བཙུན་མ་རྣམས་ལ་ཐུན་མོང་དུ་གདམས་པའི་མགུར་རྣ་བའི་བདུད་རྩི་ཞེས་བྱ་བ་བཞུགས།
དབྲ་སྟོན་སྐལ་བཟང་བསྟན་པའི་རྒྱལ་མཚན།
དྲིན་ཆེན་བླ་མར་གསོལ་བ་འདེབས། །རྗེས་འཇུག་ཐུགས་རྗེས་བཟུང་དུ་གསོལ། །
དགེ་ལ་ཞུགས་པའི་བཙུན་མ་རྣམས། །གདམས་པའི་བསླབ་བྱ་འདི་ལ་ཉོན། །
ད་རེས་བློ་ཁ་དགེ་ལ་ཕྱོགས། །སྐྱ་དགེ་མ་བྱེད་སྡོམས་པ་ཞུས། །
ངན་ལོབ་མ་གཏོང་སྒྲིགས་ལམ་སྲུངས། །ལུས་ལ་དགྲ་ཡོད་འཚོ་རྫི་གྱིས། །
ངོ་ཚའི་རྟེན་དུ་ཁྲིམས་གྲོགས་བསྟེན། །སླ་ང་ནག་པོ་རྒྱང་དུ་ཞོག །
ཁོང་ཁྲོ་མ་ཆེ་རང་སེམས་ནོན། །ཡིན་སྣང་མ་ཤར་ཉམ་ཆུང་གྱིས། །
ཨོལ་མདུད་ནོན་ལ་ཁ་མ་མང༌། །མཆེད་གྲོགས་ཀུན་དང་མཐུན་པ་གྱིས། །
རང་བས་སྤྱི་ཆུས་གཙོ་ཆེ་དགོས། །ཅི་དགོས་སློབ་གཉེར་ལེགས་པར་སྦྱོངས། །
ཕ་མའི་ཁྱིམ་ལ་ཆགས་ཞེན་སྤོངས། །བླ་མ་དགེ་རྒན་ཅི་གསུང་ཉོན། །
འཚོ་བ་བསོད་སྙོམས་ཁོ་ན་གྱིས། །དགེ་སྦྱོར་གཙོ་བོ་འདུལ་ཁྲིམས་སྲུངས། །
གནས་སྐོར་མི་ནག་ལད་མོ་སྤོངས། །སྟོང་སྒོམ་གླེན་གཏམ་ངག་མ་ཉན། །
དཔེ་ཆ་སློབ་གཉེར་ཅི་ནུས་སྦྱོངས། །བྱི་དོར་མཆོད་པ་རྒྱུན་དུ་ཤོམས། །
བྱང་ཆུབ་སེམས་ལ་བློ་སྦྱོངས་གྱིས། །བདག་མེད་གཉིས་ལ་ཉམས་ལེན་མཛོད། །
ཡི་དམ་ལྷ་ཡི་བཟླས་པ་གྱིས། །བསོགས་པ་དགེ་བའི་ཕྱོགས་ལ་དྲིལ། །
སྐྱིད་ཀྱི་སྣེ་ལ་ཟིན་པར་མཛོད། །དེ་ལྟར་བྱས་ན་ལྷ་གྲལ་ཟིན། །
སངས་རྒྱས་གོ་འཕང་རིམ་གྱིས་ཐོབ། །འདི་ཉིད་མཐོང་དང་ཐོས་པ་ཡི། །བཙུན་མ་རྣམས་ལ་ཕན་པར་ཤོག །
ཅེས་པ་འདི་ནི་སྒྲུབ་སྡེ་བྱང་ཆུབ་གླིང་དུ་བཙུན་མ་འགའ་ཞིག་གི་དོན་དུ་གསུངས་པའོ།།