ལི་ཤིའི་གུར་ཁང་།
                                རང་མོས་གླེང་སྟེགས།
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་དགེ་མཚན་གླེང་བའི་གཏམ། 
[ 2011/10/11 10:36:00 | By: ལི་ཤི། ]
 

བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་དགེ་མཚན་གླེང་བའི་གཏམ།


སྲོལ་རྒྱུན་རིག་གནས་ནི་རྒྱ་མཚོ་ལྟར་གཏིང་ཟབ་ཅིང་རི་བོ་ལས་དཔངས་མཐོ་བས་བདག་ལྟ་བུའི་བརྗོད་བྱའི་ཡུལ་དུ་མ་གྱུར་ཀྱང༌། རང་ཉིད་བོད་ཀྱི་རིག་གནས་སྦྱང་སའི་ཁོར་ཡུག་ཅིག་ཏུ་གནས་བཞིན་པས་ཡར་རྒྱས་ཀྱི་རྣམ་པའི་རང་ལ་ཕན་པ་ཅུང་ཟད་ཡོང་ཆེད་དང༌། སྐྱེ་འགྲོ་སྤྱི་ལ་ཕན་ནུས་ཅན་གྱི་ཕུན་སུམ་ཚོགས་པའི་རིག་གཞུང་ལ་དགའ་ཞེན་ཆེ་བ་ཙམ་རྒྱུ་མཚན་དུ་མཐོང་ནས་སོར་མོས་འདུ་བྱས་པ་ལས། #འདིའི་ཡར་སྔོན་མདུན་ངོས་སུ་འཆར་ཐུབ།#

ཚིག་གི་སྡེབ་སྦྱོར་དང་དོན་གྱི་བརྗོད་བྱ་གང་ཐད་ནས་མཁས་པ་མགུ་བའི་ལེགས་བཤད་དང༌། དཔྱོད་ལྡན་དགྱེས་པའི་མཆོད་སྤྲིན་དུ་འགྱུར་བའི་འདུན་པ་མེད་མོད། འོན་ཀྱང་དེང་སྐབས་ཕྱི་དངོས་པོའི་དཔལ་ཡོན་ལ་གཙིགས་སུ་འཛིན་ཅིང་ནང་བསམ་པའི་དཔལ་ཡོན་ལ་ཇི་མི་སྙམ་པའི་དུས་རབས་གསར་པའི་གཟི་བྱིན་འོག །གཞིས་བོད་ཀྱི་རང་མཉམ་ན་གཞོན་ཁག་གཅིག་ཀྱང་རང་གི་རིག་གནས་ལ་སྦྱངས་པ་ནི་རྗེས་ལུས་དང༌། གཞན་གྱི་རིག་གཞུང་ལ་སྦྱང་པ་མཐར་ཕྱིན་མིན་ཇི་ལྟར་ཡང༌། མགོ་རྔ་མི་ཚང་བའི་གཞན་སྐད་ཀྱིས་གླེང་སློང་ཙམ་བྱེད་རྒྱུ་ནི། གཟི་བརྗིད་དུ་རློམ་པའི་གནས་ཚུལ་ལ་བསམས་ན་འདིར་མེ་ཏོག་ཆུང་ཡང་ལྷ་རྫས་དང༌། གུར་གུམ་ཉུང་རུང་བུམ་རྫས་ཀྱི་དཔེ་ལྟར་དོན་གྱིས་དབེན་པའི་གཟུགས་རིས་ཙམ་འབྲི་བ་ལ་ཅུང་ཟད་སྤྲོ་བ་ཡང་བརྟས་སོ།།

 

དང་པོ། སྲོལ་རྒྱུན་རིག་གནས་ཀྱི་གོ་དོན།

སྲོལ་རྒྱུན་ཞེས་པའི་ཐ་སྙད་འགྲེལ་ཚུལ་སྐོར་ལ་སྲོལནི་མཁྲེགས་པོ་དང་སྲ་བརྟན་གྱི་དོན་དུ་འདོད་ཅིང༌། རྒྱུནཞེས་པ་དར་སྤེལ་དང་འཛིན་སྐྱོང་མུ་མཐུད་གནས་པར་བྱེད་པའི་དོན་དུ་བཞེད་པ་དང༌། རྩོད་ སྒྲུབ་ཀྱི་གོ་རིམ་རྨང་གཞིར་བྱས་པའི་འབྲེལ་བའི་སྟེང་གཞི་ཚུགས་པའི་གཞན་གཅེས་རིང་ལུགས་ཀྱི་འཇིག་རྟེན་བསམ་བློ་ནི་བོད་ཀྱི་སྲོལ་རྒྱུན་རིག་པའི་ཚད་གཞི་ཉག་གཅིག་ཡིནཔར་བཤད་ཀྱང༌། དཔྱད་རྩོམ་རིགས་པའི་རྩལ་ཕྲེང་ལས་ནི། སྲོལ་རྒྱུན་ཞེས་པ་འབྱུང་ཁུངས་ཚད་མ་ཡིན་པ། བར་མ་ཆད་པའི་བརྒྱུད་པ་ཡོད་པ། ཞལ་ནས་ཞལ་དུ་བརྒྱུད། སྙན་ནས་སྙན་དུ་བརྒྱུད་པ་ཞིག །རིགས་པ་ཡང་དག་གིས་གཏན་ལ་ཕབ་ཏུ་རུང་བ་གཡུང་དྲུང་རྟག་བརྟན་གྱི་ཆོས་ཞིག་ཡིན་དགོསཔར་བཞེད། དེས་ན་མི་རྣམས་ཀྱི་སོ་སོའི་འདོད་པ་དང་རང་མོས་སུ་ཆགས་པའི་ལུགས་སྲོལ་ཙམ་ལ་སྲོལ་རྒྱུན་དུ་ངོས་འཛིན་བྱེད་པ་ནི་མ་བསམ་པ་སྟེ། གཞན་དུ་ན་བོད་མི་རྣམས་ཀྱིས་སྟག་གཟིག་གི་པགས་རིགས་གཡོགས་པའི་གོས་གྱོན་པ། གཟུགས་པོ་འཁྲུ་བའི་གོམས་གཤིས་མེད་པ། ཕྲུ་གུས་སྣ་རྟུག་ཕུ་ཐུང་ནང་འཕྱི་བ་ཡན་ཆད་བོད་ཀྱི་སྲོལ་རྒྱུན་དུ་འཇོག་དགོས་པ་ཅིའི་ཕྱིར་མི་འགྱུར། སྤྱིར་སྒྲ་ཡང་དོག་གིས་གོ་བ་བླངས་ཚེ་སྲོལ་རྒྱུན་གྱི་གོ་དོན་མི་འདྲ་བ་ཤིན་ཏུ་མང་མོད། ཁོ་བོས་ནི་ལུགས་ཕྱི་མའི་རྗེས་སུ་འབྲང་སྟེ། སྲོལ་རྒྱུན་ཞེས་པ་དེ་མི་རིགས་ཤིག་གི་ངོ་བོ་དང་ཁྱད་ཆོས་མངོན་པར་གསལ་ཞིང༌། ལོ་རྒྱུས་ཀྱི་རང་བཞིན་ལྡན་པ། མི་རིགས་ཤིག་གི་རིག་གནས་ཀྱི་བླ་སྲོག་ཡིན་པ་མཚོན་པར་བྱེད་པ། རྒྱུན་འཛིན་གྱི་རང་བཞིན་ལྡན་པ། གཏན་ཚིགས་ཀྱི་རང་བཞིན་ལྡན་པ་ཞིག་ཏུ་འདོད།

རིག་གནས་ཞེས་པ་ཡང་བགྲོ་གླེང་ལས་རིག་པའི་གནས་ཀྱི་མིང་སྦྱར་ཡུལ་གཏིང་ཚུགས་པ་འགྲོ་ས་དེ་ནི་གཞུང་ལུགས་དང་ལྡན་པའི་རིག་པར་བྱ་བའི་གནས་ཆ་ཚང་བ་ཡོད་མཁན་ཞིག་ལ་རིག་གནས་ཞེས་གསུངས་པས། རིག་ གནས་ཀྱི་སྒྲའི་འཇུག་ཡུལ་གཙོ་བོ་ནི་རིག་པའི་གཞུང་ལུགས་ཀྱིས་གཏན་ལ་ཕབ་ཏུ་རུང་བའམ་གཏན་ལ་ཕབ་པའི་ཡང་དག་པའི་གྲུབ་དོན་ཞིག་ལ་གོ་བ་ལས་ཤེས་བྱའི་གྲངས་དང་མཉམ་པའི་ཡུལ་ལ་གོ་ན་སྐབས་འདིར་ཁྱབ་ཆེ་བའི་སྐྱོན་དུ་འགྱུར་སྙམ། གཞུང་ལུགས་ནས་བཤད་པ་ལྟར་ན། རིག་གནས་ཞེས་པ་ཤེས་པར་བྱ་བའི་ཡུལ་སྤྱི་ལ་གོ་ན་ཆོག་སྟེ། རྟག་དངོས་གཉིས་ཀྱང་རིག་པར་བྱ་བའི་གནས་སུ་འདོད་དགོས་ཏེ་དེ་གཉིས་རིག་པར་བྱ་བའམ་ཤེས་པར་བྱའི་གནས་གང་ཞིག །དེ་ལ་རིག་པར་བྱ་བའི་གནས་ཀྱི་ཁྱབ་པའི་ཕྱིར་ཏེ། རིག་གནས་ཞེས་པའང་རིག་པར་བྱ་བའི་གནས་ཞེས་པའིབར་གྱི་ཚིག་བསྡུས་པ་ཙམ་ཡིན་པའི་ཕྱིར་རོ།།

རིག་གནས་སྤྱིའི་སྣང་ཚུལ་གྱི་སྒོ་ནས་བརྟགས་ཚེ་སྲོལ་རྒྱུན་རིག་གནས་དང་དེང་རབས་རིག་གནས་གཉིས་འགལ་བར་སེམས་ཤིང༌། དུས་ཀྱི་ཆ་ནས་འདས་པ་དང་ད་ལྟ་བའི་བར་གྱི་དབྱེ་མཚམས་ཤིག་ཀྱང་འདོད་དགོས་པར་སེམས། སྤྱིར་རིག་གནས་ལ། དངོས་པོའི་རིག་གནས་དང༌། བསམ་པའི་དཔལ་ཡོན་གྱི་རིག་གནས་གཉིས་ལས་མ་འདས་ཤིང༌། བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་བོད་རང་ནས་འཕེལ་རྒྱས་བྱུང་བ་གདོད་མའི་བོན་གྱི་ཤེས་རིག་གི་སྲོལ་རྒྱུན་དང༌། རྒྱ་གར་ནས་ནང་འདྲེན་བྱས་པའི་བོད་ཀྱི་ཤེས་རིག་གི་སྲོལ་རྒྱུན། བྱུང་རབས་ཀྱི་ཁྲོད་དུ་ཡོད་ཀྱང་འཕེལ་རྒྱས་ཀྱི་ཁྲོད་དུ་རྒྱུན་ཆད་པ། དཔེར་ན། གདམས་ངག་འཕོ་བ་གྲོང་འཇུག་ལྟ་བུ་དང༌། བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་རིག་གནས་ཏེ་དགོངས་པ་ཀློང་དུ་བརྡོལ་བའི་བབ་སྒྲུང་དང་གཏེར་ཆོས་རྣམས་སོ།།

