གངས་ལྗོངས་དང་བདག་གི་སེམས་པ།
གསེར་རིའི་ཕྲེང་ལྟར་ལོ་པཎ་བྱེ་བས་ཞབས་ཟུང་རི་མོའི་རྒྱས་བཏབ་པའི། །
ཁོར་ཡུག་གངས་ཀྱི་ས་འཛིན་དཀར་པོ་བར་མེད་དཀྲིགས་པའི་བསིལ་ལྡན་ལྗོངས། །
ལུགས་གཉིས་ཆོ་ག་ལུས་ཅན་ཡོངས་ཀྱི་དཔྱིད་དུ་འཇོ་བའི་སྒེག་པ་མོ། །
སྐྱེ་བའི་རབས་ཀུན་ཁྱེད་ཉིད་གཅིག་པུ་དལ་རྟེན་བརྒྱུད་པའི་ཞིང་དུ་འདོད།།
དྲོད་འཇམ་འོད་ཀྱི་སྣང་བ་ཕྱོགས་ཀྱི་འཁོར་ལོའི་ཁྱོན་ལ་བདལ་པ་ཡུས།།
སྣ་མང་དལ་འགྲོ་ཆབ་རོམ་གོས་ཀྱི་ཀློང་ལས་གྲོལ་བའི་དབུགས་དབྱུང་ཞིང་།།
སྐྱེ་དངོས་ཁྲག་ཁྲིག་ལ་ནི་རང་འཚོའི་སྲོག་གི་ཟུང་བཅུད་ལེགས་བསྩལ་པའི།།
བདེ་བྱེད་དུས་ཀྱི་རང་ཞལ་ངོམ་པས་ཡིད་ཀྱི་ཕོ་ཉ་དགའ་བས་མྱོང་།།
ཀུན་གསལ་མཛེས་མའི་སྟོང་དབྱིངས་ཁམས་ན་ཆུ་འཛིན་འཁྲིགས་པའི་ལྡིང་ཁང་ནས།།
སྒྲ་བརྒྱ་དལ་གྱིས་ལྡིར་ཞིང་སྦྲང་ཆར་བསིལ་མ་ལྷོད་ཀྱིས་ཟགས་པ་ཡིས།།
གསེར་ལྡན་སྒེག་མོའི་སྔོ་ལྗང་བཞིན་ལ་སྣ་མང་རྐང་འཐུང་ཅིར་ཡང་བཞད།།
ཆར་ལྡན་དུས་ཀྱི་འགྱུར་ཁུགས་རེ་ལ་དགའ་བ་སྟོང་གི་འགྱུ་བ་རེ།།
མུ་འབྲེལ་རྣང་མའི་འབྲུ་རིགས་སྣ་སྔ་འབྲས་བུའི་ཁུར་གྱིས་མགོ་བོ་དུད།།
སྣ་ཚོགས་ལྗོན་པའི་ལོ་འདབ་དག་ནི་སྐྱི་བསེར་རླུང་གིས་མཁའ་རུ་སྤུར་།།
ཐང་སྨུག་སྦྲ་ཆུང་དཀར་གསུམ་ཟས་ཀྱིས་བྱུར་བུར་གཏམས་པའི་ཡོ་ལང་རྫོགས།།
འབྲས་ལྡན་དུས་ཀྱི་གསང་བ་རེ་རེར་ཡིད་མཚོ་འཕྱུར་བའི་རྦ་རླབས་རེ།།
དྲི་བཞོན་བུ་མོས་ཐལ་རྡུལ་དང་ནི་མཁའ་དབུགས་རྙིང་བ་མཐའ་རུ་བསྐྲད།།
དྭངས་གཙང་ཆུ་མོས་ཆབ་རོམ་གོས་ཀྱི་སྟོད་གཡོག་དཀར་པོ་ལུས་སུ་གྱོན།།
འདབ་དྲུག་ཁ་བའི་མེ་ཏོག་ནོར་འཛིན་ཕང་བར་ལྷབ་ལྷུབ་དལ་གྱིས་བབས།།
ཁ་བའི་དུས་ཀྱི་རྣམ་པ་རེ་ལ་ཡུད་ཀྱི་ལྕུག་ཕྲན་འདར་བྱེད་རེ།།
དུས་བཞིའི་རང་མདངས་སོ་སོར་གསལ་བས་ནོར་འཛིན་མ་ཡི་བཞིན་རས་ཀྱང་།།
རྣམ་པ་གཅིག་ཏུ་མི་གནས་སྣ་ཚོགས་ཚོན་གྱི་མདོག་ལྟར་འགྱུར་བག་རྒོད།།
