བུད་མེད་ཀྱི་ཐོབ་ཐང་རྩོད་ལེན་པ་ཧེ་ལེན་ལན་ཇི་(Helene Lange)ངོ་སྤྲོད།
མེ་རེམ་གྱིས་(Miriam)བརྩམས། མུ་ཏིག་གིས་བོད་སྒྱུར་བྱས།
ཧེ་ལེན་ལན་ཇི་(Helene Lange)ནི་སྤྱི་ལོ་༡༨༤༨ལོའི་ཟླ་༤བའི་ཚེས་༩ཉིན་ཨོ་ཏན་བྷན་ (Oldenburg) ཞེས་པའི་འཇར་མན་ནུབ་རྒྱུད་ཀྱི་མི་ཚང་དཀྱུས་མ་ཞིག་ཏུ་སྐྱེས། རང་ལོ་༦ལ་སླེབས་དུས་དྲིན་ཆེན་ཨ་མ་འདས་གྲོངས་སུ་གྱུར་བ་དང་། རང་ལོ་༡༦ལ་སླེབས་དུས་བློ་སེམས་གཏད་སའི་ཨ་ཕ་ཡང་འདས་གྲོངས་སུ་གྱུར་བས་ཁོ་མོ་དྭ་ཕྲུག་ཏུ་གྱུར།
འཇར་མན་ལྷོ་རྒྱུད་ཀྱི་ཡེ་ཤུ་ཆོས་དཔོན་ཞིག་གི་ཁྱིམ་དུ་འབྱོར་བ་ནས་མཚན་ཉིད་རིག་པ་དང་རྩོམ་རིག་ལ་དོ་སྣང་སླེབས། ཧེ་ལེན་ལན་ཇི་དགེ་རྒན་བྱ་འདོད་ཀྱི་སེམས་འདུན་དྲག་ཏུ་འཕྱུར་ནའང་། ཁྲིམས་འགལ་གྱི་ངོ་བོར་བཞག་ཏེ་རེ་འདུན་མ་འགྲུབ་པས། ཨལ་སི་(ད་ལྟའི་ཧྥ་རན་སིའི་ཤར་ཕྱོགས་)ཞེས་པའི་བཅའ་སྡོད་སློབ་གྲྭ་ཞིག་ནས་དགེ་རྒན་གྱི་དྲུང་ཡིག་བྱེད་པ་དང་རིམ་གྱི་མཐོ་རིམ་འབྱོར་ལྡན་ཕྲུ་གུའི་ཁྱིམ་དགེ་གནང་བའི་གོ་སྐབས་ཐོབ། སྐབས་དེ་དག་ཏུ་ཁོ་མོ་སྒེར་ངོས་ནས་ནུབ་ཕྱོགས་མཚན་ཉིད་རིག་པ་དང་། ཆོས་ལུགས། ལོ་རྒྱུས། སྲོལ་རྒྱུན་སྐད་ཡིག་སྣ་མང་བཅས་ལ་སློབ་སྦྱོང་བྱ་འགོ་བརྩམས།
སྤྱི་ལོ་༡༨༧༡ལོར་འཇར་མན་གྱི་རྒྱལ་ས་བྷར་ལེན་ལ་ཡོང་ནས་དགེ་རྒན་གྱི་བྱ་བར་ཡིག་རྒྱུགས་འཕྲོད་པ་དང་། མུ་མཐུད་འབྱོར་ལྡན་ཁྱིམ་ཚང་གི་སྒེར་གྱི་དགེ་རྒན་གནང་བ་དང་རིམ་བཞིན་བུད་མེད་སློབ་གྲྭ་ཁག་ནས་དགེ་རྒན་གནང་། ཁོར་ཡུག་དེའི་ཕོ་མཆོག་མོ་དམན་གྱི་ལྟ་བས་ཁོ་མོའི་སེམས་ཁམས་ལ་ན་ཟུག་དྲག་པོ་བསླངས་པས། སྐབས་དེའི་སྤྱི་ཚོགས་སུ་མིའི་འདྲ་མཉམ་མེད་པའི་བསམ་བློ་དང་བུད་མེད་དག་གི་དཀའ་ངལ་དང་། ལྷག་པར་དུ་རྒྱལ་སའི་བཟོ་གྲྭ་ཁག་ཏུ་ཡོད་པའི་བུད་མེད་ལས་བཟོ་བའི་དཀའ་ངལ་ལ་གདོང་གཏད་རྒྱུའི་ཆོད་སེམས་རྙེད།