གཉིས་པ། སྲོལ་རྒྱུན་རིག་གནས་ཀྱི་དགེ་མཚན་དངོས་བཤད་པ།

བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱིས་དུས་རབས་དང་སྤྱི་ཚོགས་ཀྱི་ངོ་བོ་མི་འདྲ་བའི་གནས་ཚུལ་འོག་འཕེལ་རྒྱས་བྱུང་རིམ་ལས། མཐུན་མིན་གྱི་ནུས་པ་ཅི་ཙམ་བཏོན་ཡོད་པ་ནི་ལོ་རྒྱུས་དག་ལས་ཤེས་ཐུབ་པར་སོང༌། འདིར་ཟུར་བལྟས་ལེབ་མཐོང་གི་དཔེ་ལྟར། བྱུང་བ་བརྗོད་པའི་རབས་ལ་མཚོན་ནས་ཅུང་ཟད་གླེང་ན། སྔར་སྨད་ཨ་མདོའི་ཕྱོགས་སུ་སོག་པོ་གུར་ཤྲི་ཇུན་གར་གྱི་བརྒྱུད་པས་མདོ་སྨད་ཀྱི་ས་ཆ་གང་འཚམས་ཤིག་དབང་བསྒྱུར་བྱས་པ་དང༌། ཙོང་ཁ་རྒྱལ་པོའི་གཙོས་ཡུལ་ལུང་བྱེ་བྲག་པར་དབང་བསྒྱུར་བའི་དཔོན་ཁག་མང་ཞིང༌། ཁམས་ཕྱོགས་སུའང༌། སྡེ་དགེ་རྒྱལ་པོ། ནང་ཆེན་རྒྱལ་པོ། བེ་རི་རྒྱལ་པོ། ལྷ་ཐོག་རྒྱལ་པོ། འབྲོང་པ་རྒྱལ་པོ། ལྕགས་ལ་རྒྱལ་པོ་སོགས་སྡེ་དཔོན་མང་དུ་བྱུང་ཡང༌། ཨ་མདོ་དང་ཁམས་སྤྱི་ལ་དབང་བསྒྱུར་བའི་དཔོན་པོ་གཅིག་ཀྱང་མ་བྱུང་བར་བརྟེན། སྐབས་དེར་བོད་མི་རིགས་ནི་གཅིག་གྱུར་གྱི་བསམ་བློ་མེད་པ་དང༌། མཐུན་འབྲེལ་གྱི་སྟོབས་ཤུགས་མེད་པ་བཅས་ལས་རྒྱ་སོག་གི་མི་རིགས་གཞན་རང་སར་བཙན་འཛུལ་བྱེད་རྒྱུ་ལས་སླ་པོ་བྱུང་ཡོད། བོད་སིལ་བུའི་རྗེས་སུ་མཚོན་ནའང་ཡིག་ཆ་རྣམས་སུ་གནམ་ཀ་བ་མེད་པའི་འོག་རོལ་ཏུ་སྐྱོད་པའི་སྐྱེ་རྒུ་ཡོད་དོ་ཅོག་ལ་བཀའ་སྩལ་པ། ཞེས་བཀའ་ཤོག་རྫིག་ཉམས་ཆེ་བ་ལས་ཡུལ་དུས་སམ་ཁོར་ཡུག་འགྲིམ་འགྲུལ་གྱི་དབང་ལས་བོད་སྤྱི་ལ་སྲིད་དབང་གིས་ཁྱབ་ཐུབ་མེད། འོན་ཀྱང་ཆོས་དང་རིག་གནས་ཀྱི་ཆ་ནས་བོད་ཆོལ་གསུམ་ཁྱོན་ཡོངས་ལ་འཕྲིན་ལས་དཀར་འཇམ་ཡུག་གཅིག་ཏུ་ཁྱབ་ཡོད་པར་བརྟེན་མི་རིགས་གཅིག་དང༌། རྒྱལ་ཁབ་གཅིག །སྐད་ཡིག་གཅིག་ཡིན་པའི་འདུ་ཤེས་དེ་རྒྱུན་འཛིན་བྱེད་ཐུབ་པ་བྱུང་ཡོད་པ་འདི་ནི་སྲོལ་རྒྱུན་རིག་གནས་ཀྱི་ལག་རྗེས་སུ་ཤེས་ཐུབ་ཅིང༌། བོད་དུ་དུས་ངན་གྱི་སྐབས་སུའང༌། ཞི་བའི་བཅིངས་གྲོལ། དམངས་གཙོ་བཅོས་བསྒྱུར། རིག་གནས་གསར་བརྗེ་སོགས་ཀྱི་དུས་རླུང་འོག །དམྱལ་བ་མི་ཡུལ་དུ་འཕོས་པ་ལྟར་ཡ་ང་བའི་མནར་གཅོད་ཀྱིས་ཇི་ལྟར་གཙེས་ཀྱང་འགྱུར་མེད་ཀྱི་རང་གཤིས་དང༌། ཞུམ་མེད་ཀྱི་སྤོབས་པ། གཡོ་མེད་ཀྱི་དད་འདུན། མི་ རིགས་ཀྱི་འདུ་ཤེས་དག་རྡོ་ལ་རི་མོ་བརྐོས་པ་ལྟར་བོད་མི་དག་གི་སེམས་སུ་གནས་པ་ དེ་ནི་སྲོལ་བཟང་རིག་གནས་ཤིག་གིས་སྤྲད་པའི་གདེང་སྤོབས་ལས་གཞན་ཅི། དེའི་ཕྱིར་ན་རྒྱལ་ཁབ་དང་མི་རིགས་གང་ལ་མཚོན་ནའང་རང་མཐོང་ཆེ་རློམ་གྱིས་སྔར་སྲོལ་ཁོ་ན་ལས། རྣམ་པ་ཀུན་ཏུ་ལེགས་ཆར་མི་སེམས་པར་རྙིང་པ་ལྷ་སྲོལ་དང༌། གསར་པ་བདུད་ཀྱི་འཕྲུལ་དུ་འཛིན་པ་ནི་ཉམས་པའི་རྒྱུ་ལས་མ་འདས་ཀྱང༌། ལོ་ རྒྱུས་ཀྱི་རང་བཞིན་ལྡན་ཞིང་ནང་དོན་ཕུན་སུམ་ཚོགས་པའི་བོད་ཀྱི་སྲོལ་རྒྱུན་ རིག་གནས་འདིས་ནི་མི་རིགས་ཀྱི་བློ་སྟོབས་དང་སྤོབས་པ་རང་བརྩི་རང་བཀུར་ཐོག །མ་འོངས་ཕུགས་བསམ་ལ་ཡིད་ཆེས་བསྐྱེད་པར་བྱེད་པ་དང༌། རྒྱལ་ཁབ་གཅིག་གྱུར། མི་རིགས་མཐུན་སྒྲིལ། ཞི་བདེ་དང་མཉམ་གནས་སོགས་རང་བཞིན་གྱི་བསྐྲུན་ཐུབ་པ་མ་ཟད། བོད་ཡུལ་ཙམ་མ་ཡིན་པར་མ་འོང་འཛམ་གླིང་ཧྲིལ་པོ་ཞི་བདེའི་ཁོར་ཡུག་ཅིག་ཏུ་བསྒྱུར་བའི་ནུས་པའང་ཡིན། དེར་ བརྟེན་བོད་ཀྱི་སྲོལ་རྒྱུན་རིག་གནས་ཟབ་ཡངས་ཆུ་གཏེར་ལྟ་བུ་འདི་ཉིད་དེང་གི་ དུས་སུ་གླིང་ལྔའི་ཁྱོན་ན་སྙན་པའི་གྲགས་པ་བླ་ནས་བླ་རུ་འབར་བཞིན་པ་ཀུན་གྱིས་ མཐོང་ཆོས་སུ་གྱུར་ཡོད། དེ་ཡང་བོད་མེས་པོ་དག་གིས་སྙིང་སྟོབས་ཆེན་པོས་དཀའ་བ་དང་དུ་བླངས་ཏེ། རྒྱ་དཀར་ནག་གཙོས་ཕྱོགས་ཀྱི་མི་རིགས་དག་གི་རིག་གནས་ཀྱི་ཉིང་བཅུད་རྣམས་བསྡུས་ཏེ། ཇི་སྐད་དུ། དཔལ་ཆོས་ཀྱི་གྲགས་པས། ཚད་མ་རྣམ་འགྲེལ་ལས། རང་ཉིད་ངེས་ཤིང་གཞན་དག་ལ།། ངེས་པ་བསྐྱེད་པ་འདོད་པ་ཡིས།། ཕྱོགས་ཆོས་འབྲེལ་བ་བསྒྲུབ་བྱ་དག། བརྗོད་པ་ལས་གཞན་སྤང་བར་བྱ།། ཞེས་དང༌། ཐབས་བྱུང་དེ་རྒྱུ་ལྐོག་གྱུར་པ།། དེ་འཆད་པ་ནི་དཀའ་བ་ཡིན།། ཅེས་གསུངས་པ་བཞིན། རིག་པའི་གནས་མཐའ་དག་ལ་རང་ཉིད་ཀྱིས་ཇི་ལྟ་བ་ངེས་པ་སྔོན་སོང་གི་གཞན་ལ་ཚུལ་བཞིན་དུ་སྤེལ་བའི་རྨད་དུ་བྱུང་བའི་ཐབས་ལམ་སྤྱད་དེ། གངས་རིའི་ཕྲེང་བ་བསྟར་ཆགས་སུ་བསྒྲིགས་པའི་འཛམ་གླིང་མཐོ་སྒང་གི་ཡང་རྩེ་གྲགས་པའི་ཁོར་ཡུག་ཆེན་མོ་དེར། གཏིང་ མཐའ་དཔོག་པར་དཀའ་ཞིང་གོ་ལར་ཧྲིལ་པོར་ཕན་ནུས་ཅན་གྱི་བཅུ་ཕྲག་ཟུང་གི་རིག་པའི་ གནས་རྣམས་བསྐྲུན་པར་མཛད་པའི་བཀའ་དྲིན་ནི་བོད་མིའུ་དག་གི་ཤའི་གསེང་དང་རུས་ པའི་རྐང་དུ་འཐིམ་དགོས་པ་ཞིག་ལོས་ཡིན།

