དང་པོ།ཤར་དུང་རི་གངས་ཀྱི་གུར་ཁང་ན། །ལྷ་ཀུན་ཏུ་བཟང་པོ་སྐུ་བཞུགས་ཡོད། ། ངས་ཝ་ཞྭ་ཕུད་ནས་ཕྱག་གསུམ་འཚལ། ། ཤར་དུང་རི་རྫ་རི་གུར་ཁང་ན། །
ལྷ་མཁའ་འགྲོ་སུམ་བརྒྱ་དྲུག་ཅུ་བཞུགས། །ངས་ཝ་ཞྭ་ཕུད་ནས་ཕྱག་གསུམ་འཚལ། །
ཤར་དུང་རི་གསེར་མཚོ་གུར་ཁང་ན། །ལྷ་དུས་གསུམ་སངས་རྒྱས་རང་བྱོན་བཞུགས། །
ངས་ཝ་ཞྭ་ཕུད་ནས་ཕྱག་གསུམ་འཚལ། །གཉིས་པ།ཤར་ཕྱོགས་དུང་རིའི་སྟེང་ན། །
གསེར་གྱི་ཉི་མ་ཤར་བྱུང༌། །གསེར་གྱི་ཉི་འོད་ནང་དུ། །སངས་རྒྱས་སྟོང་སྐུ་བཞུགས་ཡོད། །
ཤར་ཕྱོགས་དུང་རིའི་སྐེད་ན། །འཇའ་ཚོན་སྣ་ལྔ་བཀྲ་བྱུང༌། །འཇའ་ཚོན་སྣ་ལྔའི་ནང་དུ། །
འོལ་མོ་ལུང་རིང་བཞུགས་ཡོད། ། ཤར་ཕྱོགས་དུང་རིའི་འདབས་ན། །
གསེར་གྱི་མཚོ་མོ་རང་འཁྱིལ། །མེ་ཏོག་མཚོ་མོའི་ནང་དུ། །མེ་ཏོག་མཆོད་པ་བཤམས་ཡོད། །
གསུམ་པ།ཤར་ཕྱོགས་དུང་རིའི་འགོ་ན། །དུང་དཀར་རང་བྱོན་གསུམ་ཡོད། །
དུང་དཀར་བླ་མའི་ལག་རེད། །བླ་མ་དབུས་གཙང་སྟོད་རེད། །ས་དེ་ལ་ཁ་ཐག་རིང་གི །
ཞེ་མཐུན་ན་ཁ་ཐག་ཉེ་གི །ཤར་ཕྱོགས་དུང་རིའི་སྐེད་ན། །གོས་སྐུ་རང་བྱོན་གསུམ་ཡོད། །
གོས་སྐུ་རྒྱ་མོའི་ལག་རེད། །རྒྱ་མོ་རྒྱ་ཡུལ་གཏིང་རེད། །ས་དེ་ལ་ཁ་ཐག་རིང་གི །
ཞེ་མཐུན་ན་ཁ་ཐག་ཉེ་གི ། ཤར་ཕྱོགས་དུང་རིའི་འདབས་ན། །
ཆུ་མིག་འབུར་མ་གསུམ་ཡོད། །ཆུ་བོ་ཀླུ་མོའི་ལག་རེད། །ཀླུ་མོ་ཀླུ་ཡུལ་གཏིང་རེད། །
ས་དེ་ལ་ཁ་ཐག་རིང་གི །ཞེ་མཐུན་ན་ཁ་ཐག་ཉེ་གི །
བཞི་པ།ཤར་དུང་རི་ཞེས་པའི་རི་གཅིག་ཡོད། །ནང་དུང་མཚོ་ཞེས་པའི་མཚོ་གཅིག་ཡོད། །
ཤར་དུང་རི་སྐོར་གསུམ་མ་བརྒྱབ་ན། །ནང་དུང་མཚོ་ཞེས་པར་མཇལ་ལུགས་མེད། །
བྱང་བྱ་དུར་ཞེས་པའི་རི་གཅིག་ཡོད། །ནང་བྱམས་པ་ཞེས་པའི་ལྷ་གཅིག་ཡོད། །
བྱང་བྱ་དུར་སྐོར་གསུམ་མ་བརྒྱབ་ན། །ནང་བྱམས་པ་ཞེས་པར་མཇལ་ལུགས་མེད། །
སྐྱིད་སྡེ་བ་ཞེས་པའི་སྡེ་གཅིག་ ཡོད། །ནང་དགའ་ལོ་ཞེས་པའི་གྲོགས་གཅིག་ཡོད། །
སྐྱིད་སྡེ་བ་སྐོར་གསུམ་མ་བརྒྱབ་ན། །
ནང་དགའ་ལོ་ཞེས་པ་རྩེད་ལུགས་མེད།ལྔ་པ།ཤར་ཕྱོགས་དུང་རིའི་འགོ་ན། །
མདའ་མོས་ལ་བཙས་བརྒྱན་ཡོད། །ཁྱོད་་ན་ལ་བཙས་ཁྱོས་བརྒྱན། །
ང་སྔ་ན་ལ་བཙས་ངས་བརྒྱན། །མི་བརྗེད་ཚིག་གི་ལ་བཙས་རེད། །
ཚིག་བརྗེད་ན་ལ་བཙས་མི་བརྗེད། །ཤར་ཕྱོགས་དུང་རིའི་སྐེད་ན། །
རྡོ་ལེབ་མོ་གླེགས་ཤིང་ཆ་གཅིག་ཡོད། །ཁྱོད་སྔ་ན་ཡིག་འབྲུ་ཁྱོས་ཕྲིས། །
ང་སྔ་ན་ཡིག་འབྲུ་ངས་བྲི། །མི་བརྗེད་ཚིག་གི་ཡིག་འབྲུ་རེད། །
ཚིག་བརྗེད་ན་ཡིག་འབྲུ་མི་བརྗེད། །ཤར་ཕྱོགས་དུང་རིའི་འདབས་ན། །
མ་རྒྱ་མོའི་དར་སྐུད་ཆ་གཅིག་ཡོད། །ཁྱོད་སྔ་ན་མདུད་པ་ཁྱོས་བརྒྱབ། །
ང་སྔ་ན་མདུད་པ་ངས་རྒྱག །མི་བརྗེད་ཚིག་གི་མདུད་པ་རེད། །
ཚིག་བརྗེད་ན་མདུད་པ་མི་བརྗེད། །དྲུག་པ། ཤར་ཕྱོགས་དུང་རིའི་འགོ་ན། །
གསེར་གྱི་འཁོར་ལོ་བཞག་ཡོད། །སྐྱིད་གཞན་པས་བསྐོར་ན་བུད་སོང༌། །
ངས་མ་བསྐོར་རོགས་སྒུག་ཡོད། །ཤར་ཕྱོགས་དུང་རིའི་སྐེད་ན། །
དངུལ་གྱི་ཡིག་འབྲུ་བྲིས་ཡོད། །སྐྱིད་གཞན་པས་བཏོན་ནས་བུད་སོང༌། །
ངས་མ་བཏོན་རོགས་སྒུག་ཡོད། །ཤར་ཕྱོགས་དུང་རིའི་འདབས་ན། །
ཆུ་མིག་དྭངས་མ་གསུམ་ཡོད། །སྐྱིད་གཞན་པས་བཅུས་ནས་བུད་སོང༌། །
ངས་མ་བཅུས་རོགས་སྒུག་ཡོད། །བདུན་པ། ཤར་ཕྱོགས་དུང་རིའི་འགོ་ན། །
ཤྭ་གཉིས་གྲོགས་གཉིས་འགྲོགས་ཀི །ར་རིང་ཐུང་མེད་ན་འགྲིག་གི །
ཤར་ཕྱོགས་དུང་རིའི་སྐེད་ན། །ཝ་གཉིས་གྲོགས་གཉིས་འགྲོགས་ཀི །
གྲ་རིང་ཐུང་མེད་ན་འགྲིག་གི །ཤར་ཕྱོགས་དུང་རིའི་འདབས་ན། །
རོགས་གཉིས་གྲོགས་གཉིས་འགྲོགས་ཀི །ཚིག་ཕྱི་ནང་མེད་འགྲིག་གི །བརྒྱད་པ། ཤར་ཕྱོགས་དུང་རིའི་འགོ་ན། །དུང་བརྡ་སྙན་མོ་གྲགས་ཀི །ས་ག་ཕྱོགས་ག་ལ་གྲགས་ནེ། །
ས་འདི་རུ་མི་གྲགས་ཅི་རེད། །ཤར་ཕྱོགས་དུང་རིའི་སྐེད་ན། །གཡུ་འབྲུག་སྔོན་མོ་གྲགས་ཀི །
ས་ག་ས་ག་ལ་གྲགས་ནེ། །ས་འདི་རུ་མི་གྲགས་ཅི་རེད། །ཤར་ཕྱོགས་དུང་རིའི་འདབས་ན། །
དུང་བྱ་དཀར་མོ་གྲགས་ཀི། །ས་ག་ས་ག་ལ་གྲགས་ཀི། །ས་འདི་རུ་མི་གྲགས་ཅི་རེད། །
- ཟིན་ཐོ་གོང་མ།སེམས་ཁོང་ནས་བཏེགས་པའི་མཆོད་དབྱངས།
- ཟིན་ཐོ་འོག་མ།སྨིན་དྲུག་གིས་༼གངས་ཏི་སེ་བོན་གཞུང་རིག་མཛོད༽ལ་ཕུལ་བའི་ཤིས་ཚིག