རྩེད་མོའི་རྣམ་གྲངས་ ༣༠ ཐོག་འཛམ་གླིང་གི་ཟིན་ཐོ་གསར་དུ་བསྐྲུན།
ཕྱི་ཚེས་ ༡༢ ཉིན་ལོན་ཌོན་ཨོ་རྩེད་གླིང་ཀར་ ༢༠༡༢ ལོའི་ཨོ་རྩེད་སྐབས་ ༣༠ པའི་མཇུག་སྡོམ་མཛད་སྒོ་ཚོགས་ཏེ། དབྱིན་ཡུལ་ཨོ་རྩེད་གོ་སྒྲིག་ཚོགས་ཆུང་གིས་ཨོ་རྩེད་དར་ཆ་དེ་ ༢༠༡༦ ལོའི་ཨོ་རྩེད་འཚོགས་ཡུལ་བྷར་རྫིལ་ཨོ་རྩེད་གོ་སྒྲིག་ཚོགས་ཆུང་ལ་བརྒྱུད་སྤྲོད་བྱས་ཡོད།
གཟའ་ཉི་མའི་ལོན་ཌོན་ཨོ་རྩེད་འགྲན་ཚོགས་ཀྱི་མཇུག་བསྡོམས་མཛད་སྒོའི་སྟེང་སྐུ་མགྲོན་དང་ལྟ་མོ་བ་ ༨༠༠༠༠ ཙམ་ལྷན་འཛོམས་སྟེང་། རྩེད་འགྲན་པའི་རུ་སྒྲིག་ཐོག རྒྱལ་སྤྱིའི་ཨོ་རྩེད་ཚོགས་པའི་ཚོགས་གཙོ་རོ་གྷེ་(Jacques Rogge) ཡིས་ལོན་ཌོན་ཨོ་རྩེད་འགྲན་ཚོགས་མཇུག་སྒྲིལ་བའི་ཁྱབ་བསྒྲགས་བྱས་ཤིང་། ཨོ་རྩེད་སྐབས་ ༣༠ པ་དེ་ནི་གཟི་བརྗིད་ངང་ཚོགས་ཐུབ་པ་དང་། རྩེད་འགྲན་ཚོགས་ཡུལ་ཁག་གི་འཛུགས་སྐྲུན་གང་ལེགས་བྱུང་པ་བཅས་ནི་ཚོགས་ཡུལ་རྒྱལ་ཁབ་ཀྱི་གཟི་བརྗིད་ཅིག་ཡིན་པ་དང་། རྩེད་འགྲན་འདི་བརྒྱུད་འཛམ་གླིང་ཧྲིལ་བོ་ཆིག་སྒྲིལ་གོང་མཐོ་དང་། ན་གཞོན་རྩེད་འགྲན་པ་སྟོང་ཕྲག་མང་པོར་སོ་སོའི་ཕུག་བསམ་འགྲུབ་པའི་སྡིངས་ཆ་གཞི་རྒྱ་ཆེ་རུ་འགྲོ་བཞིན་ཡོད་སྐོར་སོགས་བརྗོད་རྗེས། ལོན་ཌོན་ཨོ་རྩེད་གོ་སྒྲིག་ཚོགས་ཆུང་གིས་ཨོ་རྩེད་དར་ཆ་ ༢༠༡༦ ལོའི་བྷརཱ་རྫིལ་ཨོ་རྩེད་གོ་སྒྲིག་ཚོགས་ཆུང་ལ་བརྒྱུད་སྤྲོད་བྱས་ཡོད།
ཕྱི་ཟླ་ ༧ ཚེས་ ༢༧ ནས་ཕྱི་ཟླ་ ༨ ཚེས་ ༡༢ པར་ཚོགས་པའི་ཨོ་རྩེད་འགྲན་ཚོགས་འདི་དབྱིན་ཡུལ་དུ་ཚོགས་པ་ཐེངས་གསུམ་པ་ཆགས་ཡོད་པ་དང་། ཐེངས་དང་པོ་ ༡༩༠༨ ལོ་དང་། ཐེངས་གཉིས་པ་༡༩༤༨ ལོར་ཚོགས་ཡོད་པ་རེད། དབྱིན་ཇིའི་རྩེད་འགྲན་པའི་རུ་ཁག་ཐེངས་འདིའི་འགྲན་བསྡུར་ཁྲོད་ཨང་གསུམ་པར་བསླེབས་པ་དེ་ནི་ཨོ་རྩེད་འགྲན་ཚོགས་མགོ་ཚུགས་པ་ནས་བྱུང་པའི་ལོ་རྒྱུས་ཐོག་གི་ཟིན་ཐོ་གསར་པ་ཞིག་ཆགས་ཡོད་འདུག
སྐབས་ ༣༠ པའི་ལོན་ཌོན་ཨོ་རྩེད་འགྲན་ཚོགས་སྟེང་ཨ་རིར་གསེར་གྱི་རྟགས་མ་ ༤༦ དང་དངུལ་གྱི་རྟགས་མ་ ༢༩། ཟེངས་ཀྱི་རྟགས་མ་ ༢༩། ཁྱོན་རྟགས་མ་ ༡༠༤ ཐོབ་ཏེ་ཨང་དང་པོར་བསླེབས་ཡོད་པ་དང་། རྒྱ་ནག་ལ་གསེར་གྱི་རྟགས་མ་ ༣༨ དང་། དངུལ་གྱི་རྟགས་མ་ ༢༧། ཟངས་ཀྱི་རྟགས་མ་ ༢༣ བཅས་ཁྱོན་རྟགས་མ་༨༨ ཐོབ་སྟེ་ཨང་གཉིས་པ། དབྱིན་ཇིར་གསེར་གྱི་རྟགས་མ་ ༢༩ དང་། དངུལ་གྱི་རྟགས་མ་ ༡༧། ཟངས་ཀྱི་རྟགས་མ་༡༩ བཅས་ཁྱོན་རྟགས་མ་ ༦༥ ཐོབ་སྟེ་ཨང་གསུམ་པར་བསླེབས་ཡོད།
རཱ་ཤི་ཡ་ལ་གསེར་གྱི་རྟགས་མ་ ༢༤ དང་། དངུལ་གྱི་རྟགས་མ་ ༢༦ ། ཟངས་ཀྱི་རྟགས་མ་ ༣༢ བཅས་ཐོབ་སྟེ་ཨང་བཞི་བར་བསླེབས་ཡོད་ཀྱང་། རྩེ་ཕུད་གསུམ་ལས་མར་ཟགས་པ་ནི་རཱ་ཤི་ཡའི་ལོ་རྒྱུས་སྟེང་གི་ཉམས་རྒུད་ཅིག་ཆགས་ཡོད་འདུག ལྷོ་ཀོ་རེ་ཡ་ཨང་ལྔ་བར་བསླེབས་པ་དེ་ལོ་ ༢༤ གོང་ལྷོ་ཀོ་རེ་ཡའི་ནང་ཚོགས་རྗེས་ཀྱི་ཡར་རྒྱས་ཆེ་ཤོས་ཤིག་ཏུ་གྱུར་ཡོད་པ་རེད།
ཨོ་རྩེད་གླིང་ཀའི་རྒྱ་ཁྱོན་ལ་མི་ཊར་གྲུ་བཞི་མ་ ༢༠༠༠༠༠༠ གི་ས་ཁྱོན་ཡོད་ཅིང་། དབྱིན་ཡུལ་རྒྱལ་ས་ལོན་ཊོན་གྱི་ཤར་ཕྱོགས་སི་ཊི་རཱ་ཊི་ཧྥོ་ཌི་(Stratford)ས་གནས་སུ་འཛུགས་སྐྲུན་བྱས་ཡོད་པ་རེད། དབྱིན་ཡུལ་གྱི་ཨོ་རྩེད་ཚོགས་ཡུལ་གྱི་འཛུགས་སྐྲུན་རིགས་ལོ་ ༦ གོང་ནས་གྲ་སྒྲིག་བྱས་ཡོད་པ་རེད།
ཐེངས་འདིའི་རྩེད་འགྲན་ཁྲོད་ཨ་རིའི་ལུས་རྩེད་པ་མའེ་ཀལ་ཧྥེལ་སི་(Michael Phelps) ཡིས་ཐེངས་འདིའི་ཨོ་རྩེད་སྐབས་གསེར་གྱི་རྟགས་མ་ ༤ དང་དངུལ་གྱི་རྟགས་མ་ ༢། ༢༠༠༨ ལོར་གསེར་གྱི་རྟགས་མ་ ༨ དང་། ད་སྔ་ཨོ་རྩེད་འགྲན་བསྡུར་གྱི་རྟགས་མ་ཁྱོན་ ༢༢ བླངས་ཡོད་པའི་ཁྲོད་གསེར་གྱི་རྟགས་མ་ ༡༨ བླངས་ཡོད་ཅིང་། ཨོ་རྩེད་ལོ་རྒྱུས་ནང་གི་ཐོག་མ་དེ་ཆགས་ཡོད་འདུག ཁོང་གིས་རྒྱལ་སྤྱིའི་རྩེད་འགྲན་འདྲ་མིན་ཁྲོད་ད་སྔ་ཁྱོན་རྟགས་མ་ ༧༡ ཙམ་བླངས་པའི་ཁྲོད་ཀྱི་ ༥༧ གསེར་གྱི་རྟགས་པ་རྐྱང་ཡིན་འདུག
ད་ལོའི་ཨོ་རྩེད་འགྲན་ཚོགས་ཀྱི་རྒྱལ་ཁབ་ཚང་མིའི་རྩེད་འགྲན་རུ་ཁག་ནང་བུད་མེད་རྩེད་འགྲན་པ་བྱུང་ཡོད་པ་ཐེངས་དང་པོ་ཆགས་ཡོད་འདུག་ལ། ༢༠༡༢ ལོའི་ཨོ་རྩེད་འགྲན་བསྡུར་གྱི་ཨང་དང་པོ་ཐོབ་མཁན་ཨ་རིའི་རྟགས་མ་བརྒྱ་ཆ་ ༦༠ བུད་མེད་རྩེད་འགྲན་པས་བླངས་ཡོད་འདུག ལྷག་པར་ཏུ་ད་ལོའི་ཨོ་རྩེད་སྐབས་སོ་ཌེ་ཨ་རབ་དང་ཁཱ་ཊར་སོགས་ཁ་ཆེ་རྒྱལ་ཁབ་ཁག་གི་རྩེད་འགྲན་པའི་ཁྲོད་བུད་མེད་རྩེད་འགྲན་པ་བསླེབས་པ་དེ་ནི་རྒྱལ་ཁབ་དེ་དག་གི་ལོ་རྒྱུས་ཀྱི་དཀྱོག་མཚམས་གསར་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་འདུག
ལོན་ཌོན་གྲོང་ཁྱེར་ནང་གི་གཞུང་ལམ་ཁག་ཅིག་ཆེད་དུ་རྩེད་འགྲན་པ་དང་གནད་ཡོད་སྐུ་མགྲོན་གཅིག་པུའི་ཆེད་དུ་བེད་སྤྱོད་བྱས་ཡོད་པ་མ་ཟད། རྩེད་འགྲན་གྱི་དུས་ཡུན་རིང་འགྲིམ་འགྲུལ་ཕལ་ཆེ་བ་མེ་འཁོར་གྲ་སྒྲིག་བྱས་ཡོད་པ་དང་། མེ་འཁོར་ ༤༠༠༠ ཙམ་ཆེད་གཏོང་གིས་འགྲུལ་བཞུད་ས་ཚིགས་ཚང་མར་སྐར་ཆ་ ༣༠ རེ་ཡའི་མཚམས་སུ་མེ་འཁོར་རེ་འབྱོར་ཐུབ་པ་བཟོས་ཏེ། རྩེད་འགྲན་པ་ཚོ་རྩེད་ཐང་གཅིག་ནས་གཞན་དུ་སྐྱོད་རྒྱུར་མང་ཤོས་སྐར་མ་ ༢༠ ནས་ ༣༠ ནང་འབྱོར་ཐུབ་པའི་མཐུན་རྐྱེན་བསྐྲུན་ཡོད་འདུག
ཐེངས་འདིའི་ལོན་ཌོན་ཨོ་རྩེད་སྤྱིའི་འགྲོ་གྲོན་དབྱིན་སྒོར་ཐེར་འབུམ་ ༩།༣ ཡིན་པ་ལས། འཛུགས་སྐྲུན་ཐད་དབྱིན་སྒོར་ཐེར་འབུམ་ ༥། ༣ དང་། བདེ་སྲུང་ཐད་དབྱིན་སྒོར་ས་ཡ་ ༦༠༠། རྩེད་འགྲན་པའི་མཐུན་རྐྱེན་ཐད་དབྱིན་སྒོར་ས་ཡ་ ༤༠༠། ཨོ་རྩེད་གླིང་ཀའི་ཉེ་འཁོར་དང་། ལའེ་གཙང་པོ་དང་དེའི་ཉེ་འཁོར་གཙང་བཟོའི་ཐོག་དབྱིན་སྒོར་ཐེར་འབུམ་ ༡།༧། གློག་གི་མཐུན་འགྱུར་ཐད་དབྱིན་སྒོར་ས་ཡ་ ༨༠༠། ཛ་དྲག་དགོས་མཁོའི་ཆེད་དབྱིན་སྒོར་ཐེར་འབུམ་ ༢།༧ བཅས་བཏང་ཡོད་འདུག
ལོན་ཌོན་ཨོ་རྩེད་འགྲན་ཚོགས་སྐབས་བདེ་སྲུང་མི་སྟེང་མཁའ་དམག་དང་མཚོ་དམག དྲག་ཆས་དམག་མི་བཅས་དམག་མི་ ༡༣༥༠༠ ཁ་སྣོན་གྱིས་བདེ་སྲུང་བྱས་པ་དེ་ནི། འདས་པའི་ལོ་བཅུ་ཕྲག་འགའི་རིང་གི་དབྱིན་ཇིའི་བདེ་སྲུང་ལས་དོན་ཤུགས་ཆེ་ཤོས་སུ་གྱུར་ཡོད་ཅིང་། དེའི་འགྲོ་གྲོན་ཡང་དབྱིན་སྒོར་ས་ཡ་ ༢༨༢ ནས་ ༥༥༣ ལ་འཕར་ཡོད་འདུག ཨོ་རྩེད་བདེ་སྲུང་དམག་ཤུགས་ནི་ཨབ་གྷན་ནང་གི་དབྱིན་དམག་ལས་ཤུགས་ཆེ་བ་ཆགས་ཡོད་འདུག
རྒྱལ་སྤྱིའི་ཨོ་རྩེད་ཚོགས་པས་རྩེད་འགྲན་པའི་ཁྲོད་མྱོས་རྫས་སྤྱོད་མཁན་ཡོད་མེད་བརྟག་དཔྱད་ཁང་ ༥༠༠ ཙམ་བཙུགས་ཏེ། ཉིན་ལྟར་རྩེད་འགྲན་པ་རེ་རེ་བཞིན་བརྟག་དཔྱད་བྱས་པ་བརྒྱུད། རྩེད་འགྲན་པ་ ༡༠ ཙམ་རྩེད་འགྲན་ནས་ཕྱིར་འཕུད་བཏང་ཡོད་འདུག
ཐེངས་འདིའི་ཨོ་རྩེད་འགྲན་ཚོགས་ཆེད་གསེར་དངུལ་ཟེངས་གསུམ་གྱི་རྟགས་མ་ ༤༧༠༠ ཙམ་བཟོས་ཡོད་འདུག་ལ། གསེར་གྱི་རྟགས་མ་རེ་ལ་དབྱིན་སྒོར་ ༦༤༤ དང་། དངུལ་གྱི་རྟགས་མ་རེ་ལ་དབྱིན་སྒོར་ ༣༣༠། ཟེངས་ཀྱི་རྟགས་མ་རེ་ལ་དབྱིན་སྒོར་ ༤། ༧༡ བཅས་ཡིན་འདུག
ཕྱི་ཟླ་ ༥ ཚེས་ ༡༩ ནས་མགོ་བཙུགས་ཏེ་ཕྱི་ཟླ་ ༧ ཚེས་ ༢༧ བར་གྷི་རེ་སི་ནས་ལོན་ཌོན་ཨོ་རྩེད་གླིང་ཀ་བར། ད་ལོའི་ཨོ་རྩེད་དཔལ་འབར་དེ་མི་སྣ་ ༨༠༠༠ གིས་སྤྱི་ལེ་ ༡༢༨༠༠ སྐོར་སྐྱོད་བྱས་ཡོད་པ་དང་། ད་ལོའི་ལོན་ཌོན་ཨོ་རྩེད་སྟེང་རྩེད་རིགས་ ༣༠ ལ་འཛམ་གླིང་གི་ཟིན་ཐོ་གསར་པ་བསྐྲུན་ཡོད་འདུག