ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
སེམས་པ་ལྷོངས་སུ་གྱུར་བའི་རྟོག་སྣང་ཞིག  | 2011/10/18 18:49:00

གངས་རིའི་ལྗོངས་ཀྱི་སྤུན་ཟླ་ཀུན་རིགས་དང་རུས་པ་འདྲེས་ཤིང་མཛའ་མཐུན་གྱི་སྒོ་མོ་ཀུན་ནས་འབྱེད་ཅིང་རྒན་ལ་གུས་བཀུར་དང་གཞོན་ལ་གཅེས་སྐྱོང་གི་རྣམ་པར་ཀུན་ནས་བཞད་ཅིང་ལོ་དང་ཟླ་དང་ཞག་དང་ཟ་མ་བར་དུ་འབྲལ་མེད་དུ་གནས་ཏེ་རང་རང་གི་འདོད་བློ་དང་མཚམས་པའི་མདུན་ལམ་རེ་བསྙེགས་པའི་བསལ་བློ་ཀུན་ནས་སློང་སྟེ་འཛམ་གླིང་ལ་ཁ་ཕྱོགས་ཤིང་གོ་ལ་ཅན་ལ་འཁོར་བའི་དུས་རབས་ཉེར་གཅིག་པ་འདི་རུ་འཛམ་གླིང་གི་དུས་རབས་ཞེས་པའི་རྗེས་སུ་བཞུགས་པ་བྱས་ཏེ་ང་ཚོ་མ་འོངས་པའི་གདོང་དམར་བོད་པ་ཚང་གི་གཞོན་སྐྱེས་དག་ལ་ངོ་ནོངས་མི་དགོས་པའི་ལས་ཀ་རེ་བྱེད་རྒྱུ་དེ་ང་ཚོའི་ཕྲག་ཏུ་འབབས་པའི་ལས་འགན་གཙོ་བོ་ཤིག་རེད་ལ་དེ་ནི་སྙིང་སྟོབས་བསྐྱེད་དགོས་པའི་གནས་ཚུལ་འགངས་ཆེན་ཞིག་ཀྱང་རེད་འདོད།

གང་ལྟར་ཀྱང་རང་མི་རིགས་ཀྱི་རིག་གནས་ཏེ་ཆོས་ལུགས་ཀྱི་རིག་གནས། དམངས་སྲོལ་རིག་གནས། དེང་རབས་རིག་གནས་སོགས་རྒྱུན་འཛིན་བྱས་ཏེ་འཛམ་གླིང་སྟེང་ལ་རང་མི་རིགས་འདི་ཉིད་གང་འདྲ་ཞིག་ཡིན་མིན་ནམ་བོད་བཙན་པོ་ཚང་གདུང་རྒྱུད་དེའི་ངོ་བོ་དང་གཤིས་ཀ་སོགས་ངོ་སྤྲོད་དང་བརྒྱུད་བསྒྲོགས་བྱེད་རྒྱུ་དེ་ད་ལྟ་ང་ཚོའི་ཁ་ཚ་དགོས་གཏུགས་ཀྱི་གནས་ཚུལ་ཞིག་ཏུ་ངོས་འཛིན་བྱེད་ན་མི་འགྲིག་པ་སྙམ་ལགས།

