ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ཁྱུང་ཡུལ་དུ་དར་འཕེལ་བྱུང་བའི་བྲིས་ཀྱི་བྱུང་བ་བརྗོད་པ། | 2015/8/13 15:15:00

ཁྱུང་ཡུལ་དུ་དར་འཕེལ་བྱུང་བའི་བྲིས་ཀྱི་བྱུང་བ་བརྗོད་པ།

སྣག་སྨྱུག་ཤོག་གྲི་མཁོ་རྫས་ལེགས་པར་གཟབ།།

རྔམ་འཕྲེད་ཆག་ཚད་བགོས་ལ་འཁྱོགས་ཐིག་སྤངས།།

མཛུབ་མོའི་སྟངས་སྟབས་རན་པོས་སྨྱུག་ཁམས་བསྒྱུར།།

སྣག་ལམ་གཙང་ལ་འབྲུ་ཁོག་ཆེས་སྒྲོས་པ།།

དག་གཙང་སྙོམ་གསུམ་མཁས་ལ་བྱ་རས་ཟིན།།

རང་ས་མ་བཅུམ་སྡེ་ས་མ་བསྣད་པར།།

དཀར་ནག་ཆ་གསུམ་ཚད་དུ་གཞལ་བ་ཡིས།།

མགོ་འོག་ལུས་ཚུད་བྲིས་ཀྱི་འགྲོས་ལ་གཅེས།།

དེ་ཡང་ཟླུམ་གཟུགས་གོ་ལ་ཧྲིལ་པོའི་དབུ་རྩེ་རུ་གྲགས་པའི་ཞང་བོད་མཐོ་སྒང་ཀྱི་ལ་ལུང་དུ་འཚོ་བསྡད་བྱས་པའི་མི་རིགས་འདིས་ཞོལ་ཆེན་ལྷ་གཡག་གི་རྩིད་པ་ལས་བཟོས་པའི་ཕ་ཁྱིམ་སྦྲ་ནག་གྲུ་བཞིའི་ཆོན་ཕུར་ས་རུ་གདབ་ནས་བཟུང་།བཤད་མི་ཚར་བའི་གཏམ་རྒྱུད་རེ་རེའི་ཁུགས་སོ་ལ་རྟོགས་མི་ཐུབ་པའི་ལོ་རྒྱུས་ཀྱི་གསང་བ་རེ་རེ་གནས་ཡོད་ལ།འབྲལ་མི་ཕོད་པའི་ཤེས་རིག་གི་འདབ་ལོ་རེ་རེའི་སྟེང་ལ་གླེང་མི་ཕོད་པའི་རྨ་ཤུལ་ནག་ནོག་རེ་རེ་དོད་ནས་འཕེལ་རྒྱས་ཀྱི་སྲོག་དབུགས་ཞུགས།དེ་མུས་ཟེ་མོ་འབྲི་ཡི་འོ་ཞོའི་རྒྱ་མཚོ་བསྐྱིལ་བས་མཐོ་སྒང་ཟས་རིགས་མར་ཆུར་ལ་བརྟེན་པའི་ཞང་བོད་མི་རིགས་ལ་ལུགས་གཉིས་སྐོར་གྱི་གསར་བཏོད་རིག་པའི་སྦུབས་རྒྱ་དེ་ནས་གྲོལ།ལོ་ཡག་སྙེ་མའི་གྲ་རྩེ་ལས་འབུས་པའི་སྔོན་མོ་ནས་ལས་གྲུབ་པའི་སྦྲང་དཀར་རྩམ་པས་འགྲོ་ཁམས་ཀྱི་ནད་མུག་སེལ་བའི་གཏམ་སྙནཧི་མ་ལ་ཡི་དབུ་རྩེ་ནས་འཛམ་གླིང་ཕྱོགས་བཞིར་དེ་ནས་བུས།བདེར་གཤེགས་སྟོང་གི་སྙིང་པོ་མ་ཏྲི་འབྲུ་བརྒྱད་ཀྱི་འགྱུར་ཁུག་དབྱངས་སུ་གྱེར་བས་དད་ཤུགས་ཀྱི་བྱམས་སེམས་ལས་སྨིན་པའི་དགེ་སྡིག་སྤངས་བླངས་ཀྱི་སོ་མཚམས་དེ་ནས་ཕྱེས།ཞང་བོད་ཀྱི་སྒོ་འཕར་དང་པོ་ཕྱེས་པའི་སྐྱེས་མཆོག་སྟོན་པ་གཤེན་རབ་མི་བོས་འཕྲུལ་གྱི་ཐོ་ཡིག་བཞི་བཅུའི་ལམ་བུ་གསར་དུ་གཏོད་ནས་ཞང་བོད་མཐོ་སྒང་གི་མ་ཕྱི་ཡིག་རིགས་དང་པོ་དེ་ནས་མཆེད།བོན་རྙིང་མ་དང་གསེར་ཞུན་མ་འདྲ་བའི་སྒོ་བཞི་མཛོད་ལྔ་དང་ཐེག་པ་རིམ་དགུའི་བཀའ་འཁོར་གདུལ་བྱའི་བློ་ཚོད་དང་འཚམས་པར་གང་ལ་གང་འདུལ་གྱིས་སྙན་མོའི་དབྱངས་རྟ་རུ་གྱེར་བས་སངས་རྒྱས་བསྟན་པ་ཐོག་མར་དར་