དེང་དུས་ཀྱི་མཁས་པའི་དབང་པོ་ཁ་ཅིག་གིས། མི་རིགས་རྗེས་ལུས་ཐེབས་བྱེད་ཀྱི་གཞི་རྩ་ནི་སྲོལ་རྒྱུན་རིགས་གནས་གྱི་ཞན་ཆ་ཡིན་ཅིང༌། དེ་ནི་དངོས་ཡོད་འཚོ་བའི་ཁྲོད་དུ་སྤང་བྱར་བཞེད་པ་ནི་ལེགས་པ་མ་མཐོང་སྟེ། སྔོན་ཐོན་ཚན་རྩལ་དང་དེང་རབས་རིགས་གནས་བསླབ་དགོས་པ་སྨོས་སུ་མེད་ཀྱང༌། གཞི་འཛིན་ས་གཙོ་བོའམ་སློབ་སྦྱོང་བྱེད་སྤྱད་ཀྱི་ཡོ་བྱད་གཙོ་བོ་ནི། རང་གི་རིག་གནས་ལས་མི་རིགས་གཞན་གྱི་རིག་གནས་ཀྱིས་ནམ་ཡང་ཡོང་ཐབས་མེད། ད་སྐབས་སྲོལ་རྒྱུན་རིག་གནས་སྦྱང་བར་མི་སྤྲོ་ཞིང་དོན་གྱི་ཁ་ཕྱོགས་ཇི་བཞིན་མ་ངེས་ཀྱང༌། ཚན་རིག་དང༌། དེང་རབས་རིག་གནས། མདུན་མཆོང་དང༌། སྔོན་ཐོན་ཞེས་པའི་ཚིག་སྐམས་ཙམ་ཡང་ལེབ་མོར་བྱེད་པར་དགའ་བའི་དེང་སང་བོད་ཀྱི་ན་གཞོན་ཁག་གཅིག་དང༌། འདས་པའི་བགྲང་བྱ་བཅུ་ཕྲག་གསུམ་ལྷག་གི་རིང་ཕྱི་ནང་གི་རིག་གནས་གང་ལ་ཡང་རང་རྐྱ་མི་འཕེར་བ། མྱོས་འགྱུར་ཀྱི་རྫས་དང་ཆང་རག་ལ་རོལ་ཞིང་བག་མེད་མི་ཚེ་སྟོང་ཟད་ཀྱིས་གཞན་དོན་ཕར་བཞག་རང་དོན་ཙམ་ཡང་བསྒྲུབ་པར་མི་ནུས་ཤིང༌། མི་རིགས་ལ་རང་བཀུར་དང་ཆེ་མཐོང་མེད་ཁར། གཞན་བརྟེན་གྱི་བསམ་བློ་ཁོ་ནའི་མི་ཚེ་ཕམ་ཁས་ངང་འདའ་བཞིན་པའི་མིག་སྔའི་དཀའ་ཁག་འདི་རིགས་བསལ་དགོས་ན། མི་རིགས་ཀྱི་རང་བཞིན་མངོན་པར་གསལ་ཞིང༌། ཤེས་རིག་གི་ཉིང་བཅུད། བློ་གྲོས་ཀྱི་དྭངས་མ་སྟེ། སྲོལ་རྒྱུན་རིག་གནས་ཀྱི་རྨང་བྱས་ཏེ་དེང་རབས་ལ་ཁ་ཕྱོགས་པའི་སློབ་གསོའི་ཐབས་ལམ་གྱིས་སྣེ་ཁྲིད་བྱས་ན། མི་རབས་གསར་པ་དག་ལ་གསོན་ཤུགས་གསར་པ་ཞིག་རྒྱས་ཏེ། རིག་གཞུང་ལ་དགའ་ཞེན་ཆེ་བ། རྟག་ཏུ་རང་མཐོང་བྱེད་ཤེས་པ། མི་རིགས་ཀྱི་ལ་རྒྱ་སྔར་ལས་ཆེ་བ་མ་ཟད། དངོས་པོའི་དཔལ་ཡོན་གྱི་འཛུགས་སྐྲུན་ཡང་གོང་འཕེལ་འགྲོ་ཐུབ་པ་སོགས་དོན་སྙིང་ཆེན་པོ་ལྡན་པ་སྨོས་སུ་མེད། རྒྱུ་མཚན་གང་གིས་ཤེ་ན། སྲོལ་རྒྱུན་རིག་གནས་ཀྱི་ཁྱད་ཆོས་ནི་མི་རིགས་ཀྱི་རང་བཞིན་དང་དུས་རབས་ཀྱི་རང་བཞིན་ལྡན་པ་ཞིག་ཁོ་ན་ཡིན་པས། མི་རིགས་འཕེལ་རྒྱས་གཏོང་བྱེད་ཀྱི་སྒུལ་ཤུགས་ནི་སྲོལ་རྒྱུན་གྱི་ཉིང་བཅུད་ཡིན་ལ། དེ་ནི་དངོས་ཡོད་ཀྱི་རྨང་གཞི་ཡང་ཡིན། བོད་མིའི་ཚེ་སྲོག་གླེང་བའི་ལྷག་བསམ་ལས་ཀྱང༌། བཅུད་ཀྱི་སེམས་ཅན་རྣམས་ཀྱང་སེམས་རྒྱུད་དཀར་ཞིང་སྙིང་རྗེ་ཆེ་བ། ལས་འབྲས་ལ་བརྩི་བ། ཆོས་ལུགས་ཡང་དག་ལ་དད་པ། གཡོ་སྒྱུ་མེད་ཅིང་སེམས་དྲང་ཞིང་བློ་ཐུབ་པ། གཞན་ཕན་གྱི་བསམ་པས་རྒྱུད་ཕྱུག་པ་སོགས། དེང་ སང་འཛམ་གླིང་ན་གསེར་ལས་བྲིན་ཆེ་བར་བརྩི་བའི་སྤྱོད་བཟང་རིན་ཆེན་རྒྱན་གྱིས་ སྤུད་པས་ཆེས་ཁྱད་དུ་འཕགས་པའི་ཡུལ་གྲུ་ཀུན་ཏུ་ཁྱབ་ཡོད་པ་འདི་དག་ལ་དགའ་བ་ སྐྱེ་འོས་པ་མ་ཟད།ཅེས་གསུངས་པ་འདི་ཡང་སྲོལ་རྒྱུན་རིག་གནས་ཀྱིས་ང་ཚོར་སྤྲད་པའི་རིན་བྲལ་གྱི་འགྲོ་བ་མིའི་གཞི་རྩའི་དགོས་མཁོའི་ལེགས་བྱང་ཤ་སྟག་ཡིན་ཅིང༌། སྔར་གྲངས་མང་བའི་མན་ཇུའི་མི་རིགས་དེ་མི་རིགས་ཆེན་པོའི་ཁོངས་སུ་འཐིམ་ཟིན་པ་དེ་དཔེ་མཚོན་དུ་བསམ་ན། མི་རིགས་གང་ཞིག་གི་སྲོག་རྩ་ཡུན་དུ་གནས་མི་གནས་ནི་མི་རིགས་དེའི་རིག་གཞུང་གི་འཚོ་བཅུད་ལ་རག་ལས་ཀྱི་འབྲེལ་བར་གྲུབ་པ་ཤེས་ཐུབ་པས། མི་རིགས་ཤིག་འཚོ་གནས་བྱ་དགོས་ན་ལག་བསྟར་ཅི་ཞིག་དགོས་པར་ངེས་པ་བརྙེད་པའི་ཐོག་ནས་ཆོས་དང་རིག་གཞུང་ལ་བླང་དོར་དཔྱད་འཇོག་དང༌། གདོད་མའི་རྨང་གཞིའི་སྟེང་དུ་ཉིང་བཅུད་ཚུལ་ལེན་དང༌། བཟང་སྣོན་གྱི་ལེགས་ཆ་དག་བླངས་པ་ལས། རྙིང་ པ་རྨེག་མེད་དང་ཡོད་ཚད་གསར་རྐྱང་དུ་བཞག་ན་འགྲོ་བ་མིའི་བདེ་དོན་གྱི་གཞི་རྩར་མཁོ་བའི་རྩ་ཆེན་གྱི་ལེགས་བྱང་དག་རང་བཞིན་གྱིས་འཇིགས་པར་འགྱུར་བས་གཞི་མེད་ ཀྱི་ཉམས་རྒུད་ལས་ཡར་རྒྱས་ཀྱི་ཐབས་ལམ་དང་འགལ་བ་ཡིན། འོན་ཀྱང་དེ་ཙམ་གྱི་མི་ཚིམས་པར་མི་རིགས་ཀྱི་ངོས་འཛིན་མ་བརླག་པ་ཞིག་དང༌། རྒྱ་ཆེ་དོན་ཟབ་ཀྱི་རིག་པའི་གཞུང་ལུགས་ཀྱི་གནད་རྣམས་མི་རབས་ཕྱི་མའི་ཧ་གོ་དགོས་པའི་གནས་སྟངས་ལ་འགྱུར་བ་མ་བྱུང་ན་བཅུད་ལེན་སྙིགས་འདོར་གང་དགོས་བྱ་ཆོག་པ་ལས་ སྦུབས་སུབ་དོག་པོའི་མནོ་བསམ་བཏང་བ་ནི་ངལ་བ་ཁོ་ནའོ།།