དེ་མིན་ཁ་ཕོ་ཙམ་གྱིས་ང་ཚོ་བོད་ཀྱི་རིག་གནས་ནི་འཛམ་གླིང་ལས་ཆེས་ཡ་མཚན་ཅན་དང་དགེ་མཚན་གང་གིས་ཆ་ནས་ཀྱང་འགྲན་དུ་མེད་པ་དང་དོ་ཟླ་བྲལ་བའི་རིག་གནས་ཤིག་ཡིན་པར་རློམ་ནས་དུས་འདའ་བྱས་པ་དེས་ནུས་པ་གང་ཡང་ཐོན་མི་སྲིད་པས་དུས་རབས་ཉེར་གཅིག་པའམ་གོ་ལ་ཅན་གྱི་དུས་སྐབས་འདི་རུ་སྐྱེས་བུ་སུ་དང་སུ་ཞིག་ཡིན་ན་འང་འདྲ་ཚང་མས་མིག་མཐོང་ལག་ཟིན་ནམ་བདེན་དཔང་མངོན་སུམ་ཞིག་མེད་ན་རིག་གནས་དང་བྱ་བ་དངོས་པོ་སོགས་གང་ཡིན་ཀྱང་ཁས་ལེན་ནམ་ཡིད་ཆེས་སོགས་གཏན་ནས་བྱེད་མི་སྲིད་པས་ད་སྐབས་ང་ཚོས་འཛམ་གླིང་ལ་ཁ་ཕྱོགས་ཏེ་ཆ་འཕྲིན་ལག་རྩལ་དུས་རབས་ཀྱི་རྗེས་སུ་བསྙེགས་པ་དང༌། ང་ཚོ་ལ་ཡིད་ཆེས་བྱེད་འོས་པའི་བདེན་དཔང་ཡོད་པ་ཞིག་གནང་རྒྱུ་དེ་གཙིགས་སུ་བཟུང་བ་དང༌། དེ་བཞིན་གངས་ཅན་བོད་པའི་བསྟན་པའམ་ཆོས་ལུགས་ཕན་ཚུན་ཁག་ཚང་མ་མཐུན་སྒྲིལ་གྱི་སྒོ་ཀུན་ནས་འབྱེད་ཅིང་གངས་རིའི་རིང་ལུགས་ཀྱི་ཆོས་ལུགས་ཁག་ཚང་མས་དམིགས་པ་གཅིག་ཏེ་གནས་སྐབས་ཀྱི་བདེ་བ་ཐར་པ་དང་། མཐར་ཐུག་གི་བདེ་བ་ཐམས་ཅད་མཁྱེན་པའི་གོ་འཕང་རིན་པོ་ཆེ་སྒྲུབ་པ་དང་ལྟ་བ་བླ་ན་མེད་པ་རྫོགས་པ་ཆེན་པོའི་ལྟ་བ། སྤྱོད་པ་འཚེ་མེད་འདུལ་བའི་སྤྱོད་པ། སྒོམ་པ་དྲི་མེད་མཁའ་ལྟར་དག་པའི་དམིགས་པ་མེད་པ་འབྲས་བུ་བླ་མེད་བྱང་ཆུབ་རིན་པོ་ཆེ་བཅས་ཀྱིས་འགྲོ་བའི་དོན་ནམ་བསྟན་སྲིད་ཀྱི་ལས་དབང་དམིགས་ཡུལ་དུ་བྱས་ནས་རང་སོ་སོའི་བསྟན་པའི་ལྟ་བ་གཙོ་བོར་བཟུང་སྟེ་རིས་མེད་བསྟན་ལ་དག་སྣང་ཀུན་ནས་སློང་བ། ཡུལ་དཀོན་མཆོག་གཡུང་དྲུང་གནས་བཞིའམ་རིན་ཆེན་རྣམ་གསུམ་གྲགས་པའི་དབྱངས་སྙན་པོ་སྲིད་པ་གསུམ་ན་ཕེབས་དཀའ་བ་དང་། དེ་དག་ཕེབས་ཀྱང་གདུལ་བྱའི་ཐུན་མོངས་དང་ཐུན་མོངས་མ་ཡིན་པའི་སྣང་ངོར་སོ་སོའི་ཐ་དད་དུ་གྱུར་མོད་ལྟ་སྒོམ་སྤྱོད་འབྲས་སོགས་ཀྱི་ཆ་ནས་ཐམས་ཅད་ལམ་གཅིག་རོལ་གཅིག་ཤར་ནས་སྤྱིར་སེམས་ཅན་ཐམས་ཅད་དང་སྒོས་སུ་རང་མི་རིགས་ཀྱི་བདེ་སྡུག་སེལ་བའི་ཕྱིར་དང་ཡང་སྒོས་ཚེ་འདིར་ལྷ་སྐལ་བབས་པའི་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་འདི་ཉིད་གཙོས་པའི་རིས་མེད་བསྟན་པ་ཚང་མ་ཕྱོགས་བཅུ་ཀུན་ཏུ་དར་སྤེལ་དང་བརྒྱུད་བསྒྲོགས་བྱས་ཏེ་འཛམ་གླིང་ལ་རང་ཉིད་ངོ་ནོངས་མི་དགོས་པའི་བྱ་བ་གལ་ཆེན་ནམ་དོན་པོ་ཆེ་ཞིག་སྒྲུབ་རྒྱུ་དེ་མ་བགོས་སྤྱི་ལ་བཞག་པའི་རང་ཉིད་ཀྱི་འོས་འགན་དང་མི་སོ་སོའི་ཕྲག་ཏུ་བབས་པའི་བྱ་བ་ཞིག་རེད།

དེ་མིན་རང་མི་རིགས་ཀྱི་རིག་གནས་དང་དམངས་སྲོལ་གོམས་གཤིས་སོགས་ཀྱི་གནས་ལ་ཟུར་ཙམ་ཕྱོགས་ཙམ་ཡང་མ་ཤེས་ན་རྗེས་ཕྱོགས་མ་འོངས་པའི་མདུན་ལམ་རིང་མོ་སྟེ་རང་ཉིད་ཀྱིས་རང་ཉིད་ཀྱི་ལམ་དེ་སྒོ་དགག་པ་ཞིག་ཀྱང་མི་ཡོང་བའི་ངེས་པ་གང་མ་མཆིས།

