སྐྱབས་ཀྱི་མཆོག་གྱུར་དུས་གསུམ་བདེ་བར་གཤེགས། །
ལེགས་པའི་ཡང་ཟབ་འཕྲུལ་ངག་གཡུང་དྲུང་བོན། །
ཅི་མཛད་ཐབས་མཁས་གཡུང་དྲུང་སེམས་དཔའི་སྡེ། །
བྱང་ཆུབ་མ་ཐོབ་བར་དུ་སྐྱབས་ཀྱི་རྒྱན། །
སྙིགས་དུས་བསྟན་དང་འགྲོ་ལ་ལྷག་བསམ་ཅན། །
མཐའ་ཡས་གདུལ་བྱའི་མོས་སྣང་ཇི་བཞིན་དུ། །
མཛད་པའི་འོད་སྟོང་ཕྱོགས་བརྒྱར་རབ་འཕྲོ་བའི། །
རྒྱལ་ཚབ་བསྟན་འཛིན་དབང་རྒྱལ་ཞབས་ལ་འདུད། །
དུས་གསུམ་ཕྱོགས་བཅུའི་རྒྱལ་དང་དེ་སྲས་མཆོག །
མ་ལུས་གཅིག་ཏུ་བསྡུས་པའི་ངོ་བོ་ཅན། །
དེང་འདིར་སྲིད་པའི་ཁམས་ན་ཟླ་མེད་པ། །
ཡོངས་འཛིན་བསྟན་པའི་མངའ་བདག་ཉིད་ལས་ཅི། །
དྲི་བྲལ་འདུལ་ཁྲིམས་ལྷ་ལམ་ཡངས་པའི་ངོས། །
གཡོ་མེད་ཏིང་འཛིན་རྟ་བདུན་དབང་བོ་ལས། །
རྣམ་གསུམ་ཤེས་རབ་འོད་སྟོང་འབར་བ་ཡི། །
ལྷ་མིའི་གཙུག་རྒྱན་གང་དེའི་ཞབས་ལ་བསྟོད།
མཁྱེན་པའི་བློ་གྲོས་ཉིན་བྱེད་དབང་བོའི་མདངས། །
བརྩེ་བའི་ཟེར་བརྒྱ་འཛམ་གླིང་ཡོངས་འཕྲོས་ཤིང་། །
ནུས་པས་རྒྱལ་བསྟན་ཕྱོགས་ཀུན་རྒྱས་མཛད་པའི། །
མཚུངས་མེད་ཡོངས་འཛིན་མཆོག་གི་ཞབས་ལ་བསྟོད། །
བསྟན་འཛིན་རི་ཕྲན་དབུས་ན་ལྷུན་པོ་བཞིན། །
རིས་མེད་རྒྱལ་བསྟན་ཡོངས་ཀྱི་སྙིང་གི་ནོར། །
ལྟ་སྒོམ་ཉམས་ལེན་མ་ལུས་མཐར་ཕྱིན་ཏེ། །
ལུང་རིགས་སྨྲ་བའི་གདོང་ལྔ་མཆོག་ལ་བསྟོད། །
འཆད་པས་སྐལ་ལྡན་བློ་སྒོ་འབུམ་འབྱེད་ཅིང་། །
རྩོད་པས་ལོག་རྟོག་བྲག་རིའི་ཚོགས་གཞོམ་སྟེ། །
རྩོམ་པས་རྒྱལ་བསྟན་སྙིང་བོ་གསལ་བྱེད་པའི། །
ཡོངས་ཀྱི་བཤེས་གཉེན་མཆོག་གི་མཛད་རྗེས་བསྟོད། །
མདོ་སྔགས་གཞུང་ལུགས་སྨྲ་བར་རབ་མཁས་ཤིང་། །
སྡོམ་གསུམ་བཅས་མཚམས་གནས་ལ་བཙུན་པའི་མཆོག །
དོན་གཉིས་ཁུར་དུ་འདེགས་པའི་ཐུགས་སྟོབས་ཅན། །
དཔལ་ལྡན་བླ་མའི་སྐུ་གསུང་ཐུགས་ལ་བསྟོད། །
བདག་སོགས་བྱང་ཆུབ་གོ་འཕང་མ་རེག་བར། །
དེ་སྲིད་གང་གི་བརྩེ་ཆེན་ལྕགས་ཀྱུ་ཡིས། །
རྣམ་ཡང་འདོར་མེད་རྗེས་སུ་ལེགས་བཟུང་སྟེ། །
གང་གི་ཞབས་པད་བསྐལ་བརྒྱར་བརྟན་གྱུར་ཅིག །
ཅེས་སྙིགས་དུས་ཀྱི་འདྲེན་པ་མཆོག་གྱུར་སྣང་ཞིག་རྒྱལ་རྒྱ་འོབས་རིན་པོ་ཆེ་ཚུལ་ཁྲིམས་བསྟན་འཛིན་དབང་རྒྱལ་མཆོག་གི་སྐུ་ཡི་པད་མོ་འཇིག་རྟེན་གྱི་དཔལ་དུ་བཞད་ནས་བགྲང་བྱ་བརྒྱད་ཅུ་འཁོར་བའི་རྟེན་འབྲེལ་དང་།སླར་ཡང་གང་གི་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་མཛད་འཕྲིན་ཉིན་བྱེད་ཕྱོགས་བཅུར་རྒྱས་པའི་སྨོན་འདུན་དུ་གུས་ཕྲན་རིན་སྤུངས་ཚུལ་ཁྲིམས་བསྟན་འཛིན་གྱིས་དགེ་ལུགས་པའི་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་དུ་དད་གུས་དང་བཅས་ཏེ་ཕུལ་བ་དགེའོ།
- ཟིན་ཐོ་གོང་མ།༼མདའ་དང་འཕང་།༽པར་ཐེངས་གཉིས་པ།
- ཟིན་ཐོ་འོག་མ།སླར་ཡང་ཡུལ་ཤུལ་གྱི་སྤུན་ཟླ་དྲན་པ།