བའི་ཆོ་ལོ་དེ་ནས་བསྩལ།སྨྲང་རབས་ལོ་རྒྱུས་རིང་བའི་ནས་ཆང་སྔོན་མོའི་ཕབ་གཏའ་ཕ་གཞིས་དྲོན་མོའི་གྱང་ཁང་དུ་བསྐྲུན་ནས་བཟུང་བཤད་མི་ཚར་བའི་ཡུ་ཏི་ཆང་གི་ལོ་རྒྱུས་ལ་འཁྲི་བའི་དགྲ་གཉེན་ཟུང་གི་གཏམ་རྒྱུད་རིང་མོ་དེ་ནས་འཐེན།གནའ་བོའི་ཞིང་འབྲོག་རྒན་པོས་སྐར་མཛོད་ལག་མཐིལ་དུ་བཀོད་ཅིང་གནམ་ཚོད་ས་ཚོད་ལ་གཞིགས་པའི་སྐྱས་འདེབས་ཀྱི་ཉམས་མྱོང་ཁོག་ཏུ་བཅངས་ནས་དུས་བཞིར་མཐུན་པའི་འབྲོག་ལས་དང་སོ་ནམ་རིག་པའི་སྐྱ་རེངས་འགོ་མ་དེ་ནས་བཏང་།རྒྱུ་དུག་གསུམ་ལས་སྨིན་པའི་ནད་རླུང་མཁྲིས་བད་ཀན་དང་རྐྱེན་ཟས་དང་སྤྱོད་ལམ་བྱུང་རྒྱལ་ལས་སྨིན་པའི་ནད་རིགས་སུམ་བརྒྱ་དྲུག་ཅུ་འདུལ་བའི་ནད་སྨན་བརྡ་སྤྲོད་ཀྱིས་ལུས་ཁམས་གསོ་བའི་སྨན་གཞུང་ཡོ་ཀའི་མ་ཕྱི་འབུམ་བཞི་ཚིག་དོན་ཆེན་མོ་དེ་ནས་བསྒྲགས།ཞང་བོད་གྱི་རི་སུལ་ནས་ཤིང་ལོ་དང་པགས་རིགས་གྲོ་ག་སོགས་ཀྱི་ངོས་སུ་ནག་ནོག་རི་མོ་ཐོག་མར་འཐེན་པའི་གནའ་འཛིན་རིག་པའི་དཔའ་བོ་རྣམས་ཀྱིས་སྒྱུ་རྩལ་པིར་སྨྱུག་གི་སྟངས་སྟབས་དེ་ནས་བསྒྱུར།བྱམས་སེམས་ཀྱིས་རང་རྒྱུད་བརླན་ཞིང་ཡང་མེས་ཀྱི་རིག་རྒོད་དུ་མས་དུས་རབས་ཀྱི་འགྱུར་ཁུག་དང་བསྟུན་པའི་ཞང་བོད་ཀྱི་ཡིག་རིགས་མགྱོགས་བྲིས་ཐུབ་པའི་ཡིག་སྐུངས་རིག་པའི་ལྷུ་ལག་དེ་ནས་བརྐྱངས།ས་མཐོའི་གཏེར་རྫས་རྣམས་ཀྱི་ཡ་གྱལ་དུ་གཏོགས་པའི་ས་ཚོན་སྣ་ལྔ་ལས་འབུས་པའི་རྡུལ་ཚོན་ཁ་བ་བབས་པ་དང་ཡོངས་སུ་མཚུངས་པའི་གནའ་སྲོལ་མཚན་མ་རྡུལ་ཚོན་གྱི་འབུར་རིས་དེ་ནས་ངོམ།དུས་རབས་དང་ལོ་རྒྱུས་ཀྱི་དཔང་རྟགས་སུ་ཡུན་ནས་ཡུན་དུ་འགྱིང་བའི་བདེ་བར་གཤེགས་པའི་སྙིང་པོ་གསུང་རྟེན་རྡོ་རུ་བཀོད་པའི་ཝར་འབུར་གཉིས་ལས་གྲུབ་པའི་རྡོ་འབུམ་གྱི་རི་བོ་དེ་ནས་བརྩིགས།

དེ་ཡང་ཞང་ཞུང་རྒན་པོའི་བླ་སྲོག་ལས་མཆེད་པའི་ཤེས་རིག་གོམས་སྲོལ་ནི་བགྲང་བྱ་གངས་དཀར་ཏི་སེ་དང་མཉམ་ཞིང་བཞུར་རྒྱུན་རིང་མོ་ཁ་འབབ་ཀྱི་ཆུ་བོ་བཞི་དང་མཚུངས་པར་གྲགས་པའི་ལོ་རྒྱུས་འདི་རྣམས་ནི།ས་མཐོའི་མར་རྩམ་གྱི་རྙིང་དྲི་མ་ཡལ་བའི་དཔྱད་གཟོད་རིན་ཐང་ལྡན་ཅིང་མཐོ་སྒང་འདིའི་ཐོག་ཏུ་ས་སྐྱེས་རྡོ་སྐྱེས་ཚུལ་དུ་དར་ཁྱབ་བྱུང་ནས་ད་བར་དུ་འཕེལ་འགྲིབ་ཀྱག་ཀྱོག་གི་ལམ་བུ་དུ་མ་བརྒྱུད་པའི་བགྲེས་སོང་ཞིག་དང་ཡོངས་སུ་མཚུངས།བོན་གྱི་ཡིག་ཚང་དུ་འཁོད་པ་ལྟར་ན་སྟོན་པ་གཤེན་རབ་མི་བོའི་དུས་སུ་ད་ལྟའི་ཡི་གེ་འདིའི་མ་ཡིག་ཡོད་པ་འདོད་ཚུལ་ནི།བདུད་ཁྱབ་པས་སྟོན་པའི་བསྟན་པ་ལ་བར་ཆད་བརྩམས་པའི་ཕྱིར་དུ།སངས་པོ་འབུམ་ཁྲིའི་ཡང་བཅུད་ལས་གྲུབ་པའི་ཡིག་འབྲུ་ཁྲི་དང་འབུམ་ཡོད་པ་རྣམས།བདུད་ཁྱབ་པས་མེར་སྲེག་སྐབས།ཡིད་ཀྱི་ཁྱེའུ་ཆུང་གིས་མེར་བརྙབས་པས་ལག་ཏུ་བེའུ་བམ་ཚིག་འཕྲོ་སྤར་གང་ཐོབ་ནས་མྱ་ངན་དང་བཅས་ཏེ་གཤེན་ལ་ཕུལ།སྟོན་པས་གསུངས་པ།མཁའ་གསལ་སྒྲོན་མ་མ་ནུབ་ན།།སྐར་ཕྲན་འཐོར་བ་བཟོད་ཙམ་རྒྱུ།།དཔའ་བོ་འབྲུ་ལྔ་མ་ཚིག་ན།།ཡིག་འབྲུ་ཁྲི་འབུམ་བཟོད་ཙམ་རྒྱུ།།ཞེས་གསུངས།དེ་ནས་སྟོན་པས་དཔའ་བོ་འབྲུ་ལྔ་ལས་འཕྲུལ་གྱི་ཐོ་ཡིག་བཞི་བཅུ་སྤྲོས་པའོ།།སྤྲོས་ཞེས་པ་ནི་དཔའ་བོ་འབྲུ་ལྔ་རེ་རེ་ལས་ཡིག་འབྲུ་བརྒྱད་རེ་ཐུགས་ལ་ཤར་བའི་ཚུལ་གྱིས་སྤྲོས།ད་དུང་སྟོན་པས་བཟོ་རྒྱལ་གར་མ་ལི་ཤོ་ལ་ཡིག་བྲིས་གཉེར་དུ་གཏད་ཚུལ་ནི།གཟི་བརྗིད་ཁ་སྡེ་ལས།ཉོན་ཅིག་གར་མ་ལི་ཤོ་ཉོན།།ཤེས་བྱ་ཀུན་གྱི་ཐོག་མ་རུ།།ཤེས་པའི་གཞི་མ་ཡི་གེ་བསླབ།།མི་ཤེས་ལྐུགས་པ་ཡི་གེས་བཀྲོལ།།མི་ཤེས་རྨུག་པ་ཡི་གེས་སེལ།།རིག་པའི་སྒྲོན་མེ་ཡི་གེ་འདོགས།།དེ་ཕྱིར་ཡི་གེ་རྒྱུན་བརྟན་ན།།ཤེས་བྱ་ཀུན་གྱི་གཞི་མ་ཡིན།ཞེས་སོགས་སྟོན་པས་གཉེར་གཏད་མཛད།ཡང་སྟོན་པ་འཁོར་རྣམས་ལ་འདི་ལྟར་བཀའ་བསྩལ་ཏེ།མཛད་པ་དྲུག་ཅུའི་མདོ་ལས།གཤེན་རབ་སྐུ་ཡི་འདུལ་བསྟན་ནང་།།མ་འོངས་འགྲོ་ཀུན་ཐར་པ་འདྲེན་པའི་དཔལ།།གསུང་དང་ཐུགས་ཀྱི་བསྟན་པ་རིམ་གྱིས་འབྱུང་།།དེ་ཕྱིར་ང་ཉིད་མི་འབྱོན་ཡི་གེ་འབྱོན།།རྒྱལ་བའི་བསྟན་པ་ཡི་གེས་འཛིན་དགོས་པས།།འཕྲུལ་གྱི་ཡི་གེ་འདི་ལ་ཀུན་གྱིས་བཀུར།།ཞེས་སོགས་གསུངས།ད་དུང་སྟོན་པའི་བཀའ་དང་།རྗེས་འཛིན་གྱི་བཀའ་བརྟེན་ལ་སོགས་བོན་གྱི་ཡིག་ཚང་ནང་འཁོད་པ་ལྟར་ན་གནའ་བོའི་ཞང་བོད་ཡི་གེ་ལ་གྲངས་མང་ཉུང་གི་བཞེད་ཚུལ་ཅི་རིགས་སུ་མངོན་པ་སྟེ།

༡གཡུང་དྲུང་ལས་དག་ལས་ཡིག་འབྲུ་སུམ་ཅུའི་འབྲུ་བཀོད་ཅིང་།ཡིག་ཕྲན་བརྒྱད་ཀྱིས་རྒྱན་བཀོད་ན།ཞེས་ཡིག་འབྲུ་སོ་བརྒྱད་དང་།ཡང་མདོ་གཟེར་མིག་ལས།གཏོ་ཡི་བཀའ་སྒྲོམ་བདུད་ཀྱིས་ཞུགས་ལ་བསྲེགས།།བྱིན་གྱིས་རླབས་པས་དཔའ་བོ་འབྲུ་ལྔ་ལུས།།སྨོན་ལམ་བཏབས་པས་སུམ་ཅུ་རྩ་བརྒྱད་འཕེལ།།ཕྱི་རབས་དོན་དུ་སྒོ་བཞི་མཛོད་ལྔ་བྲིས།ཞེས་གཞུང་གོང་འོག་གཉིས་ནས་ཡིག་འབྲུ་སོ་བརྒྱད་ཡོད་པ་མཚུངས།