གསུམ་པ། དེ་ཉིད་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་བྱ་དགོས་པ།

གསར་རྙིང་གི་དགེ་མཚན་འགྲན་བསྡུར་བྱ་རྒྱུ་ནི་ཡར་རྒྱས་ཀྱི་ཐབས་མཆོག་བླ་ན་མེད་པ་ཞིག་ཡིན་པས། གོང་བཤད་བཞིན་སྔར་ཡོད་རིག་གནས་ཀྱི་རྨང་གཞིའི་ཐོག་མི་རིགས་གཞན་གྱི་རིག་པའི་སྙིང་བཅུད་བསྡུས་ཏེ། གསར་རྙིང་ངོ་མཚར་མཐུན་སྡེབ་ཀྱི་ལམ་ནས། གསར་གཏོད་དང་གོང་སྤེལ་ཆེད། བློ་སྟོབས་དང༌། བརྩོན་པ་མ་ཉམས་པ་བྱས་ན། རྟག་གུས་བརྩོན་པས་མ་བཏང་ན།། མི་འགྲུབ་བྱ་བ་གང་ཡང་མེད།། ཅེས་པ་བཞིན་སྔོན་ཐོན་མི་རིགས་ཀྱི་གྲལ་དུ་ཚུད་ཅིང༌། ལུས་ སྲོག་བློས་བཏང་གིས་ངལ་བ་བརྒྱ་ཕྲག་ཁྱད་དུ་བསད་དེ་མི་རབས་ཕྱི་མ་དག་ལ་རིག་གནས་ ཤུལ་བཞག་གནང་མཁན་གྱི་མེས་པོ་དམ་པ་གོང་མ་ཚོར་ངོ་གནོང་མི་དགོས་པ་ཞིག་ཀྱང་ཡོང་ བ་མ་ཟད། རང་དབང་དང་རང་དབང་མ་ཡིན་པའི་ཐོག་ནས་གཞིས་བོད་གཉིས་སུ་སྲོལ་རྒྱུན་གྱི་རིག་གནས་དང༌། བོད་ མིའི་བཟང་སྤྱོད་དག་ཉམས་དམས་སུ་འགྲོ་བཞིན་པ་འདི་ཉིད་སྣང་མེད་དུ་འཇོག་ན་ འབྱུང་འགྱུར་གྱི་མི་རབས་རྣམས་ལ་འཚམ་དང་མི་འཚམ་དེ་མི་རིགས་ལ་ཤ་ཚ་ཡོད་པའི་ སྐྱེ་བོ་རྣམ་དཔྱོད་ཅན་ཞིག་ཡིན་ན་ཤེས་དགོས་པའི་དུས་ཚོད་དུ་སླེབས་ཡོད། འཛམ་གླིང་སྤྱིའི་འགྲོས་བཞིན་མི་རིགས་གང་ཡིན་སྐད་དང་ཡི་གེ་སོགས་ཐུན་མོང་མ་ཡིན་པའི་རིག་གཞུང་ཁོ་ནའི་འབྱེད་པ་ལས། སྨན་པས་ནད་པར་བརྟགས་པ་ལྟར་རྩ་རྒྱུད་ཀྱི་ཟུངས་ཁྲག་ལ་བལྟ་ནས་མི་རིགས་ཀྱི་ངོས་འཛིན་བྱེད་པ་ནི་ནམ་ཡང་ཡོང་ཐབས་མེད་པ་ཞིག་རེད།

