༄༅།། གསེར་མདོའི་གཡས་གཡོན་ནས་འབབ་པའི་ཆུ་བོ་གཉིས།།
གསེར་ལས་གྲུབ་པའི་རིན་ཆེན་རི་བོ་ལ།།
གཡུ་ཡི་གོས་ཆེན་བཀླུབས་པའི་ལུང་པ་མདོར།།
གནས་པའི་རྒན་དང་བྱིས་པ་དར་མ་ལ།།
ཆུ་བོ་གཉིས་ཀྱིས་མཚོན་པར་བྱེད་པའོ།།
གཡས་ན་འབབ་པའི་ག་ཆུ་སྔོ་མོ་ཡི།།
འབབ་སྒྲ་རྣ་ལ་སྙན་ཞིང་འཇེབས་པ་འདིས།།
སྐྱེས་བུའི་ཚོགས་རྣམས་ཡིད་དང་རབ་འབྱེད་པའི།།
ཡུལ་འདིའི་མཛེས་མའི་ཁ་ལག་འཇམ་པའི་རྟགས།།
གཡང་གཟར་བྲག་རི་གཏམས་པའི་ར་བ་ནས།།
ཆུ་ཞེང་ཆེན་པོར་འབབ་པའི་ངང་ཚུལ་ལས།།
འཇིག་རྟེན་ཆོས་ལ་ཁོ་ཐག་རབ་ཆོད་པའི།།
ཡུལ་འདིའི་རྒན་རྒོན་ཁོག་རྒྱ་ཡངས་པའི་རྟགས།།
གཡོན་ན་བཞུར་བའི་རི་ཆུ་སྔོ་མོ་ཡི།།
བཞུར་སྒྲ་གསལ་ལ་དྲག་པོའི་ཉམས་ལྡན་པས།།
ངག་འཇམ་སྒྱུ་མའི་ཚིག་ཚོགས་འགྲོ་མིན་པའི།།
ཡུལ་འདིའི་ཕོ་ཡི་རང་ཚུགས་ཟིན་པའི་རྟགས།།
མུ་མེད་ཐང་ཆེན་གཏམས་པའི་ར་བ་ནས།།
ཆུ་ཞེང་ཆུང་དུ་འབབ་པའི་ངང་ཚུལ་ལས།།
ཕྱོགས་བཅུའི་རིག་གནས་ཐོས་བསམ་བྱེད་པ་ཡི།།
ཡུལ་འདིའི་བྱིས་པར་ལེ་ལོ་མེད་པའི་རྟགས།།