༢བསེན་ཐུབ་དང་ཡོངས་རྫོགས་ལས།ལྷ་ཡི་ས་བོན་དང་མཐུན་པར་ཡིག་གྲངས་གསལ་བྱེད་སུམ་ཅུ་དང་།དེ་ལྷག་བཅོ་ལྔ་བཅས་ཞེ་ལྔ་ཡོད་པ་འདོད་ལ།༣ཡང་གཟི་བརྗིད་ལས།ཡིག་འབྲུ་སུམ་ཅུས་ཁོག་ཀྱང་དབུབ།མགོ་ཡི་ལམ་དྲངས་ཤད་མདོ་བཅད།ཚེག་གིས་བར་ཕྱེ་མི་འཁྲུག་སྙོམ།གུག་འགྲེང་ན་རོ་ཞབས་ཀྱུ་དང་།ཡ་སྟ་ར་སྟ་བཅས་པ་ཡི།སྐབས་སྦྱོར་ཡན་ལག་རྒྱས་པར་འདོགས།ཞེས་དང་།ཡང་མ་རྒྱུད་སྐྱེ་མེད་ཐིག་ལེ་ལས།གསལ་བྱེད་སུམ་ཅུའི་སྟེང་དུ།འཕྲུལ་ཡིག་བཞི་བཅུས་གོ་ཕྱེ་བ།ཀྴ་ཡི་ལམ་དྲངས་ཨས་བར་འབྱེད།ཥྟ་ཡིས་མདོ་བཅད་ཨི་ཨུ་ཨེ།ཨོ་ཨཾ་སྐབས་སྦྱོར་ཡན་ལག་བཏགས།བྷི་མྷིང་སྤུངས་པས་བཞི་བཅུར་འགྱུར།ཞེས་གསལ་བྱེད་སུམ་ཅུ་དང་།སྐབས་སྦྱོར་ཡི་གེ་བཅུ་བཅས་འཕྲུལ་གྱི་ཐོ་ཡིག་བཞི་བཅུ་བསྟན།ད་དུང་ཡིག་འབྲུ་སོ་བདུན་དང་།ཡིག་སྨད་སོ་བརྒྱད་སོགས་ཅི་རིགས་སུ་བཞེད་པ་ཡོད་ཀྱང་གཙོ་བོ་གཟི་བརྗིད་དང་མ་རྒྱུད་སྐྱེ་མེད་ཐིག་ལེ་ལས་བསྟན་པའི་འཕྲུལ་ཡིག་བཞི་བཅུ་ཞེས་པ་ཡོངས་སུ་གྲགས་པ་འདིའོ།།

ཡང་གནའ་བོའི་ཞང་བོད་ཀྱི་ཡིག་རིགས་འཕེལ་རིམ་ཐད་ལཏི་སེའིདཔེ་ཚོགས་དར་རྒྱས་གསལ་སྒྲོན་༢༨༣ལས་འདི་ལྟར་བཞེད་ཡོད་དེ།དག་པ་ལྷ་ཡི་ཡི་གེ་རྟག་གཟིགས་སྤུངས་ཡིག་ཏུ་བསྒྱུར།རྟག་གཟིགས་སྤུངས་ཡིག་ཞང་ཞུང་ཡིག་རྒན་དུ་བསྒྱུར།ཡིག་རྒན་སྨར་སྦྲག་ཏུ་བསྒྱུར།དེ་སྨར་ཆེ་ཆུང་དུ་བསྒྱུར།སྨར་ཆེན་དབུ་ཆེན་ནམ་གཟབ་ཏུ་བསྒྱུར།སྨར་ཆུང་འབྲི་མར་བསྒྱུར།ཡིག་སྣ་འབྲུ་མ་ལས་བརྩམས་སོ།ཞེས་དང་།ད་དུང་ཆོས་པའི་གཞུང་ལུགས་དུ་མ་ནས་བོད་ཡིག་སྐོར་ལ་འདི་ལྟར་བཞེད་དེ།བཙུན་པ་རིན་ཆེན་ཚུལ་ཁྲིམས་ཀྱིས་མཛད་པའི་རིག་གནས་ལྔ་ཡི་རྣམ་བཞག་ནང་།མདོར་བསྡུས་བཞི་པ་ལས།བཅོམ་ལྡན་འདས་མྱ་ངན་ལས་འདས་པར་གྱུར་པ་ན།བཀའ་སྡུད་པ་པོ་དག་གིས་ཐེག་པ་གསུམ་གླེགས་བམ་ལ་བྲིས་ཏེ།སྡེ་སྣོད་གསུམ་མ་གྷ་དྷའི་སྐད་ཀྱིས་བྲིས་སོ།མདོ་སྡེ་ནི་སིནྡྷུའི་སྐད་ཀྱིས་བྲིས་སོ།ཞེས་པ་ནས་བོད་ཀྱི་ཡུལ་དུ་ཐེག་པ་གསུམ་བོད་སྐད་ཀྱིས་བྲིས་སོ།ཞེས་གསལ་བས་ཕལ་ཆེར་གནམ་གྱི་ཁྲི་བདུན་གྱི་དུས་སྐབས་སུ་ཁེལ་ཡོད།ཡང་སློབ་དཔོན་པདྨའི་ཞལ་ནས།རྒྱ་གར་ཆོས་རྣམས་བོད་དུ་བསྒྱུར་བའི་ཚེ།རྒྱ་གར་ཡི་གེ་བོད་དུ་བསྒྱུར་མ་གཏུབ།ཀ་ཁ་སུམ་ཅུ་བོད་ལ་དཔེ་རུ་བླངས།སྔགས་རྣམས་མ་བསྒྱུར་རྒྱ་གར་རང་སར་བཞགལྷ་ཡི་མཚན་རྣམས་འབྱུང་བའི་བརྡ་ལས