བསྟན་དང་འགྲོ་བའི་ཁམས་ཀྱི་མོས་སྣང་བཞིན།།
གང་འདུལ་དེར་སྟོན་མཛད་བཟང་ཐབས་མཁས་ཅན། །
འགྲོ་བའི་མ་མའི་དབང་གཞུའི་འོད་འགྱེད་པའི། །
གྲགས་པའི་སྐྱེས་མཆོག་གང་དེ་ཕྱག་གི་ཡུལ། །
འཛམ་གླིང་ཡུལ་མཆོག་ཞང་ཞུང་རིག་པའི་ཚལ། །
སྟོང་ཕྲག་དུ་མའི་གོང་རོལ་སྐྱེ་འགྲོ་རྣམས། །
བདེ་སྐྱིད་དཔལ་འབར་གཏེར་ལ་ལོངས་སྤྱོད་པའི། །
སྐལ་བ་རྫོགས་ལྡན་དཔལ་ལ་གནས་པར་དགེ། །
སྐྱེས་མཆོག་མཇལ་བའི་སྐལ་བ་མ་ལྡན་ཀྱང༌། །
ཉིད་ཀྱི་མཚན་སྙན་བདག་གི་སྒྲ་འཛིན་གྱི། །
བུ་གར་འབྱོར་བའི་མོད་ལ་དད་འདུན་གྱི། །
མོས་པའི་བསྟོད་ཚིག་སྙིང་ནས་འཐོར་ཏེ་ཐལ། །
འགྲོ་ཀུན་སྡུག་བསྔལ་སྣ་ཚོགས་གདུང་བའི་སྐབས། །
ཁྱེད་ཉིད་སྨན་བླའི་རྒྱལ་པོར་སྐུར་བཞེངས་ཏེ། །
སེམས་ཅན་དུ་མ་བདེ་ལ་དཔལ་སྦྱིན་པའི། །
སངས་རྒྱས་སྨན་རྒྱལ་དེ་ལ་གུ་དུན་ཧྲུན། །
གངས་རིའི་རྭ་བས་ཡོངས་བསྐོར་ཁ་བའི་ལྗོངས། །
རིས་མེད་རྒྱལ་བའི་བསྟན་པ་རིན་པོ་ཆེ། །
འཛིན་སྐྱོང་སྤེལ་པའི་ལས་འགན་ཡོངས་བཞེས་པའི། །
བསྟན་འཛིན་སྐྱེས་མཆོག་ཁྱེད་ལ་གསོལ་བ་འདེབས། །
བཅུ་ཕྲག་རིག་པའི་གཞུང་ལུགས་གདམས་པ་ཀུན། །
མ་ལུས་ཐུགས་སུ་ཆུད་པའི་དན་རྟགས་སུ། །
སྒོམ་པའི་ཉམས་ལེན་མཐིལ་རྟོགས་རྫོགས་སངས་རྒྱས། །
གོ་འཕང་མངོན་དུ་གྱུར་ལ་བདག་དད་དོ། །
སླར་ཡང་འཛམ་གླིང་སྤྱི་དང་ཁྱད་པར་དུ། །
གངས་ཅན་ལྗོངས་ཀྱི་སྐྱེ་འགྲོའི་དོན་ཕྱིར་དུ། །
སྐྱེ་བའི་ཕྲེང་བ་མུ་ཏིག་བསྟར་རྒྱུས་པའི། །
རྟེན་འབྲེལ་ཡང་ཡང་འབར་བའི་བཀྲ་ཤིས་ཤོག །
ཞེས་བསྟན་འཛིན་སྐྱེས་མཆོག་དམ་པ་དགེ་སློང་རིན་པོ་ཆེ་བསྟན་འཛིན་དབང་གྲགས་མཆོག་ཉིད་སྐུ་གཤེགས་ནས་ལོ་འཁོར་གཉིས་ཕྱིན་པའི་རྗེས་དྲན་དུ་རྨོངས་རྟུལ་བ་རིན་སྤུངས་ཚུལ་བསྟན་གྱིས་༢༠༠༩ལོའི་ཟླ༩ཚེས་༡༨ཉིན་ཁྲེན་འདུ་ནས་བྲིས་པའོ། །
- ཟིན་ཐོ་གོང་མ།ལི་ཤུ་སྤྲུལ་སྐུའི་འཆད་ཁྲིད་དང་དབང་གནང་བའི་བརྙན་གཟུགས་ཤིག
- ཟིན་ཐོ་འོག་མ།ཤར་དུང་རིར་འབྲེལ་བའི་གཞས་ཚིག་འགའ།