དེ་ལྟ་ན་ཡང་བདག་ཡིད་གངས་ཀྱི་ལྷུན་པོའི་ལྷག་བསམ་རང་གཟུགས་ལ།།
འགྱུར་མེད་རྡོ་རྗེའི་གོ་ཁྲབ་གྱོན་ནས་ལྗོངས་འདི་མཚེས་པའི་རྒྱན་དུ་འགྱིང་།།
སྔོན་ཐོན་ཞིང་ན་སྲིད་འབྱོར་་སྟོབས་ཀྱིས་དྲེགས་པའི་སྙན་པ་མཁའ་མཐར་འཕུར།།
ཡིད་ཀྱི་ཁྱེ་འུ་ངོ་མཚར་ཞིང་གི་དཔལ་ལ་རོལ་འདོད་མདུན་དུ་བསྐྱོད།།
གངས་ཀྱི་ས་འཛིན་དུ་མ་འགྱིང་ཞིང་ལག་རྡང་སྦྲེལ་ནས་མདུན་ལམ་བཀག།
རང་ཁྱིམ་རང་གིས་འཛིན་ཞིང་རིགས་ཞེན་ལ་རྒྱ་དགོས་པའི་གསལ་དག་བཏབ།།
ཟླ་བའི་གོ་ལར་རྐང་སྟེགས་འཆའ་བའི་དུས་རབས་གསར་བའི་སྐྱ་རེངས་ཁྲོད།།
རྨོངས་ཡུས་སྟུག་པོར་རིང་དུ་འཁྱམས་པའི་རིགས་གཅིག་སྤུན་ཟླའི་ཐོས་འཛིན་དུ།།
བདག་ཡིད་་ལྷོ་མོན་ཡུལ་ནས་འོངས་པའི་འགྱུར་ཁུགས་སྟོང་ལྡན་ཕོ་ཉ་མོས།།
སྔོན་ཐོན་ཆུ་ལྷའི་ཞིང་གི་ངོ་མཚར་ལྟད་མོ་གསང་མཐོར་སྒྲོག་པར་འདོད།།
རྩྭ་་ལྗང་འདབ་ལོ་གྱེན་དུ་གཟེངས་པའི་མཐར་ཀླས་འབྲོག་ཐང་ཡངས་པའི་གཞིར། །
རྟ་ནོར་ལུག་གི་འདུ་འགོད་ཆུ་འཛིན་འཁྲིགས་པའི་ཟོལ་གྱིས་རྩེ་དགའ་རྒོད།།
གནག་རྫིས་གླུ་ཆུང་གཞས་སུ་འཐེན་པའི་སྙན་འཇེབས་དབྱངས་ཀྱི་ཆ་ཤས་རེར།།
ཡིད་ཀྱི་མཛའ་མོ་དབང་མེད་འགུགས་པའི་རྨད་བྱུང་འགྱུར་ཁུགས་གྲངས་མེད་རེ།།
སྣ་མང་འབྲུ་རིགས་མགོ་ལྕོག་ལྡེམ་སའི་རོང་བའི་གསེར་ཞིང་སེར་པོ་རུ།།
སྣ་ཚོགས་ལོ་ཏོག་བསྐྱེད་ཅིང་བསྲིངས་པས་འབྲས་བུའི་ཁུར་གྱིས་ཡོངས་སུ་དུད།།
མཛངས་མའི་བཞིན་ལ་སྔར་མེད་འཛུམ་བཅས་སྟོན་སྡུད་ལས་ལ་བྲེལ་ཐེངས་རེར།།
སེམས་པའི་གསེང་ན་གཟུགས་སུ་མཆིས་ཚེ་སྣོད་དུ་ཤོང་མིན་ཚོར་བ་རེ།།
བརྗིད་ལྡན་་ཇོ་མོ་གླང་མའི་དབུ་རྩེ་སྤྲིན་དཀར་བླ་རེའི་གོང་ནངའཕགས།།
ཁྲི་ཤོར་མཚོ་མོ་གནས་ས་སྦྲེལ་བའི་དཔལ་གྱིས་ཕྱོགས་བཞིའི་མགྲོན་པོ་འགུགས།།
རྨ་འབྲིའི་ཀྱག་ཀྱོག་ཁུགས་པ་སྟོང་གིས་མེས་པོའི་ལོ་རྒྱུས་རིང་མོ་མཚོན།།
