༄༅།། ཁྱུང་པོའི་རི་བོ་རྩེ་དྲུག།།\
གཤེན་གྱི་ཞབས་ཀྱིས་བཅགས་པའི་གངས་ཅན་ལྗོངས།།
ལྷག་ཏུ་འདུལ་དྲུག་ཚུལ་དུ་བྱིན་རླབས་པའི།།
རྔུལ་རྫ་སྒང་གི་སུམ་གླང་གྱིམ་ཤོད་གནས།།
ཁྱུང་པོའི་རི་བོ་རྩེ་དྲུག་མངོན་པར་འཕགས།།
བརྗིད་ལྡན་བྱ་རུ་རྒྱལ་པོ་བཅོ་བརྒྱད་ཀྱིས།།
བོན་སྲིད་རུ་དར་དགུང་དུ་བསྒྲེངས་པའི་དུས།།
གསེར་ཕུར་གྲུ་གསུམ་རྣི་རེར་གདབ་པ་ལ།།
རྣི་གཅིག་ཏུ་ནི་སུམ་གླིང་གྱིམ་ཤོད་གནས།།
གང་གི་སེམས་དཔའ་འོ་མའི་རྒྱ་མཚོ་ལས།།
རྨད་བྱུང་འདོད་པ་འབྱུང་བའི་ནོར་བུ་སྟེ།།
རིག་པ་འཛིན་པའི་སྐྱེས་ཆེན་བརྒྱད་ཅུའི།།
སྒྲུབ་པའི་གནས་ཏེ་ཤེལ་ལེ་རྒྱ་སྐར་རྩེ།།
འཛམ་གླིང་གནས་ཆེན་བརྒྱ་དང་རྩ་བརྒྱད་དང་།།
གནས་ཆུང་བརྩི་ལ་གྲངས་ཀ་མེད་པའི་དབུས།།
ཆེ་བརྗིད་དཔལ་གྱིས་འགྱིང་བའི་རྩེ་དྲུག་རིས།།
གང་འཇལ་ཐར་ལམ་བགྲོད་པའི་བྱིན་ཆེན་ཕོབས།།