་དྲངས།ཞེས་དང་།ཡང་ཉང་ཉི་མ་འོད་ཟེར་གྱིས་བརྩམས་པའི་ཆོས་འབྱུང་མེ་ཏོག་སྙིང་པོ་ལས།བོད་ཀྱི་ཡི་གེ་ནི་ཁྲི་ཡེར་བཙན་པོའི་དུས་སུ་བྱུང་བར་འདོད།ཅེས་སོགས།ཐོན་མི་སམ་བྷོ་ཊའི་སྔོན་ནས་བོད་ལ་ཡི་གེ་ཡོད་ཚུལ་བོན་གྱི་ཡིག་ཚང་ཙམ་མ་ཟད་ཆོས་པའི་གཞུང་ལུགས་ནས་ཀྱང་གསལ་ཡོད་ལ།ད་དུང་ས་འོག་ནས་ཐོན་པའི་གནའ་རྫས་སྨར་ཡིག་ཅན་དང་།ཡིག་རྙིང་འགའ་རྙེད་སོན་བྱུང་བ་འདི་དག་ལ་བསྙད་ནས་བོད་ཡིག་ཡོད་ཚུལ་གྱི་ལམ་བུ་ཞིག་རྙེད་ཐུབ་པར་མངོན།མདོར་ན་ང་ཚོས་སྲོང་བཙན་གོང་དུ་བོད་ཡིག་ཡོད་པར་འདོད་པའི་གོང་གི་དཔེ་གཞུང་དེ་དག་ནག་སྲུབ་རྡོག་རོལ་དུ་གཏོང་མ་ཕོད་པ་ནི།བོད་ཀྱི་ལོ་རྒྱུས་ལ་སྐྱོན་གྱི་རྨ་ཁ་ཆེན་པོ་ཞིག་དོད་རྒྱུ་ལ་ཐེ་མི་ཚོམ།ད་ལན་འདིར་ང་ཚོའི་ཆེད་མངགས་བོད་རིག་པའི་ཞིབ་འཇུག་གི་ཁྱབ་ཁོངས་སུ་གཏོགས་པའི་མི་རིགས་ཞིག་གི་གནའ་སྲོལ་ཕག་ཏུ་ཡིབ་པ་རྣམས་ཀུན་གྱི་སྤྱན་སྔར་དུ་གཟིགས་མོར་བཤམས་སྟོན་ཆེད་དུ།བཟོ་རྒྱལ་གར་མ་ལི་ཤོའི་ཕྱག་རྒྱུན་ལས་མཆེད་པའི་ཁྱུང་པོའི་ཡིག་གཟུགས་ཕྱོགས་བསྒྲིགས།ཞེས་པ་འདིའི་ནང་ཁྱུང་ཡུལ་དུ་འབྲི་སྲོལ་ཡོད་པའི་གོང་གི་ལོ་རྒྱུས་ནས་ཐོན་པའི་ཡིག་བྲིས་གཙོར་བཞག་བྱས་པ་དང་འབྲེལ་གལ་འགངས་ཆེ་བའི་ཡིག་རིགས་འགའ་ཞིག་འདིར་བཀོད་ཡོད།སྤྱིར་གནའ་བོའི་མཐོ་སྒང་ཞང་བོད་ཀྱི་ཡུལ་གྲུ་ལ་དར་མྱོང་བའི་ཡི་གེ་དག་པ་ལྷ་ཡི་ཡི་གེ་དང་།རྟག་གཟིགས་ཀྱི་སྤུངས་སོ་ཆེ་ཆུང་གཉིས།ཞང་ཞུང་གི་སྨར་ཆེན་སྨར་ཆུང་གཉིས།ཡང་ཞང་ཞུང་གི་ཡིག་རྒན་དང་སྨར་སྦྲག་གཉིས།བོད་ཀྱི་འབྲུ་མ་དང་དབུ་ཆེན་སོགས་ནི་སྤྱི་ལོའི་སྔོན་ནས་བྱུང་བར་འདོད་ཅིང་དེ་རྗེས་ཡིག་ཕྲན་རྣམས་རིམ་བཞིན་གྱེས་ཚུལ་བོན་མཁས་རྣམས་ཀྱིས་རྩལ་དུ་བཏོན་ནས་གསུངས་ཡོད།དེ་ཡང་མཚལ་སྣག་ཤོག་གསུམ་བཟོ་ཚུལ་བྲིས་མཁས་སོགས་ཀྱི་ངག་ལམ་དང་ལག་གི་སྟབས་སོགས་ཀྱི་བརྒྱུད་ནས་མཁྱེན་དགོས་པ་གཞིར་བཅས།མཚལ་དཀར་དམར་སོགས་ནི་ཡོངས་གྲགས་ས་ཚོན་སོགས་ལས་སྦྱོར་སྡེབས་བྱས་ནས་གྲུབ་དགོས་ལ།སྣག་ཚ་ནི་མར་མེ་ལས་བྱུང་བའི་དྲེག་པར་བཟང་དྲུག་བསྲེ་བ་དང་ཡང་ན་གསེར་དངུལ་རིན་ཆེན་སྣ་ལྔ་ཕྱེ་མོ་རྣམས་ལ་ཁྲུས་ཆུ་དང་བྱིན་རླབས་གང་བཟང་རྣམས་བསྒྲིལ་ནས་འབྲི་སྲོལ་ཡོད།ཤོག་གུ་ནི་མཁས་པ་རྣམས་ཀྱི་ཞལ་རྒྱུན་ལ་བརྟེན་ནས་བཟོ་དགོས་པར་མན་ངག་ཟབ་ཞན་གྱིས་ཤོག་གུའི་ཁྱད་བོན་མི་འདྲ་བ་དུ་མ་འབྱུང་བ་ཡིན་འདུགལོ་རྒྱུས་ཐོག་ནས་ཁྱུང་པོ་འདི་ནི་ཞང་ཞུང་སྒོ་ཕུག་བར་གསུམ་ནས་ཞང་ཞུང་སྒོ་པའི་ལྟེ་གནས་ལྟ་བུ་གྱུར་ནས་ད་ལྟའི་བར་ཞང་ཞུང་གི་རིག་གནས་མདོ་སྔགས་སེམས་གསུམ་གྱི་བཤད་ཁྲིད་དང་སྒོམ་ཁྲིད་གཙོས་པའི་སྒྱུ་རྩལ་རི་མོ་ལྷ་རིས་དང་ཡིག་བྲིས་སོགས་མུ་མཐུད་ནས་རྒྱུན་སྐྱོང་བྱ་བའི་བསྟི་གནས་སུ་གྱུར་དང་འགྱུར་བཞིན་འདུགགནའ་བོའི་དབུ་མེད་ཀྱི་བྲིས་ལུགས་འདི་ལ་ལི་ལུགས་དང་ལྡན་ལུགས་གཉིས་སུ་གྱེས་ཚུལ་བཤད་ལ།ལི་ལུགས་སམ་ལེཌ་ལུགས་འདི་ཉིད་ལས་འབྲུ་མའི་ཡིག་གཟུགས་འདི་ཉིད་འཕེལ་ཚུལ་ཡང་བཤད་ཡོད།གང་ལྟར་གནའ་བོའི་ཡིག་གཟུགས་འདི་དག་གི་བྲིས་དཔེ་མང་དག་ཞིག་དཔེ་རྙིང་གི་ཁྲོད་ནས་རྙེད་རྒྱུ་ཡོད་པར་འཁོད་པའི་ལོ་རྒྱུས་ནི།བྲིས་དཔེ་འདི་དག་གི་མ་ཕྱི་སྔོན་སྲོང་བཙན་དང་ཁྲི་སྲོང་གི་དུས་རབས་སོགས་ནས་དཔེ་ཆའི་མཉམ་དུ་གཏེར་དུ་སྦས་ནས་ཕྱིས་གཤེན་ཆེན་ཀླུ་དགའ་སོགས་ཀྱི་གཏེར་དུ་དྲངས་ཚུལ་བོན་གྱི་ཡིག་ཚང་དུ་འཁོད་ཡོད།དེ་ནས་གཅིག་རྗེས་གཉིས་མཐུད་དུ་ལག་བྲིས་ཀྱི་རྩོལ་བར་ཞུགས་ནས་ད་བར་གནས་པ་ཞིག་ཡིན་པ་ངེས།དེ་ཡང་སྤྱིར་ལག་བྲིས་ཀུན་གྱི་རྒྱལ་པོ་རུ་གྲགས་པའི་འབྲུ་མ་འདི་ཉིད་ནི་བོན་གྱི་ཡིག་ཚང་ཁུང་མ་ནས་ཡིག་སྣ་འབྲུ་མ་ལས་བརྩམས་སོ་ཞེས་པའི་གཏན་ཚིགས་འདིས་ཞང་བོད་ཀྱི་ཡིག་རྙིང་ཞིག་ཏུ་ངོས་འཛིན་ཐུབ།དེ་ལས་གྱེས་པའི་ལག་བྲིས་དུ་མ་ཞིག་བྱུང་བར་ངེས་ཤིང་།དེ་རྗེས་བསྟན་པ་སྔ་དར་ཕྱི་དར་དུས་སུ་ཁྱུང་ཡུལ་ཧོར་སོགས་ལ་འབྲུ་མ་འདི་དར་བར་འདོད་ཐོབ་ཅིང་།འདི་ཉིད་ལག་ཏུ་ལེན་སྐབས་ངེས་པར་དུ་ཚང་དགོས་པའི་ཁྱད་བོན་ནི་ལྷུ་རུས་ཚུགས་གསུམ་དང་།ལི་ཁམས་ཟག་གསུམ།དཀར་ཆ་ནག་གསུམ།དགྱེ་ལྷུ་སྒུར་གསུམ།ཤ་ལྷུ་རུས་གསུམ།འགོ་ཚགས་ཁོག་བྲང་ལ་སོགས་ནང་གསེས་བྲིས་ཀྱི་རྣམ་གྲངས་དུ་མ་ཞིག་བྲིས་ཀྱི་མཁས་པའི་ངག་ལམ་དང་ལག་གི་སྟངས་སྟབས་སོགས་བརྒྱུད་ནས་མཁྱེན་ཐུབ་པར་དགོས།ལྗིབ་བམ་རྒྱེབ་ཅེས་པའི་ཡིག་གཟུགས་འདི་ལ་ནང་གསེས་དུ་མ་བྱུང་ལ།གྲྭ་ལྗིབ་དང་།རྒྱ་རོང་ལྗིབ།ལྗིབ་ནག་རལ་པ་ཅན།ལྗིབ་དཀར་རྒྱ་མདུད་མ།ལྗིབ་འཁྱུག་སོགས་བྱུང་།གཟབ་ཚུགས་ལ་དུ་མ་བྱུང་ཚུལ་ནི།ཁྱུང་པོ་གཡུ་ཁྲི་ལུགས་དང་།བོད་ཀྱི་པར་གཟབ།སྡེ་དགེའི་ཟངས་པར་ལུགས།བོད་ཀྱི་གཡའ་སེར་ལུགས།གསེར་མདོ་ལུགས།རྡོ་གཟབ་ལུགས།སློབ་དཔོན་མེད་པའི་བཙན་བྲིས་ལ་སོགས་དུ་མ་བྱུང་སྐད།དུས་ཕྱིས་ཁྱུང་ཡུལ་དུ་སྤྲུལ་སྐུ་བློ་ལྡན་སྙིང་པོའི་སྐུ་དུས་སུ་བྱུང་བའི་བཤད་སྲོལ་ངག་སྒྲོས་ནི་སྤྲུལ་པའི་སྐུ་དེ་ཉིད་ཀྱིས་ཁྱུང་གཉིས་ལ་ཡར་ནང་ལ་སྨྱུག་སོ་གཏོར་བས་ལ་ཡར་ནང་ལ་བྲིས་མཁས་ཆེར་བྱུང་བ་དང་།ཁྱུང་གཉིས་ལ་མར་ནང་ལ་ལྷ་པིར་གཏོར་བས་ལ་མར་ནང་ལ་ལྷ་བཟོ་བྱུང་ཆེ་བའི་གཏན་ཚིགས་གྲགས།ཁྱུང་དཀར་ནག་གཉིས་ཀྱི་ཡུལ་གྲུར་ལྷ་བྲིས་ཆེས་སྙན་པ་ཆེ་བ་ལྡོང་མདོ་དང་ར་ལ་རྒྱ་མཁར་སོགས་བྱུང་ལ་ད་དུང་ལྡོང་མདོའི་ལྷ་ཚུགས་ནི་ཞང་བོད་མི་རིགས་ཀྱི་ཁྱད་བོན་འབུར་དུ་ཐོན་ཡོད་པ་མ་ཟད།ནང་གི་ཐིག་རྩ་མདོ་གཟི་བརྗིད་སོགས་ཀྱི་དགོངས་པ་དང་ཡོངས་སུ་མཚུངས་ཤིང་ཕྱི་ཡི་ལྷ་ཚུགས་ནི་ཞང་བོད་མི་རིགས་ཀྱི་ཤ་ཚུགས་རུས་ཚུགས་ཀྱི་ཁྱད་བོན་ཡོངས་སུ་མངོན་ཡོད་ལ།ད་དུང་ཤ་ཚུགས་ཆེས་རྒྱགས་པ་ཡང་མིན་ལ་ཆེས་སྐམ་པོ་ཡང་མིན་པར་མི་རིགས་ཤིག་གི་ཚུགས་ཀ་མ་ཤོར་བའི་ལྷན་སྐྱེས་ཀྱི་ཡོན་ཏན་དུ་མས་གཏམས་ཡོད་པ་སོགས།མདོར་ན་ལྷ་ཚུགས་དེ་དག་དངོས་སུ་མཐོང་ན་ཅི་ཡིན་དཔོགས་ནུས་པ་ལས་འདིར་སྤྲོས་པ་ཆེར་མི་བྱ།ཁྱུང་གཉིས་ལ་ཡར་ནང་ལ་ཁྱུང་སེར་བྲིས་ཀྱི་ཞིང་ཁམས་ཞེས་བརྗོད་པར་དེར་བྱུང་བའི་བྲིས་ཁམས་འབུར་དུ་ཐོན་པ་མ་ནིའི་ཁམས་ཞེས་པ་ནས་རྒྱན་སྤུ་བཅད་པའམ་རྙུ་ཧྲུག་ཐང་ལ་བདལ་བ་ལྟ་བུ་བྲིས་ཀྱི་ཁྱད་བོན་ཡོད་ལ།ཁྲ་ཡི་ཁམས་ཞེས་པ་གཉེན་ལྕུག་ལྡེམ་གསུམ་ལྷང་དུ་འབུད་པའི་ལྷ་མོའི་གར་སྟབས་སྒྱུར་བ་ལྟ་བུའི་ཁྱད་ཡོན་འབར་ལ།དེ་དང་ཕྱོགས་མཚུངས་མགར་བའི་ཁམས་དང་།ག་གཟི་ཁམས།དགོངས་རྟོགས།སྒོ་ཧྲང་སོགས་དུ་མ་བྱུང་ཡོད་སྐད།འདིར་བྲིས་ཁམས་ཞེས་རུས་མིང་དང་ཁྱིམ་མིང་ཅི་རིགས་བརྒྱུད་ནས་བཏགས་ཡོད་པའི་རྒྱུ་མཚན་བགྲང་ཡོད།གཞན་ཡང་ཁྱུང་སྨད་ཕྱོགས་སུ་དར་བའི་སྟ་རེའི་ཁམས་ནི་བྲིས་རྙིང་དང་རྩེ་དྲུག་ཕྱོགས་སུ་དར་སྲོལ་ཆེ་ཞིང་།ཁྱུང་དཀར་ཕྱོགས་སུ་ཁྱུང་བྲིས་ཞེས་པ་དཀར་རུའི་བྲིས་རྙིང་དང་ད་དུང་ལྷོ་བྲིས་ནི་སྟ་རེ་དང་ཆེས་མཚུངས་བའི་བྲིས་ཁམས་དེ་དག་སྤྱི་ཁོག་གི་འབྲི་སྲོལ་ནི་འབྲུ་མ་དང་ཡོངས་སུ་མཚུངས་ལ་ནང་གསེས་ལྷུ་རུས་ཚུགས་གསུམ་དང་།ལི་ཁམས་ཟག་གསུམ་སོགས་ཀྱི་ཁྱད་ཡོན་འདོན་སྟངས་མི་མཚུངས་ས་དུ་མ་ཡོད་པར་མངོན།མ་ནི་བྲིས་རྒྱུན་ནི་མ་ནི་དབུ་རྒན་དང་།སྟག་ལ་གཡུང་དྲུང་།ཡེ་ཤེས་བསྟན་འཛིན།མ་ནི་ཚ་བོ་ཤེས་སྒྲོགས།མ་ནི་དགའ་རིས་སོགས་དུས་འགྱུར་སྔོན་དུ་བྱུང་།ད་དུང་ཁྱུང་པོ་གཡུ་ཁྲིའི་ཕྱག་སྲོལ་དབུ་ཅན་ཐིག་ཁོག་པིར་བྲིས་མ་དང་།སྨྱུག་བྲིས་མ་སོགས་ལ་དགོས་པའི་མན་ངག་ནི།དེ་ཡང་བྲིས་ཀྱི་མཁས་པའི་ངག་ལམ་ནས།ཨ་མིག་ན་མིག་མ་མིག་གསུམ།ཆུ་ནང་ཉ་མོའི་མིག་འདྲ་དགོས།ཨ་སྐེ་ན་སྐེ་ད་སྐེ་གསུམ།བྲག་ཐོག་གླ་ཕོའི་སྐེ་འདྲ་དགོས།འབྲུ་ཤ་མི་ཚོ་བཤའ་མི་དགོས།རྐང་པ་མི་རིང་ཆུ་མི་འབོགས།གི་གུ་ཕོ་རོག་ཤ་བཏོག་འདྲ།འགྲེང་བུ་སྤང་ལ་མདའ་ཟུག་འདྲ།ན་རོ་ཐང་དཀར་ལྡིང་པ་འདྲ་ཞེས་དང་ཡང་།འགོ་རབ་ཟླ་བ་ཚེས་པ་འདྲ།འགོ་འབྲིང་ཐག་དུམ་གྲིས་བཅད་འདྲ།འགོ་ཐ་ཚག་འགོ་ཟུར་གསུམ་འདྲ།ཞེས་དང་ཡང་དཔུང་རབ་ཐུགས་ཀར་བུམ་འཛིན་འདྲ།དཔུང་འབྲིང་མདའ་མོ་འཕེན་པ་འདྲ།དཔུང་ཐ་ལག་ཆད་འཕྲེད་ཉལ་འདྲ།ཞེས་དང་ཡང་སྦོ་རབ་ཟླ་བ་ཚེས་པ་འདྲ།སྦོ་འབྲིང་སེན་རྗེས་དོད་པ་འདྲ།སྦོ་ཐ་སྒ་རུ་བཀུག་པ་འདྲ།ཞེས་དང་ཡང་མིག་རབ་ཆུ་ནང་ཉ་མིག་འདྲ།མིག་འབྲིང་ཞིང་གི་ནས་འབྲུ་འདྲ།མིག་ཐ་ཁྲོ་བོའི་སྤྱན་མིག་འདྲ།ཡས་འཕུལ་རབ་ནི་རྒྱ་ཁབ་སློང་བ་འདྲ།ཞེས་སོགས་ཀྱི་མན་ངག་སློབ་བུའི་ཡིད་ལ་འཆང་དགོས།ད་ཆར་ཁྱུང་ཡུལ་ཕྱོགས་སུ་བྲིས་ཚུགས་ཞིབ་ཚགས་དོད་པོའི་ཤུལ་འཛིན་གྱི་ཚ་རླབས་ཤིག་མཆེད་དང་མཆེད་མུས་ཡིན་པ་སོགས་མདོར་ན་ཁྱུང་ཡུལ་འདི་རུ་འཁྱིལ་བའི་གནའ་བོའི་སྒྱུ་འཕྲུལ་པིར་རྩེ་ལས་ཐོན་པའི་ལྷ་རིས་དང་ཡིག་བྲིས་ལ་སོགས་གཅིག་ལས་གཅིག་སྒེག་པ་དང་འདི་ལས་དེ་མཛེས་པའི་ཟོལ་དུ་བཞད་འདུག་པས་ན།ཁྱུང་ཡུལ་པིར་སྨྱུག་གི་ཞིང་ཁམས་ཞེས་གྲགས་པའི་གཏན་ཚིགས་ཀྱང་འདི་ཉིད་ཡིན་ནོ།།དེར་བརྟེན་གནའ་ཤུལ་རིག་གནས་འདི་དག་ང་ཚོའི་ཚེ་མཇུག་ནས་རྒྱུན་མཐུད་མ་ཐུབ་བར་ག་པུར་རྫི་ལ་ཕྱར་བ་ལྟར་ཡལ་བར་གྱུར་ན་ཡིད་ཤིན་ཏུ་ཕངས་ཤིང་ད་དུང་ཕ་ཤུལ་བུ་འཛིན་མ་ཐུབ་པར་མི་རབས་རྗེས་མས་ང་ཚོར་འཁང་ཚིག་ཆེན་པོ་ཞིག་གཡུག་ཉེས་ཆེ་བས་དེ་ལུགས་ཚང་མས་ནོར་འབེལ་ན་ལུགས་སྲོལ་ཉམས་ན་ཉམས་ཞེས་པའི་དཔེ་ལྟར་མི་ཡོང་བའི་རེ་ནན་ཞུ།ཞེས་གྲོགས་འགས་ཡང་ཡང་བསྐུལ་བ་ལ་རྟེན་ནས་རྒན་རབས་མྱོང་ཅན་དང་བྲིས་མཁས་པ་དག་ལ་དྲི་བཤེར་གཏུགས་གསུམ་ལན་འགར་བྱས་ཏེ་བློ་གྲོས་རབ་གསལ་གྱིས༢༠༡༡ལོའི་ཟླ༡ཚེས༣ཉིན་མཇུག་རྫོགས་པར་བྲིས།།གྱེར་ཝེར་རོ།།

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.