ཆོལ་གསུམ་གཡུ་ཡི་གཞོང་བར་རྫོགས་ལྡན་གཡང་གི་མཚོ་མོ་ཅིར་ཡང་འཁྱིལ།།
ཁ་ཅིག་གངས་ལྗོངས་ཁྱོད་ནི་རྗེས་ལུས་མུན་པའི་སྤྲིན་དཔུང་གཏིབས་པར་སྨྲ།།
འགའ་ཞིག་ཁྱོད་ལ་སྲོལ་རྒྱུན་རིག་པས་མདུན་སྐྱོད་ལམ་བུ་འགོག་པར་སྙམ།།
འོན་ཏེ་བདག་གི་དྲན་འཛིན་ཨ་དར་ཤ་ཡི་སད་རྟོགས་བཞིན་དཔལ་ལ།།
ཁྱོད་ནི་ལས་འབྲས་སྙིང་བོ་གཟུགས་སུ་སྨིན་པའི་ཁྱད་མཚར་སྣང་བརྙན་ཞིག།།
དུས་ཀྱི་སྙིགས་མ་འདི་རུ་ཕྱི་སྣོད་འཇིག་བྱེད་རྟེན་འབྲེལ་ཆོ་ག་སྟེ།།
འཇིགས་ཆེའི་རང་བྱུང་འབྱུང་བཞིའི་འཕོ་འགྱུར་བདེ་ལྡན་སྲོག་གི་གཤེད་མ་རུ།།
ཇི་ལྟ་ཇི་ལྟར་གོ་ལའི་གདགས་སྲིབ་སལ་སུལ་ཡོངས་སུ་དཀྲིགས་ན་ཡང་།།
དེ་ལྟ་དེ་ལྟར་ཁྱོད་ལ་ཆ་ཙམ་མ་གཙེས་འཛིན་མའི་ཏོག་ཏུ་བཞེངས།་
འབུ་སྲིན་ཕྲ་མོར་འདྲེས་པའི་དྭངས་མིན་ཁ་དབུགས་སྲོག་འཚོའི་ཟུངས་བཅུད་དུ།།
རྒྱུན་ལྡན་རོལ་བས་ནད་རིགས་སྣ་བརྒྱ་ཕྱི་ཕྱིར་བདོ་བས་ནང་བཅུད་འགྲོ།།
རིང་མིན་སྟོང་བའི་སྦུབས་སུ་ཚུད་ལ་ཉེན་ཁས་ཀུན་ནས་བཟུང་ན་ཡང་།།
ལྗོངས་འདིའི་འགྲོ་རྣམས་འདུ་བ་སྙོམས་ཤིང་རང་འཚོའི་སྲོག་གི་ཀ་བ་བརྟན།།
ཇི་སྲིད་ས་ཆེན་འདི་ལ་འཇིག་པའི་མཚན་མ་མངོན་པར་མ་གྱུར་བར།།
དེ་སྲིད་ཤ་ཁྲག་ཚོགས་པའི་ལུས་ཀྱི་ཐོ་ཡོར་ཞིག་པར་གྱུར་ན་ཡང་།།
མ་ཡུམ་གངས་ལྗོངས་མཛེས་མར་དུངས་པའི་ཞེན་ཆགས་ལྕི་མོའི་སེམས་པ་འདི།།
འགྱུར་མེད་རྡོ་རྗེའི་བྲག་གི་གཤིས་སུ་གྲུབ་པ་བཅོས་མིན་སྙིང་གི་གཏམ།།
བྱེད་པོའི་རྩོལ་བས་ཡོངས་སུ་བཏང་བའི་རང་བྱུང་ཁོར་ཡུག་མཛེས་པ་མོ།།
གངས་ཅན་ནགས་མའི་ཀློང་ཞེས་ཚང་ཚིང་གཡུ་ལོ་འཁྲིགས་པའི་ནོར་འཛིནབ་མ།།
རྟེན་མེད་རྟེན་དང་ཕྲད་ཅིང་ཐོག་མའི་་ལྟེ་ཁྲག་ཐིགས་པ་འཐོར་བའི་གནས།།
གང་དང་བདག་གི་སེམས་པ་སྦྲེལ་བའི་རང་མདངས་རི་མོའི་གཟུགས་སུ་ཕབ།།
- ཟིན་ཐོ་གོང་མ།ཏུའུ་ལན་ཐུ་བྷོད་བང་སོའི་མཐོང་ཐོས།
- ཟིན་ཐོ་འོག་མ།ཀུན་ཟུང་ལྡན་ཅན་གྱི་ཚིགས་བཅད་འགའ།