ཧེ་ལེན་ལན་ཇི་འཇར་མན་“བུད་མེད་དགེ་རྒན་དང་ཤེས་ཡོན་པའི་ཚོགས་སྡེ་” (Verein deutscher Lehrerinnen und
Erzieherinnen)རུ་འཛུལ་ཞུགས་ཐུབ་པ་ནས་བུད་མེད་ཀྱི་ཐོབ་ཐང་དང་ཤེས་ཡོན་གྱི་ཕྱོགས་ནས་འབད་བརྩོན་བྱེད་པར་ཚོར་ཤུགས་སླེབས། རང་ངོས་ནས་བུད་མེད་ལ་ཤེས་ཡོན་སྐོར་ནས་འཛིན་གྲྭ་དང་ཟབ་སྦྱོང་གོ་སྒྲིག་བྱས། སྤྱི་
ལོ་༡༨༨༧ལོར་བུད་མེད་ལ་སྐྱེས་པ་དང་འདྲ་མཉམ་གྱིས་ཚན་རིག་ཐོག་ནས་སློབ་སྦྱོང་
བྱེད་རྒྱུའི་ཐོབ་ཐང་དགོས་སྐོར་རྒྱལ་ཁབ་ཀྱི་ཤེས་ཡོན་འགན་འཛིན་ལ་རེ་འདུན་
བཏོན་པ་མ་ཟད། བུད་མེད་ཀྱི་ཤེས་ཡོན་ཆེད་དམིགས་བསལ་ཚོགས་པ་འཛུགས་དགོས་པའི་རེ་འདུན་ཤུགས་ཆེན་བཏོན།
ཁོ་མོས་“ལོ་མ་སེར་པོ་གློད་”(yellow leaflet)ཅེས་པའི་རྩོམ་ཡིག་བྲིས་ཏེ་བུད་མེད་ལ་ཤེས་ཡོན་གྱི་ཐོབ་ཐང་མེད་པར་སྐྱོན་བརྗོད་དྲག་པོ་བྱས། ཁོ་
མོས་བུད་མེད་ལ་ཤེས་ཡོན་གྱི་ཐོབ་ཐང་སྤྲོད་རྒྱུ་ནི་གཞན་གང་ཡང་མིན་པར་སྐྱེས་པ་
ཚོ་དང་སྤྱི་ཚོགས་ཀྱི་ཆེད་དུ་ཡིན་པའི་འདུ་ཤེས་འཛིན་གྱི་ཡོད། བུད་མེད་རང་ཉིད་ཡིན་ནའང་ཤེས་ཡོན་གྱི་ཐོག་ནས་རང་ཉིད་ཀྱི་དགོས་མཁོ་རྟོགས་དགོས་པར་བཤད།
སྤྱི་ལོ་༡༨༩༠ལོར་ཧེ་ལེན་ལན་ཇི་ཡིས་“འཇར་མན་བུད་མེད་དགེ་རྒན་ཚོགས་པ་།“General Association of German female
teachers”རྩ་འཛུགས་བྱས་པས། ཁོ་
མོའི་འདོད་འདུན་མངོན་འགྱུར་བྱུང་སྟེ་བུད་མེད་ལ་མཐོ་རིམ་ཤེས་ཡོན་གྱི་ཡིོག་
རྒྱུགས་ཁག་ལ་འཛུལ་ཞུགས་ཀྱི་ཆོག་མཆན་ཐོབ་པ་དང་༡༨༩༦ལོར་འཇར་མན་གཞོན་སྐྱེས་
བུད་མེད་དྲུག་གིས་གཙུག་ལག་སློབ་གྲྭ་ཆེན་མོར་འཛུལ་ཞུགས་ཐུབ་པ་ནི། འཇར་མན་ལོ་རྒྱུས་ཐོག་གི་བུད་མེད་རྣམས་གཙུག་ལག་སློབ་གྲྭའི་སྒོ་ཐེམ་འགྲིམས་པ་ཐོག་མ་དེ་ཆགས་ཡོད།
སྤྱི་ལོ་༡༨༩༣ལོ་ཧེ་ལེན་ལན་ཇི་ཡིས་༼བུད་མེད་༽(The Woman) ཅེས་པའི་ཚགས་པར་ཞིག་འདོན་སྤེལ་བྱས་པ་ནི་སྐབས་དེའི་འཇར་མན་བུད་མེད་རྣམས་ཀྱི་གླེང་སྟེགས་གལ་ཆེན་ཏུ་གྱུར། ཁོ་མོས་འཇར་མན་བུད་མེད་ཚོགས་པའི་(General German Womens’ Association)ཚོགས་གཙོའི་འགན་བཞེས་པ་དང་། འཇར་མན་བུད་མེད་སྤྱི་མཐུན་ཚོགས་པའི་འཛིན་སྐྱོང་འགན་འཛིན་གནང་ཞོར། འཇར་མན་གྱི་གྲོང་ཁྱེར་ཁག་ནང་བུད་མེད་ཀྱི་ཤེས་ཡོན་སྦྱོང་སའི་བུད་མེད་སློབ་གྲྭ་གང་མང་རྩ་འཛུགས་གནང་། སྤྱི་
ལོ་༡༩༠༦ལོར་ཤེས་རིག་དང་རིག་གཞུང་བཀའ་བློན་གྱི་སློབ་སྟོན་པར་གདན་ཞུ་ཐོབ་ནས་
ལོ་ཤས་ལས་མ་འགོར་བར་ཁོང་གིས་བཙུགས་གནང་བའི་བུད་མེད་སློབ་གྲྭ་ཁག་ཀྱང་ཚད་ལྡན་
དུ་བསྒྱུར།
ལས་ཤུགས་དང་གནོན་ཤུགས་ཀྱིས་ཧེ་ལེན་ལན་ཇི་ཡི་མིག་དབང་སྐྱོན་ཅན་དུ་གྱུར་ནའང་། ལས་མཚམས་བཞག་མ་མྱོང་ལ་གྲོགས་མོ་བྷ་མར་(Gertrud Bäumer)གྱི་རོགས་རམ་ལ་བརྟེན་ནས་ཚགས་ཤོག་མུ་མཐུད་བཏོན་པ་དང་དེབ་ཕྲེང་འགའ་ཡང་དཔར་བསྐྲུན་བྱས།
སྤྱི་ལོ་༡༩༡༩ལོར་འཇར་མན་རྒྱལ་ཡོངས་ཀྱི་བུད་མེད་ལ་འོས་ཤོག་བླུགས་རྒྱུ་སོགས་བུད་མེད་ཀྱི་ཐོབ་ཐང་རག་རྗེས། ཧེ་ལེན་ལན་ཇི་ནི་འཇར་མན་མང་གཙོ་ཚོགས་པའི་(German Democratic Party)མི་སྣ་སྐད་གྲགས་ཆེ་ཤོས་སུ་གྱུར་བ་དང་གྲོས་ཚོགས་(Hamburg parliament)ཀྱི་ཚོགས་མི་ལ་འོས་ཤོག་ཐོབ། མི་ཚེའི་མཐའ་མཇུག་ལ་སླེབས་དུས་འཇར་མན་གཙུག་ལག་སློབ་གྲྭས་མཁས་དབང་ཆེན་མོའི་མཚན་སྙན་གནང་བ་དང་། མངའ་སྡེའི་གཞུང་ནས་ཁོ་མོའི་འདྲ་མཉམ་དང་དྲང་བདེན་གྱི་བསམ་བློར་རྟགས་མ་གནང་།
སྤྱི་ལོ་༡༩༣༠ལོའི་ཟླ་ལྔ་བའི་ཚེས་༡༣ཉིན་འདས་གྲོངས་སུ་གྱུར།
ཧེ་ལེན་ལན་ཇི་ཡིས་ཕོ་མོའི་མ་འདྲ་བའི་ཆ་ལ་ནན་ཆེར་བརྗོད་དོན། བུད་མེད་ཅིག་གི་ཀུན་སྤྱོད་ཀྱི་འགན་འཁྲི་ནི་ཨ་མ་ཞིག་གི་ཚོར་བ་དང་བསམ་བློ་ཡོད་པར་སྒྲུབ་ཡོད། དེའང་བྱིས་པ་གཅིག་ཀྱང་མེད་པའི་བུད་མེད་ཡིན་ནའང་དེ་ལྟར་ཡིན་པར་སྒྲུབ་ཡོད། བུད་
མེད་ཀྱི་ཐོབ་ཐང་རྩོད་ལེན་རིང་ལུགས་པ་རྗེས་རབས་པ་ཚོས་ཧེ་ལེན་ལན་ཇི་ཡིས་ལྟ་བ་
