕེབས་དོན་དེ་ཅི་ཞིག།
སྤུ་ཟེའི་དར་རྒོད།
བོན་ཐེག་དགུའི་སྙིང་ཐིག་གཞན་ཕན་གྱི་སྙིང་རྗེ། །
སྟོབས་ཡོངས་སུ་གྲུབ་པའི་ཁྱུང་ཡུལ་གྱི་གྲུབ་རིགས། །
དཔལ་མེ་སྟོན་རྒྱལ་བའི་གདམས་དོན་གྱི་རྒྱལ་ཚབ། །
ཁྱེད་ཚ་ཞང་རྣམ་གཉིས་ཚད་ཐུབ་ཀྱི་སྐྱབས་གནས། །
དུས་ངེས་མེད་རིག་གསར་གཉན་འཕྲང་དང་འཕྲད་ཀྱང་། །
ཐུགས་གཡོ་མེད་དམ་བཅས་བསྟན་སྲོག་ལ་དགོངས་ཏེ། །
ཁྲིམས་རྨ་མེད་འཛིན་པའི་དྲང་སྲོང་གི་དྲང་སྲོང་། །
ཁྱེད་ཚ་ཞང་རྣམ་གཉིས་ཚད་ཐུབ་ཀྱི་བཙུན་པ། །
སྐུ་སྒམ་པོས་མཆོད་སྦྱིན་རྫས་བསགས་ལ་བརྩོན་པ། །
གསུང་ཟབ་མོས་ཆོ་གའི་སྔགས་ཕྲེང་ལ་བསྙེན་པ། །
ཐུགས་བརྟན་པོས་བསྐྱེད་སྒོམ་འཕྲོ་འདུ་ལ་བཞོལ་བ། །
ཁྱེད་ཚ་ཞང་རྣམ་གཉིས་ཚད་ཐུབ་ཀྱི་སྔགས་པ། །
གཤིས་སྟོང་ཆེན་ཡིན་ལུགས་མངོན་སུམ་གྱིས་གཞལ་བ། །
རྩལ་སྣང་སྲིད་གཡོ་འཕྲུལ་ཇི་བཞིན་གྱི་བཀོད་པ། །
ཐུགས་ཉམས་ལེན་འགྲུབ་པའི་རྒྱན་མཆོག་ཏུ་བཞེས་པ། །
ཁྱེད་ཚ་ཞང་རྣམ་གཉིས་ཚད་ཐུབ་ཀྱི་རྫོགས་ཆེན། །
མཐོ་ངོ་བསྟོད་བྱེད་པའི་གཏམ་བཤད་ཀྱང་མ་རིག །
དམན་བྱམས་བརྩེས་བོར་བའི་ཚུགས་ཀ་ཞིག་མ་མཐོང་། །
བར་ཁ་ཁོག་འཛོལ་བའི་མཛད་པ་ཞིག་མ་མཇལ། །
ཁྱེད་ཚ་ཞང་རྣམ་གཉིས་ཚད་ཐུབ་ཀྱི་སྐྱེས་བུ། །
ཕྱི་གསས་ཁང་གསར་པའི་རྨིང་གཞི་རེ་བཏིང་ནས་། །
ནང་བཤད་སྒྲུབ་བསྟན་པ་ཐུགས་དམ་དུ་བཞེས་སྐབས། །
དུས་གློ་བུར་མཐའ་དག་ཞེན་མེད་དུ་བསྐྱུར་ནས། །
ཁྱེད་ཚ་ཞང་རྣམ་གཉིས་ཕེབས་དགོས་དེ་ཅི་ཞིག །
སྡུག་སང་མེད་མུན་པ་དགུ་འཁྲིགས་ཀྱི་གླིང་འདིར། །
མགོན་ལྷ་མེད་ཉམས་ངའི་དྭ་ཕྲུག་གི་ཚོགས་པས། །
ཡིད་སླད་མེད་གསོལ་སྨོན་གདུང་ཤུགས་ཀྱིས་གྱེར་བཞིན། །
ཁྱེད་ཚ་ཞང་ཉི་ཟླའི་ཡང་སྤྲུལ་ལ་བསྒུག་ཡོད། །
དུས་ངན་དགུ་མངོན་པའི་མཚན་རྟགས་ཤིག་མིན་ན། །
སྐུའི་དཀྱིལ་འཁོར་བཤིག་པའི་འཕྲིན་ལས་དེ་སྔ་ཕྱིར། །
འཁོར་དད་བརྒྱའི་སྐྱོ་བའི་རེ་སྨོན་ལ་གཞིག་སྟེ། །
ཁྱེད་ཚ་ཞང་རྣམ་གཉིས་མི་འགྱང་བར་ཕེབས་ཤོག། །།
ཅེས་འདི་རིགས་ཀྱིས་ཚ་ཞང་གྱུར་པའི་ཁྱུང་ཁོག་བསྟན་བདག་རྣམ་གཉིས་ལོ་འདིར་ལྷན་དུ་བཞུད་པ་ལ་ཡིད་སྐྱོ་བཞིན་རེ་འབོད་དུ་ཉེ་གནས་པ་ཤོ་ཁྲི་རྒྱལ་ནས་བྲིས།།
- ཟིན་ཐོ་གོང་མ།གངས་ཕྲུག་ཁྱེད་ཀྱིས་ཨེ་ཤེས།།
- ཟིན་ཐོ་འོག་མ།སྲིད་པའི་སྒྲོན་མེ་གཟིམས་པའི་རྗེས་དྲན།