མཐོང་སྨོན་གྱི་དབྱར་ས་སྤུ་ཐོག་ཁ།
དེ་ཡང་མདོ་གམ་སུམ་པ་གླང་གི་སྙིང་པོར་ཆགས་པ། ཁྱུང་པོ་དཀར་ནག་སེར་གསུམ་ཞེས་
ཡོངས་སུ་གྲགས་པའི་གནས་ཀྱི་ཡང་རྩེ་མཐོང་ཐོས་ཡིད་ཀྱི་ཆགས་སེམས་འདྲེན་པའི་བྱང་གྲུ་སྤུ་ཐོག་ཁ་ཡི་མཛེས་ལྗོངས་འདི་ཉིད་ནི། ཁྱུང་དབུས་བླ་མ་ཤེས་རབ་རྒྱལ་མཚན་གྱི་སྐུ་མཆེད་
ཁྱུང་དཀར་ཨ་བླའི་རྒྱལ་གཞིས་དཔལ་གྱི་སྟེང་ཆེན་ཞེས་བྱ་བ་ནས་བྱང་ཆུ་ཐུར་དུ་བབ་པའི་འཁོར་ལམ་ལས་གཞལ་བའི་སྤྱི་ལེ་སུམ་ཅུ་ཙམ་གྱི་ཡང་སྟེང་སྤུ་ཟེ་ཟལ་མོའི་སྒང་སྟོད་དུ་
སྐབས་གསུམ་འཛིན་མའི་དཔལ་ལྟར་ཆགས་ཡོད་ལ། གནས་འདི་རུ། མཐའ་ན་གངས་རྫ་
སྤང་གསུམ་གྱིས་རི་བོས་མུ་ཁྱུད་དུ་སྦྲེལ་ཞིང་།དཀྱིལ་དུ་ནར་སྤང་མཚོ་གསུམ་གྱིས་མཛེས་པ་གཟི་འོད་དུ་འཚེར་ལ། ད་དུང་དེ་རུ་འཛོམས་པའི་གཅན་སྤྱང་དང་རི་སྐྱེས། འདབ་ལྡན་དང་
དཀོར་ནོར། གཞན་ཡང་འགྲོ་བ་གསོ་བའི་དབྱར་རྩྭ་དང་སྨན་རྫས། སྤྱན་ལ་བཏབ་པའི་མེ་
ཏོག་དང་རྩི་འབྲས། བྱིན་རླབས་འཁྱིལ་བའི་བླ་རི་དང་བླ་མཚོ་སོགས་ཟླ་དང་བྲལ་བའི་
དཔལ་གྱིས་འཛམ་གླིང་འཛིན་མའི་རྒྱན་དུ་ལྷམ་སྟེ་ལྗོངས་རྒྱུ་བ་དག་ལ་འབོད་བརྡའི་གཡབ་མོ་བགྱི་བཞིན་ཡིན། གནས་འདི་ཡི་རྒྱ་ཁྱོན་ཡང་སྤུ་ཐོག་ལུང་དྲུག་ཞེས་རྒན་གཞོན་ཀུན་
གྱི་ངག་ན་གཏན་དུ་བཀྲ་བའི་ལུང་དྲུག་ནི། སྟོད་ན་ལུང་རིང་ལུང་ཐུང་། དེ་ལ་འབྱར་བའི་
མཚོ་མོ་ཆེ་ཆུང་།༿ཇོ་གཞུང་དེའི་གྲས་སུ་ཐེ༾ཉིན་གྱི་ཞོ་ལུང་འོ་ལུང་། དེ་ལ་འབྱར་བའི་བེའུ་རྫི་