དེས་བུད་མེད་རྗེས་རབས་པ་ཚོ་སྨན་ཞབས་དང་དགེ་རྒན་སོགས་སྤྱི་ཚོགས་ཀྱི་ལས་འཁུར་
ལེན་སྟངས་ལ་ཤུགས་རྐྱེན་ཐེབས་པར་ངོས་འཛིན་གྱིོས་སྐྱོན་བརྗོད་ནན་མོ་བྱས་ཡོད།
དེ་ལྟར་ནའང་ཧེ་ལེན་ལན་ཇི་ཡིས་སྐྱེས་པ་ཚོའི་དབང་སྒྱུར་ཆེ་མ་ཆུང་གསུམ་གྱི་
འཛམ་གླིང་སྤྱིའི་བུད་མེད་རྣམས་ལ་ཤུགས་རྐྱེན་ཐེབས་ཕྱོིགས་ལ་འགྱུར་བ་འགྲོ་བར་
རེ་བ་བརྒྱབ་ཀྱི་ཡོད།
ཧེ་ལེན་ལན་ཇི་ངའི་་བརྗོད་བྱ་བདམས་དོན།
ཧེ་ལེན་ལན་ཇི་དེ་རིང་གི་བརྗོད་བྱར་བདམས་དོན་ནི་བུད་མེད་ཀྱི་གལ་ཆེན་རང་བཞིན་བརྗོད་པའི་གོ་སྐབས་ཤིག་བཙལ་བ་ཡིན། དབང་སྒྱུར་མི་སྣ་དང་། ཚན་རིག་པ། སྙན་ངག་པ་ལ་སོགས་པའི་འཇར་མན་གྱི་མི་སྣ་གྲགས་ཅན་བརྒྱ་ཡི་ལོ་རྒྱུས་ཀྱི་དེབ་ཕྲེང་ནང་ནས་ཧེ་ལེན་ལན་ཇི་ནི་བུད་མེད་དང་པོ་དེ་ཡིན་ལ། གཞན་བུད་མེད་གཅིག་མ་གཏོགས་གཞན་ཚང་མ་སྐྱེས་པ་ཡིན།
ཤེས་ཡོན་ནི་ཁྱེད་ཀྱིས་གཞན་ལ་ལེགས་སྐྱེས་སུ་འབུལ་ཆོག་པའི་ལག་རྟགས་རྩ་ཆེན་ཞིག་ཡིན། གལ་སྲིད་ཤེས་ཡོན་མེད་པ་ཡིན་ན་ཁྱེད་ཀྱི་རང་ཉིད་མི་ཞིག་ཡིན་པའི་ཐོབ་ཐང་དང་གལ་ཆེན་རང་བཞིན་གཏན་ནས་རྟོགས་མི་ཐུབ། ལྷག་པར་དུ་བུད་མེད་ཅིག་ལ་ཤེས་ཡོན་སློབ་རྒྱུ་ནི་གལ་ཆེ་ནས་ཀྱང་དོན་ཆེན་ཡིན། ཤེས་ཡོིན་གྱིས་མི་དང་མིའི་བར་ལ་རོགས་རམ་གྱི་འདུ་ཤེས་སློང་ཐུབ་ལ། མི་སོ་སོའི་བསམ་བློ་རང་རྐྱ་འཕེར་ཐུབ་པ་མ་ཟད། འཚོ་བའང་རང་རྐྱ་འཕེར་ནས་མི་ཚེའི་དམིགས་འདུན་མངོན་འགྱུར་བྱེད་ཐུབ་པ་ཡིན། ཧེ་ལེན་ལན་ཇི་ཡིས་ལོ་ངོ་བརྒྱའི་སྔོན་ནས་གནས་ལུགས་འདི་རྟོགས་ཏེ། སྐྱེས་པ་རྣམས་ལ་གལ་ཆེན་ཡིན་པའི་ཤེས་ཡོན་དག་བུད་མེད་ལའང་ཐོབ་དགོས་པའི་ཐོབ་ཐང་རྩོད་ལེན་ཐུབ་པ་རེད།
ང་ཚོས་ཧེ་ལེན་ལན་ཇི་ཡི་རྐང་རྗེས་དེད་དེ། ཁོ་མོ་མིག་དཔེ་རུ་བཟུང་སྟེ། ཁོ་མོ་བླང་བྱར་བཟུང་ནས། མི་ཚང་མ་ཤེས་ཡོན་པར་གྱུར་བར་ཆོས་ལུགས་དང་རིགས་རུས། ཕོ་མོ་སོགས་དབྱེ་འབྱེད་མེད་པར་བྱེད་ཆོག
མུ་ཏིག་གི་ཟིན་བྲིས་ལས་བཤུས།