གཏེར་སྟོན་ཆེན་པོ་༧རྗེ་བཙུན་ཁྲོ་ཚང་འབྲུག་ལྷའི་རྣམ་ཐར་སྐོར།།
རྩོད་ལྡན་མུན་པའི་འཛམ་གླིང་འཇིག་རྟེན་དུ།།
དྲི་མེད་གྱེར་བསྟན་ཉི་བཞོན་དཀྱིལ་འཁོར་བཅས།།
ཕྱོགས་མེད་འདྲེན་མཛད་སྟོན་མཆོག་བརྒྱ་ཡི་མགོན།།
དེའི་སྲས་ཚོགས་ལ་ཚད་མེད་ཕྱག་བགྱིད་དོ།།
གདོན་གྱིས་བསླུ་བའི་བོད་ཀྱི་བཙན་པོ་འགས།།
བོན་བསྟན་ནུབ་པའི་བྱ་བ་ཇི་བྱེད་ཀྱང་།།
ལས་སྨོན་དབང་གིས་བྱོན་པའི་གཏེར་སྟོན་རྣམས།།
སླར་ཡང་བསྒྲེངས་ཏེ་གཞལ་མེད་བཀའ་དྲིན་ཅན།།
རྒྱལ་བ་མངོན་བྱོན་གཏེར་སྟོན་ཐུ་བོ་མཆོག།།
གྲུབ་རྟགས་རྫུ་འཕྲུལ་བསྟན་འགྲོར་སྨན་པར་མཛད།།
བྱིན་རློབས་མཐུ་བཙན་བོན་བསྟན་ཉིན་མོར་བྱེད།།
མཚུངས་མེད་འབྲུག་ལྷ་གངས་ལྗོངས་དབྱིག་ཕུལ་བྱུང་།།
ཞེས་མཆོད་པར་བརྗོད་པ་ཡིད་ཁ་འབྱེད་པའི་དྲི་ངད་སྤོས་ཀྱིས་མདུན་ནས་བསུས་ཏེ་སྐབས་འདིར་གླེང་བར་བྱ་ནི། རྗེ་འབྲུག་གི་རྣམ་ཐར། སྡེ་ཚན་
དང་པོ་འཁྲུངས་ཡུལ་དང་འཁྲུངས་ཚུལ་སྐོར།དམ་པ་དེ་ཉིད་ནི་བོད་གངས་
ཅན་ལྗོངས་ལྷོ་ཁའི་ས་ཁུལ་སྣེ་དཀར་རྩེ་རྫོང་ཡར་འབྲོག་སྟག་ལུང་ཞེས་
པར་ཡབ་ཁྲོ་ཚང་གསས་མཁར་གཉན་དང་། ཡུམ་དར་ཟ་སྒྲོན་མ་གཉིས་
ལ་སྤྱི་ལོ་ ༼༩༥༦༽མེ་ཕོ་འབྲུག་གི་ལོ། ལོ་གསར་སྟག་གི་ཟླ་བ་ཚེས་
བཅོ་ལྔ། དུས་ཚོད་དང་པོ་ནམ་ལངས་པ་དང་། རི་བོའི་རྩེ་ལ་ཉི་མ་
ཤར་བ་དང་། བར་ནང་ལ་གཡུ་འབྲུག་ཐུན་གསུམ་གྲགས་པ་དུས་མཉམ་དུ་
སྐུ་ཡི་མཚན་དཔེ་བཞད། སྐུ་འཁྲུངས་བ་ཙམ་ན་ཞལ་སྒོ་ལས་དུང་ཚེམས་
སུམ་ཅུ་སོ་གཉིས་ཚང་བ་དང་གཞན་ལས་ཁྱད་དུ་འཕགས་པ་ཞིག་
བྱུང་ཞིང་། ངོ་མཚར་དུ་མ་བཅས་སྐུ་འཁྲུངས་སོ།། སྡེ་ཚན་གཉིས་
པ་སྐུ་སྐྱེ་བཞེས་ནས་མཛད་འཕྲིན་ཇི་ལྟར་བྱུང་ཚུལ་ནི།རྗེ་འབྲུག་དགོངས་
ལོ་གཅིག་ཐོག་ཡུམ་ཡུན་རིང་མ་ཁོམ་རྐྱེན་ཁོང་ཞི་གནས་ཏིང་འཛིན་ལ་
བཞུགས་པ་དང་། ཡང་རེ་ཞིག་རྗེ་འབྲུག་དགོང་ལོ་བཅུའི་ཐོག་ཁོང་གི་
ཡུམ་གྲོངས་ནས་ཡུམ་སྤུར་བཞུ་བྱེད་ཡུལ་ལུང་དེར་མེད་ཙན་དན་གྱི་ཤིང་
ཁུར་པོ་ཞིག་རྫུ་འཕྲུལ་ཐོག་ནས་བླངས་ཤིང་ཡུམ་གྱི་སྤུར་བསྲེག་བཞུ་བྱེད།དེའི་ཕྱོགས་ལ་དགེ་རྩ་མང་པོ་མཛད། ཡང་རེ་ཞིག་དམ་པ་ཁོང་ལ་
ཡབ་ཀྱིས་ཁྱིམ་གཞི་འཛིན་དགོས་གསུང་དུས། དམ་པའི་ཞལ་ནས་འཁོར་
