ཀ་རྩོམ།
ཀ་ལི་སུམ་ཅུ་ཐམ་པ་དེ།།
ཁ་ཕྱོགས་ཆོས་རང་གཏད་པ་མིན།།
ག་ཆད་ཐང་གི་འཇིག་རྟེན་ན།།
ང་རང་འཚོ་བའི་བདག་པོ་ཡིན་།།
ཅ་ཀ་སྲོག་གི་རྩ་བ་དེ།།
ཆ་ཚང་ཆོས་ལ་གཏོང་རྒྱུ་མིན།།
ཇ་མ་འཚོལ་བའི་བདག་པོ་དེ།།
ཉ་ཉོའི་སྐོམ་པ་སེལ་སླད་ཡིན།།
ཏ་ལེར་བྲིས་པའི་ཡི་གེའི་ཚོགས།།
ཐ་དག་སེམས་པ་འདུལ་བྱེད་མིན།།
ད་ལྟ་སྒྲུབ་པའི་འཁོར་བ་པའི།།
ན་ཟུག་ཕྱི་རུ་བཏོན་པ་ཡིན།།
པ་སངས་ལང་ཚོ་རྒྱས་པའི་བུ།།
ཕ་ལམ་ཆོས་རང་འཇུག་དོན་མེད།།
བ་གམ་ཅན་གྱི་ཁང་བཟང་ན།།
མ་བུའི་བརྩེ་བ་སྐྱོངས་སླད་ཡིན།།
ཙ་རིའི་ཞིང་གི་འཕྲང་ཆེན་དེ།།
ཚ་གྲང་དམྱལ་བའི་ལམ་རང་མིན།།
ཛ་དྲག་ཅན་གྱི་རྐང་གཉིས་མིའི།།
ཝ་ལེར་འཕྲད་པའི་དོན་དག་ཡིན།།
ཞྭ་ཆེན་མཁས་པའི་གསུངས་སྐད་དེ།།
ཟ་ཟིའི་གདོན་འཇོམས་གཅོད་རང་མིན།།
འ་འུར་ལ་ཞེན་ཆགས་སྡང་ཅན།།
ཡ་མེད་དཔའ་བོའི་ངར་སྐད་ཡིན།།
ར་རྒན་ཚེ་ཐར་གཏོང་རྒྱུ་དེ།།
ལ་རྒན་གཅིག་པུའི་ཆེད་དུ་མིན།།
ཤ་ཁྲག་ཁུར་བའི་འཇིག་རྟེན་པའི།།
ས་སྟེང་མཉམ་དུ་འཚོ་དོན་ཡིན།།
ཧ་ལམ་བཤད་ཚད་ཆོས་བཤད་མིན།།
ཨ་རོག་འཚོ་བའི་འཚོ་གཏམ་ཡིན།།