དེ་ཡང་བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱ་རྒྱུ་ནི་མི་རིགས་ཤིག་ཆགས་འཇིག་ཙམ་མ་ཡིན་པ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་རྣམ་ཀུན་གསུང་བཞིན་པའི་འཛམ་གླིང་གི་དཀའ་ངལ་ཆེན་པོ་ལྔ་སྟེ། དང་པོ། མི་འབོར་ཧ་ཅང་འཕེལ་རྒྱས་འགྲོ་བ་ལ་བརྟེན་ནས་མཐུན་རྐྱེན་གྱིས་མ་ལྡེང་བ། གཉིས་པ། དཔལ་འབྱོར་འདྲ་མཉམ་མེད་པ། གསུམ་པ། ཁོར་ཡུག་ཉམས་ཆག་ཚབས་ཆེན་འགྲོ་བཞིན་པ། བཞི་པ། དམག་དང་འཁྲུག་རྩོད་ཀྱི་གནས་ཚུལ། ལྔ་པ། ཆོས་ལུགས་ཀྱི་མིང་དེ་འཁྲུག་རྩོད་བྱ་རྒྱུའི་དོན་དུ་བེད་སྤྱོད་བྱེད་པ་དང་ལྔ་ལས། དཀའ་ རྙོག་འདི་དག་རེ་རེས་ཀྱང་འཛམ་གླིང་སའི་གོ་ལ་ཧྲིལ་པོ་རྩ་འཐོར་དུ་འགྲོ་བར་ནུས་ པའི་ཆེས་འཇིགས་སྣང་ཅན་གྱི་གནད་དོན་དག་ལ་ཡང་གདོང་ལེན་བྱ་ཐབས་ནི་བོད་ཀྱི་ སྲོལ་རྒྱུན་རིག་གནས་ཀྱི་ཉིང་བཅུད་དེ་ནང་པའི་ལྟ་སྤྱོད་ཀྱི་ལམ་བུར་བསྐྱོད་དེ་ བྱམས་པ་དང༌། སྙིང་རྗེ། གཞན་ཕན་དང༌། འཚེ་བ་མེད་པ། ལྷག་བསམ་དང་དྲང་བདེན་སོགས་ལ་གཞི་བཅོལ་དགོས་པ་ལས། མདུན་མཆོང་དང༌། གསར་བཏོད། དེང་རབས་དང༌། སྔོན་ཐོན་སོགས་གང་གིས་ཀྱང་ལྡོག་མི་ནུས་པ་ནི་མ་བལྟས་ལོང་བས་མཐོང་ཚོད་དང༌། མ་བཤད་འོན་པས་གོ་ཚོད་དུ་ཡོད། དེས་ ན་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་འཚོ་གནས་རང་རྐྱ་ཐུབ་མིན་ཙམ་མ་ཡིན་པར་སྐྱེ་བོ་ ཡོད་དོ་ཅོག་ལ་ཕན་པ་དང་བདེ་བ་མ་ལུས་པ་འབྱུང་བའི་སྒོ་གཅིག་པུར་གྱུར་པ། སྔ་སྲོལ་རིག་པའི་གནས་ཆེན་པོ་འདི་དག་ཉམས་རྒུད་དུ་འགྲོ་བཞིན་ཡོད་པའི་ཚུལ་འདིར་འབྲེལ་ཡོད་དབུ་ཁྲིད་རྣམས་དང༌། བསྟན་དང་འགྲོ་བར་ཕན་པ་ཁས་འཆེ་བའི་བླ་ཆེ་མི་དཔོན་དག་གིས། ཚིག་སྙན་མོའི་ཁ་གཡང་སྒྲོག་པ་ཙམ་དང༌། འབྲེལ་ཆགས་པའི་བསྒྲགས་གཏམ་རིང་མོ་ཙམ་གྱིས་ཕན་པར་དཀའ་བས་ཐུགས་ཉམས་ཞིབ་འཇོག་གནང་རྒྱུ་དགོས་གལ་ཆེ་ཞིང༌། སྤྱི་ཚོགས་ཀྱི་འཕེལ་རྒྱས་དང༌། ཚན་རིག་དང་དཔལ་འབྱོར། རིག་གནས་དང་སློབ་གསོ་ཐམས་ཅད་ཀྱི་གཞི་རྩར་གྲུབ་པའི་བོད་ཀྱི་སྐད་དང་ཡི་གེའི་གཙོས་ཆོས་དང་རིག་གནས་དག་འཇིག་པར་གྱུར་ན། སའི་གོ་ལ་ཆེན་པོ་འདིའི་ཕང་བར་གནས་པའི་སྲོག་ལྡན་ཀུན་གྱི་ཕམ་ཁ་ཡིན་པར་གཟིགས་ནས། ཕྱིས་ འབྱུང་ན་གཞོན་རྣམས་ཀྱིས་རང་གི་རིག་གནས་ཀྱི་རིན་ཐང་ལ་རྒྱུ་མཚན་དང་བཅས་པའི་ ངེས་པ་རྙེད་ཐུབ་པའི་ཐབས་བྱུས་ཤིག་ལག་བསྟར་གྱིས་རིམ་པའི་རྒྱ་ཁྱབ་ཏུ་བཏང་རྒྱུ་ནི་ཁ་ཚ་དགོས་གཏུགས་ཡིན། དེ་ཡང་སྤུས་ཚད་དང་ལྡན་པའི་ཐོན་རྫས་གང་ཞིག་བཟོ་སྐྲུན་བྱ་རྒྱུ་དེ་གལ་ཆེན་པོ་ཡིན་ཀྱང༌། དེ་ཉིད་འཁོར་རྒྱུག་བྱེད་སའི་ཁྲོམ་ར་ཞིག་མེད་ན་ཐོན་སྐྱེད་བྱེད་མཁན་ཡང་རང་བཞིན་གྱིས་ཉུང་དུ་འགྲོ་བ་ལྟར། གཅེས་པར་འོས་པའི་སྲོལ་རྒྱུན་རིག་གནས་དེའང་སློབ་གྲྭ་ལྟ་བུ་ཞིག་གི་ནང་དུ་བསླབ་རྒྱུ་ཙམ་གཙོ་བོ་མ་ཡིན་པ། དེ་ཉིད་སྤྱི་ཚོགས་ཁྲོད་དུ་དགོས་མཁོ་དང་བཀོལ་སྤྱོད་བྱེད་སའི་ཁོར་ཡུག་བསྐྲུན་ དགོས་པ་ནི་ནད་ཐོག་ལ་སྨན་དང་རྣག་ཐོག་ལ་བཙག་ལྟ་བུར་ཤེས་དགོས་ཤིང༌། ཁོར་ཡུག་བསྐྲུན་དགོས་ཞེས་པ་ནི་རིག་གནས་ཀྱི་ཁོར་ཡུག་རྒྱ་བསྐྱེད་དང་རང་རིགས་ཀྱི་ ཕུལ་བྱུང་མཁས་དབང་དག་ལ་མཐོང་བཟོས་གང་ལེགས་གནང་རྒྱུ་སོགས་ཀྱིས་མཚོན། དེ་མིན་སྐད་དང་རིག་གཞུང་ནི་མི་རིགས་ཀྱི་བླ་སྲོག་ཡིན་ཅེས་ག་ཚོད་བཤད་ཀྱང་ལོང་བས་ འཕངས་པའི་མདའ་མོ་ལྟར་དམིགས་གཏད་ཅི་ཡང་མེད་པ་འགྱུར་རྒྱུ་གདོན་མི་ཟའོ།།


 
 
Re:བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་དགེ་མཚན་གླེང་བའི་གཏམ།
[ 2011/10/28 20:43:09 | By: yongzhou ]
 
yongzhouབོད་པའི་སྲོལ་རྒྱུན་རིག་གནས་ནི་དགེ་མཚན་ཆེ་ཞིང་ཆེ་ལ་བརླིང་ཞིང་བརྟན་ན་ཡང་དེང་རབས་རིག་གནས་ནི་དེ་བས་གལ་འགངས་དུ་སེམས་པས་ཅིས་ནས་བརྩོན་པ་རིགས་སོ།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.