ད་རང་ཉིད་ཀྱི་བསམ་བློ་ནི་རང་ཉིད་ཀྱིས་བསྒྱུར་བཅོས་བྱེད་དགོས་པ་ལས་གཞན་གང་གིས་ཀྱང་བསྒྱུར་བཅོས་དང་བཀོད་སྒྲིག་མི་ཡོང་བ་ཀུན་གྱིས་མཁྱེན་གསལ་ལྟར་དུའོ། །

སྤྱིར་གངས་ལྗོངས་ཀྱི་བཅུ་ཕྲག་རིག་པའི་གནས་འདི་མི་རིགས་གཞན་དག་འགའ་དང་བསྡུར་ན་ཆེས་ངོ་མཚར་བ་དང་ཆེས་མཛེས་སྡུག་ལྡན་པའི་སྒྱུ་རྩལ་གྱི་དོ་ར་ཞིག་ཏུ་ངོས་འཛིན་བྱེད་ན་མི་ཆོག་པར་མེད་མོད། རིག་གཞུང་འདི་དག་དུས་རབས་དང་བསྟུན་ནས་དར་སྤེལ་བྱེད་རྒྱུ་ནི་རིག་གནས་དེས་མི་རིགས་ལ་ཕན་པ་དང་། འཛམ་གླིང་ལ་ཕན་པ་སོགས་ཀྱི་ནུས་པ་ལྡན་པའི་བརྒྱུད་བསྒྲོགས་ཀྱི་དབྱངས་སྙན་ཞིག་ཀྱང་རེད་དོ། །གང་ལྟར་རང་མི་རིགས་ཀྱི་སྲོལ་རྒྱུན་དང་རིག་གཞུང་། ཆོས་སྲིད་ཀྱི་རྩ་ལག་སོགས་བརྩི་མཐོང་དང་བདག་སྐྱོང་རྒྱུད་བསྒྲོགས་བྱེད་རྒྱུ་དེ་དུས་ནམ་ཡང་ང་ཚོའི་ལས་བྱ་གལ་ཆེ་ནང་ནས་གལ་ཆེ་བ་ཞིག་ཏུ་སེམས་སོ། །

ཞེས་རྟོག་སྣང་གང་འཆར་གྱི་ཚིག་རིས་འདི་ཡང་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ནས་པཎ་ཙ་ཚུལ་ཁྲིམས་བསྟན་འཛིན་ནམ་རིན་སྤུངས་ཚུལ་བསྟན་གྱིས་༢༠༡༡་༡༠་༡༣ཉིན་ལ་བྲིས་པ་དགེའོ། །

Re:སེམས་པ་ལྷོངས་སུ་གྱུར་བའི་རྟོག་སྣང་ཞིག | 2011/10/19 8:19:35
སྐུ་མགྲོན་Osj7MY(སྐུ་མགྲོན)བོད་ཁ་བ་རི་བའི་བསྟན་འགྲོའི་དོན་ལ་ལྷག་དཀར་ཞིང་།རང་མི་རིགས་གི་རིག་གཞུང་གོ་ལ་ཅན་དུ་འབད་གཙང་གནང་དང་གནང་བཞིན་པའི་ཧི་མ་ལ་ཡའི་བོན་གྱི་དྲ་བའི་འགེན་འཛིན་་ཧི་མ་ལ་ཡའི་ཕོ་རྒོད་ཁྱེད་ལ་བཀྲ་ཤིས་བདེ་ལེགས་ཞུ།
།ཧི་མ་ལ་ཡའི་མི་མཆོག་སྐྱེས་བུའི་སྟོང་གསུམ་འགྲོ་འདྲེན་དམ་བཅའ་བཞེས།
ཧི་མ་ལ་ཡའི་ལྟ་སྒོམ་སྤྱོད་པས་གང་ཟག་བདེ་ཆེན་ཐར་ལམ་དྲངས།
ཧི་མ་ལ་ཡའི་ཕོ་རྒོད་རྣམས་ཀྱི་རིག་གཞུང་ཉམས་གསོའི་ལས་འགུལ་སྤེལ།
ཧི་མ་ལ་ཡའི་བོན་གྱི་དྲ་བས་མེས་པོའི་ལོ་རྒྱུས་ཕྱོགས་མཐར་སྒྲོགས།།
ཧི་མ་ལ་ཡའི་རི་བོས་ཚ་སྡུག་དང་གྲང་ངད་ལ་མི་འཇིག་པ་བཞིན་ཧི་མ་ལ་ཡའི་བུ་རྒྱད་རྣམས་ཀྱི་འགགས་འཕྲང་ཇི་རྙེད་ལ་མི་སྐྲག་པར་མདུན་དུ་སྤྱོད་དང་སྤྱོད་བཞིན་པ་ལ་གུས་བཀུར་དང་ཡིད་རང་གི་ཚབ་དུ་བསམ་གཏན་འགྱུར་མེད་ནས་བྲིས།
རྩོམ་པ་པོ།:སྐུ་མགྲོན་Osj7MY(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.