བཅོ་བརྒྱད། སྲིབ་ཀྱི་ལུང་དཀར་ལུང་དམར། དེ་ལ་འབྱར་བའི་སྐྱ་ཡུ་བཅོ་བརྒྱད། ཅེས་སྔར་དཀར་རུ་རྣམ་པ་ཚང་གི་ས་སྡེ་ལུང་གསུམ་གྱི་ལོ་རྒྱུས་ཡིག་ཚང་དུ་འཁོད་ཡོད་པའི་གཏན་ཚིག་ཡིན་ཞེས་རྒན་རབས་དག་གི་ངག་ལས་ཐོས་པས་རྟོགས་སོ། དེ་ལྟར་མཛེས་གྲུ་འདི་ཡི་དཔལ་གྱི་ཆ་ཤས་ཙམ་་ཚིགས་སུ་བཅད་པའི་གཏམ་གྱིས་འདུ་བྱེད་པ་ལ།
༧ ཀུན་བཟང་རིགས་ཀྱི་སྣང་བ་དཀར་པོ་ཞང་ཞུང་མཐིལ་ནས་འཁྱུགས་དང་ལྷན། ཉག་ཐག་ཕྲ་མོའི་འོད་ལམ་ཀློང་ནས་དཀར་ནག་སེར་པོའི་ཁྱུང་ཚང་གྲུབ། དེ་ཡི་ལེ་ལག་ཕྱོགས་གྲུར་བརྐྱང་བའི་གྲུབ་ཆ་ཡོངས་རྫོགས་རྔུལ་རྫ་སྒང་། ཁྱུང་པོ་ཁོག་ཅེས་སྙན་པ་རིང་མོ་གོ་ལ་ཟླུམ་པོའི་རྩེ་ན་འཕྱོ། གང་དེའི་མངའ་རིས་བླ་ན་འཕགས་པའི་སྤུ་ཐོག་ཁ་ཡི་མཛེས་པ་ཉིད། ཚ་ཟེར་ཅན་ཡང་བརླན་དུ་བགོ་བའི་ས་འཛིན་གངས་བཟང་མཐོངས་ན་ཟུག གནམ་མཚོ་གཡུ་མཚོ་དམན་ལ་གཞོལ་བའི་དྭངས་བསིལ་མཚོ་གཉིས་སྤྱན་ལྟར་བཀྲ། སྐབས་གསུམ་ཚལ་གྱི་ཟླ་རུ་བསྙེགས་པའི་ན་མར་སྤང་རྩི་ཡིད་ལ་ཆགས། ལྷ་དང་དམ་པའི་ཞལ་ལུང་དམར་པོ་དིང་འདིར་གསོན་པའི་དཔལ་ལས་སུ། ཞང་ཞུང་སྟོད་ཀྱི་བྱ་ཁྱུང་རྒྱལ་པོས་མ་ཕམ་ཆུ་བོ་འགྲམ་པར་འཆང་། གཤོག་དྲུག་གྲུ་ཡིས་མཁའ་ལམ་གཤག་སྟེ་དཀར་སེར་ཁྱུང་གི་རུ་མཚམས་རྟོལ། ས་འཛིན་འཕྲག་ན་ཞབས་སྐྱེས་བཀོད་པས་མ་ཐེག་རི་བོ་ཕྱོགས་སུ་ཉིལ། ཁྱུང་ཉིལ་ལ་ཞེས་མིང་གི་བླ་དྭགས་འཇིག་རྟེན་ཁ་རུ་ཚད་མས་གྲུབ། སླར་ཡང་འདབ་གཤོག་དགུང་ན་ཕྱོགས་ཏེ་བརྗིད་ལྡན་སྤེ་ནེ་རི་བོའི་རྩེར། ཞབས་ཟུང་རེག་པས་གཟི་བྱིན་མ་ནོན་ས་འཛིན་རྩེ་མོ་ཐང་དུ་དུད། དེ་ནས་བྱང་གྲུ་སྤུ་ཐོག་ཞིང་གི་རི་ཟླུམ་ཕ་བོང་དཀར་ཆུང་ཅན། པ་ཏ་སྤོ་ལོའི་དབུ་ཐོག་འགྱིང་ཡང་གཡོ་འགུལ་བྲལ་བར་རབ་བཏེགས་ཕྱིར། འདབ་ལྡན་རྒྱལ་པོའི་ཐུགས་མཛོད་ཀློང་དུ་དགོངས་རྟོག་གཅིག་གི་འགྱུ་བག་ཁྲོད། རི་ཆེན་ཟུང་གིས་གཉའ་བར་མ་ཐེག་རི་ཕྲན་འདི་ལྟས་བཏེགས་པ་འཚར། བསམ་བཞིན་དགྱེས་ཞལ་འཛུམ་པ་འཆོར་བས་འགྲམ་པར་འཆང་བའི་མ་ཕམ་ཆབ། གཡས་གཡོན་ཞལ་ལས་བཞུར་བའི་མཐུ་ཡིས་བླ་མཚོ་རྣམ་གཉིས་ཡུན་གྱིས་འཁྱིལ། མདངས་མཛེས་ནམ་མཁའི་དཔལ་ལ་འཁུ་བའི་གཟི་བྱིན་འོད་རིས་ཁྲོམ་ཁྲོམ་གཡོ། མཚོ་གནས་རྟ་གླང་གཡང་དཀར་དང་ནི་ཆུ་སྲིན་ཉ་སྲམ་སྣ་བརྒྱ་འཕྱོ། འདབ་ལྡན་ཁྲུང་ཁྲུང་མགུལ་རིང་དང་ནི་ངང་ངུར་དཀར་སེར་རིགས་ཀྱིས་སྤུད། མཚམས་རེར་རླབས་ཕྲེང་ལྦུ་དཀར་འདྲེན་ཞིང་ལན་རེར་ལྷིང་འཇགས་ཞིང་ཁམས་གནས། ཇོ་ཆུ་དུ་ཆུའི་གྲུ་ཁུག་སྟོང་གིས་གོམས་འགྲོས་སྣེ་མོ་ཁྱོད་ལ་གཏད། དྭངས་བསིལ་ལི་མའི་ཆུ་ཕྲན་ཚོགས་དང་ལྡིང་ཀ་ཡོད་ཚད་ཁྱོད་ཀྱིས་བསྡུས། དེས་ཕྱིར་སྲིད་པ་གསོ་བའི་རྩི་དང་འདོད་འབྱུང་ནོར་གྱི་གཏེར་ཁའང་ཁྱོད། དལ་གྱིས་རྒྱུ་བའི་མཚོ་རྔ་གཉིས་པོ་ལྷན་དུ་སྦྲེལ་བས་དུང་སེམས་མཚོན། ཡངས་པའི་འཚེར་ས་གཤིན་པོའི་དཀྱིལ་དུ་སྦྲ་ནག་སྟོང་གི་ཁྱིམ་གཞིས་སྤུངས། རི་ལུང་ཕུ་མདའི་རྩ་རྐང་འཇིབས་པའི་ནོར་ལུག་ཕྱུགས་ཁྱུའི་ཤོག་ཁ་རྒོད། དགོངས་ཟེ་བྱ་རའི་གསང་ལྟ་ཉུལ་བའི་ན་ཆུང་རྫི་བོའི་རྩེད་གླུ་མང་། མ་ཏྲིའི་བོན་དབྱངས་སྒྲ་དང་འདྲེས་པའི་འོ་གཡུག་འཕྲུལ་གྱི་ཤག་སྒྲ་མཐོ། ཁྱད་པར་སེང་གེ་དུང་དཀར་ཕུག་ན་དབྲ་བཙུན་བློ་ལྡན་སྙིང་པོ་ཡིས། སྒོམ་སྒྲུབ་བསྟན་པའི་གནས་ས་མཛད་ཅིང་རྒྱ་མཚོ་ལེའུ་གསུམ་གཏན་ལ་ཕབས། སྤུ་ཟེ་མཚོ་ཆེན་རི་དམར་ལས་སོགས་རི་མཚོ་ཟུང་ལྡན་བཅུ་གསུམ་ཉིད། དམ་ཅན་རྒྱ་མཚོའི་བླ་རི་བླ་མཚོ་བྱིན་གྱིས་བརླབས་པའི་མཇལ་ཁ་ཡོད། མིག་ཐག་གསུམ་གྱི་ཇོ་གཞུང་ལུང་མདར་རླབས་ཀྱིས་མཛེས་པའི་མཚོ་ཆུང་ངོགས། ཐུན་མིན་འོད་ཀྱི་དགོན་དང་རྟེན་སོགས་རྔ་གཤང་གླིང་བུའི་འཆར་སྣང་ཟབ། དབྲ་སྤྲུལ་རྒྱལ་བའི་འཕྲིན་ལས་ཤུགས་ཀྱིས་རྒྱལ་ཡུམ་བྱམས་མའི་རྟེན་སྐལ་བཞེས། གང་གི་བླ་མཚོར་བྱིན་གྱིས་རླབས་ཏེ་དགའ་སྟོན་དཔྱིད་ཀྱི་དཔལ་མོ་འཛུམ། དེང་རབས་ཚན་འཕྲུལ་ན་དར་སྤྱོད་པས་གྷ་འགག་འཕྲང་རིང་ཧར་གྱིས་ཕྱེས། སྣུམ་འཁོར་སྣ་མང་བདེ་བར་བགྲོད་པས་སྔར་སྲོལ་སྐྱོང་བའི་དྲན་པ་གསོས། དཀར་གསུམ་དབྱར་གྱི་ལང་ཚོའི་རྒྱན་དུ་སྤུ་ཐོག་བླ་མཚོའི་དགའ་སྟོན་བཏགས། ཡི་དམ་ལྷ་ཡི་སྒྲུབ་ཞལ་ཕྱེས་ཤིང་རྩེད་རིགས་སྣ་བརྒྱའི་སྒྱུ་རྩལ་ངོམས། རྫོགས་ལྡན་དགེ་བའི་གྲུ་ཆར་སྣུམ་པོས་དད་དམ་སེམས་ཀྱི་ལྗང་སྨྱུག་འབུས། དགའ་སྟོན་སྲིད་པའི་ཕུན་ཚོགས་དཔལ་གྱིས་འཇིག་རྟེན་འཚོ་བའི་དོན་སྒོ་བླངས། མཐོང་ཡངས་ལྗོངས་ཀྱི་མཛེས་པ་ཁོ་ན་གོ་ལའི་ཁྱོན་དུ་དཀོན་ནོ་ཞེས། ཁེངས་བའི་གཏམ་གྱི་ངར་སྒྲ་སྣ་ཚོགས་མཐའ་ནས་མཐའ་རུ་གྲགས་པ་འབར། ཁྱོད་ཀྱི་ལང་ཚོ་ཇི་སྲིད་བར་གནས་རླབས་མཚོའི་དགའ་སྟོན་དེ་སྲིད་དུ། རྟག་བརྟན་སེམས་ཀྱི་སྨོན་པ་འགྲུབ་ནས་སྡུག་དང་གུད་པའི་འཚོ་བ་དག མི་གནས་དབྱིངས་སུ་ཞི་བར་ཐིམ་སྟེ་ཁམས་འདིའི་སྲོག་ལྡན་འགྲོ་བ་ཀུན། བདེ་སྐྱིད་བོན་གྱི་འབྱོར་བ་ཐམས་ཅད་བསྐལ་པར་བརྟན་པའི་བཀྲ་ཤིས་ཤོག།
༢༠༡༠.༦.༢༩.སྤུ་ཐོག་རླབས་མཚོའི་དགའ་སྟོན་སྟེང་བསྐྱོད་ཁར་ཤོ་བཙུན་ཁྲི་གཙུག་རྒྱལ་པོ་ནས་འཇུག་བསྡུས།
- ཟིན་ཐོ་གོང་མ།སེམས་པ།
- ཟིན་ཐོ་འོག་མ།དཔྱད་བརྗོད་རིག་པའི་གསང་ལམ། །
ཨ་སར་ཆི་མེད་ག་ལེར་ཡིན་གདའ།