བའི་འདམ་རྫབ་མ་སྤང་ན་ཐར་བའི་རྒྱུ་མཆིས་དཀར་གསུང་ནས་དགོང་ལོ་བཅུ་གཅིག་ཐོག་དབུས་ཕྱོགས་སུ་མཁན་པོ་གཉོས་ལག་དྲུག་གི་མདུན་དུ་
རབ་བྱུང་སྡོམ་པ་བླངས་ནས་དྲི་མས་མ་གོས་པ། མིག་འབྲས་བཞིན་དུ་
བསྲུངས་སོ། དེའི་རྗེས་མཛད་འཕྲིན་བསམ་ལས་འདས་ཤིང་ཡིག་ཚོགས་
མང་རྐྱེན་སྐབས་འདིར་མཚམས་སུ་ངལ་གསོ། སྡེ་ཚན་གསུམ་པ་མཛད་
འཕྲིན་ཐ་མ་དགོངས་པ་དབྱིངས་སུ་བསྡུ་ཚུལ་དང་རྗེས་འཇུག་བུ་ལ་དངོས་གྲུབ་བྱུང་ཚུལ་ནི། དགོངས་ལོ་བརྒྱ་དང་ཉི་ཤུའི་ཐོག་ཉིན་ཞིག་ཐུགས་ལ་
ལུས་འབྱུང་བ་བཞི་ལ་རང་དབང་ཐོབ། ད་རིང་སྐྱེ་བ་འདིར་སྒྱུ་ལུས་མི་
བཞག་ཕུང་པོ་ལྷག་མེད་གཏོང་དགོང་ནས། སྐུ་ལ་ན་དྲུག་གསོལ། ཧོས་རུ་ཕྱག་ཆ་སོགས་བསྣམས། ཞལ་ནས་ཨ་དཀར་གྱི་དབྱངས་གྱེར།
མཆོད་རྟེན་སྐོར་བ་མཛད་ནས་བར་ནང་ལ་ཇེ་མཐོ་ཇེ་མཐོ་བཞུད་དུས་
ཁོང་གི་ལྕམ་མོས་ང་ཚོར་ཐུགས་རྗེ་གཟིགས་བྱེད་ནས་བར་ཆད་དབང་
གིས་འཇའ་ལུས་འོད་སྐུར་ཕེབས་མ་ཐུབ། དེའི་རྗེས་དེང་གི་བྲག་ཕུག་ཏུ་
སྐུ་ལ་འོད་ལྔའི་འཇའ་ཚོན་གྱིས་གུར་ཕུབ། བར་ནང་ལ་གསལ་བའི་འོད་
ཤར། ནམ་མཁའ་ལས་མེ་ཏོག་གི་ཆར་བབས། མ་ཟད་སྐུའི་དབུ་དབྱང་
ལ་གདུང་ཤ་རི་རམ་ཁ་དོག་དྲུག་ལྡན་གྱིས་རྒྱན་པ་གསུམ་བྱུང་ཞིང་།
དེ་འདྲའི་ངོ་མཚར་རྟགས་མང་པོ་བཅས་དགོངས་པ་དབྱིངས་ཉིད་དུ་གྲོལ་
བར་མཛད་དོ། དེའི་རྗེས་སུ་རྗེས་འཛིན་བུ་ལ་དངོས་གྲུབ་བྱོན་ཚུལ་ནི།
དགོངས་མཛོད་རི་ཁྲོད་ཆེན་པོས། རྗེ་འབྲུག་གི་འབུམ་གྱི་དྲུང་དུ་ལོ་
གསུམ་རིང་ལ་བཞུགས་ནས་མོས་གུས་དག་སྣང་གིས་སྐོར་བ་མཛད་པས།
སྔོན་གྱི་ལས་འཕྲོད་དང་། སྨོན་ལམ་གྱི་ཤུགས་ཀྱིས་གདུང་ཤ་རི་རམ་
གསུམ་པོ་ཕྱག་ཏུ་བྱོན་ཞིང་གཅིག་སྐུ་གདུང་དབུས་སུ་བཅུག་ནས་གཙུག་
ནོར་བཞིན་འགྲོ་དོན་མཛད། གཅིག་ཧོས་རུ་བུམ་པའི་ནང་དུ་བཅུག་ནས་
ཕྱག་སྐོར་བྱེད་ས་ཞིང་མཛད། གཅིག་ནི་སྨད་ཀྱི་སྙ་ཕར་ཕྱིན་ཚང་ལ་
བཞུགས་ནས་འགྲོ་དོན་མཛད་དོ། མཐའ་དམ་པའི་ཕྱི་ནང་གསང་གསུམ་
གྱི་མཛད་འཕྲིན་མདོ་བསྡུ་ཙམ་སྤྱི་ལོ་ཟླ་ཚེས་ལ་ཐོས་ཆུང་མཁས་ཚང་བུ་ནས་བྲིས་པ་དགེའོ།
- ཟིན་ཐོ་གོང་མ།༧སྣང་སྟོན་ཟླ་བ་རྒྱལ་མཚན་མཆོག་གི་མཛད་རྣམ་ཟུར་ཙམ་གླེང་བ།།
- ཟིན་ཐོ་འོག་མ།མཛེས་པའི་ཕ་ཡུལ།