གདོན་དང་དེའི་ནང་ངོས་སྐོར་ལ་ཅུང་ཟད་དཔྱད་པ།
འདོད་རྔམ་ཚོར་འདུ་ཟབ་མོའི་རྣོ་དབལ་ལས། །
མི་དང་གདོན་རིགས་འགྲན་རྩོད་དྲག་ལྡང་ཚེ། །
སྣོད་བཅུད་ཁོད་སྙོམ་གཡེན་སྡེ་འདུམ་བསྒྲིག་ཆེད། །
མདོས་གླུད་བོན་སྒོ་ཇི་སྙེད་གསུང་ལ་འདུད། །
ཞང་བོད་ཀྱི་རིག་གནས་ནི་འཛམ་གླིང་འདིའི་སྒང་དུ་ཆེས་ཉིང་བཅུད་ཀྱི་རིན་ཐང་ལྡན་ཞིང་། སྣ་མང་ཕུན་སུམ་ཚོགས་ཤོས་ཀྱི་རིག་གནས་ཤིག་རེད་ཟེར་ན་ཕལ་ཆེར་ཆོག་མོད། ང་ཚོས་ཤེས་རིག་གོམས་གསུམ་སྣ་རེ་ཚུན་ཆད་ལ་བདག་གཅེས་བྱ་བར་ཅི་ནས་ཀྱང་འབད་འབུངས་ལྷུར་ལེན་དང་། རྒྱུན་འཛིན་བྱ་རྒྱུའི་འོས་འགན་ང་ཅག་གི་འཕྲག་སྟེང་དུ་བསླེབ་པར་བརྟེན། ང་ཚོ་མི་རེ་ངོ་རེས་འོས་འཚམ་གྱི་གནའ་སྲོལ་སྣ་ཁ་རེ་ངེས་པར་སྲུང་འཛིན་འགན་འཁྲི་བླངས་ན། མ་འོངས་བུ་རབས་ཚ་རྒྱུད་རྣམས་ཀྱི་མདུན་སར་ངོ་གནང་མི་དགོས་པའི་རང་མི་རིགས་ཀྱི་ལས་བྱ་ཕྲན་བུ་རེ་བསྒྲུབས་ཐུབ་ན་ཕན་རླབས་ཅུང་ཞིག་འབྱུང་བར་གདོན་མི་ཟ།
རང་རེའི་ཕ་མེས་ཡང་མེས་ཚོས་བྱ་བཞག་སྣ་རེ་བསྒྲུབ་མཚམས་དགེ་འདོན་སྐྱོན་སེལ་གྱི་ཉམས་མྱོང་རེ་བླངས་ཞིང་། འགྲོ་བ་མི་སོགས་ལ་མཁོ་ཕན་གྱི་རིག་པའི་གཞུང་ལུགས་དུ་མ་རྗེས་རབས་ཚོར་ཤུལ་བཞག་མཛད་ཡོད་པར་བརྟེན། ད་ཆར་འོལ་སྐོལ་ལ་མཚོན་ན་ལམ་སྟོན་སྒྲོན་མེ་ལྟ་བུ་ལོངས་སུ་སྤྱོད་རྒྱུའི་གནས་སུ་གྱུར་པས་ན། རིག་གནས་ཞེས་བརྗོད་ཆོག་སྙམ། རིག་གནས་ཀྱི་ཁྱབ་ཁོངས་སུ་བརྗོད་གཞི་སྣ་མང་མཆིས་པ་དག་གི་ནང་དོན་ནི། དཔྱད་བཟོད་ཀྱི་རིན་ཐང་ལྡན་ཞིང་། ཁྱད་ཆོས་འབུར་དུ་ཐོན་པ་དུ་མ་ཞིག་ཡོད་པ་བཤད་ཅི་དགོས། སྤྱིར་སྟངས་དཔྱད་པ་གཏོང་གནས་ལ་བཟང་ཕྱོགས་ཀྱི་ལེགས་འབྲས་འབྱུང་ཚུལ་དང་། ངན་ཕྱོགས་ཀྱི་ཉེས་འབྲས་འབྱུང་ཚུལ། ཕན་གནོད་གང་མེད་ལ་བར་མའི་འབྲས་བུ་འབྱིན་པའི་དཔྱད་ཚུལ་དུ་མ་ཞིག་ཡོད་ངེས་ཀྱང་། ད་ལན་འདིར་གདོན་དང་དེའི་ནང་ངོས་སྐོར་ལ་རག་དཔྱད་ཙམ་གྱིས་ལམ་དུ་འཇུག་པར་འདོད།
ཞང་བོད་དཔེ་རྙིང་ནང་དུ་མི་དང་མི་མིན་བར། ལྷ་དང་ལྷ་མིན་བར་ཕན་ཚུན་མཉམ་གནས་དང་འཆམ་མཐུན་བྱས་ནས་བསྡད་ཚུལ་ལོ་རྒྱུས་དུ་མའི་ནང་དུ་འཁོད་ཡོད། དཔེར་ན་མི་དང་ཀླུ། མི་དང་གཉན། མི་དང་ས་བདག མི་དང་ཡུལ་ལྷ་སོགས་ཕན་ཚུན་སྡོང་གྲོགས་དང་།མཉམ་གནས་འཆམ་མཐུན་བྱས་ནས་བསྡད་པའི་ལོ་རབས་ཀྱང་བྱུང་ཡོད། དཔེར་ན་ཀླུ་ཆུ་ལ་གནས་པ་དང་། གཉན་ཤིང་ལ་གནས། གཏོད་བྲག་ལ་གནས། ས་བདག་ས་ལ་བརྟེན་བཅའ་བ་ཡིན་པས། འགྲོ་བ་མི་ཡིས་གནས་སྐབས་ས་དང་མེ་ཆུ་ཤིང་བྲག་རྡོ་སོགས་ལ་བཀོལ་སྤྱོད་དགོས་ཚེ། དེ་དག་བཀོལ་སྤྱོད་ཆོག་པའི་ས་བདག་དང་ཤིང་བདག་ཆུ་བདག་བཅས་ལ་སྙན་གསན་ཞུ་བ་སོགས་ཀྱི་ཆོ་གའི་གོ་རིམ་དང་ས་གཏེར་གཞུག་པ་སོགས་ཀྱིས་བརྒྱུད་རིམ་བསྒྲུབས་མཚམས། གཞི་ནས་དེ་དག་མི་ཡིས་གནས་སྐབས་བདག་དབང་བྱེད་ཆོག་པའི་དབང་ཆ་ཐོབ་པ་དེ་ནི། སྲོལ་རྒྱུན་ལམ་སྲོལ་ནས་རིམ་བཞིན་བྱུང་བ་ཞིག་རེད། འདི་འདྲའི་ལམ་སྲོལ་བརྒྱུད་པ་ལ་མི་དང་མི་མིན་བར་གྱི་འབྲེལ་བ་ཟེར་ཆོག་སྙམ། འོན་ཀྱང་འགྲོ་བ་མི་ཡིས་གཞན་ལ་བསམ་ཤེས་མེད་པར་རང་སྣང་གང་བྱུང་གིས་སྣོད་བཅུད་བཀོལ་སྤྱོད་སྣ་ཚོགས་བྱས་པར་བརྟེན་མི་དང་མི་མིན་བར་གྱི་འགལ་ཟླ་བྱུང་། དེ་བཞིན་གདོན་དང་མི་བར་འཁྱམ་མཐུན་མ་ཐུབ་བར་ཕན་ཚུན་དགྲ་གཤེད་ལྟ་བུར་གྱུར། དེ་དག་སེལ་ཐབས་སུ་སྟོན་པ་གཤེན་རབ་མི་བོས་གཏོ་མདོས་དང་གླུད་ཡས་སྣ་ཚོགས་ཞིག་འཇིག་རྟེན་ཁམས་སུ་གསུངས་ཡོད།
སྤྱིར་གདོན་ཞེས་པའི་ཐ་སྙད་འདི་ནི་མིང་དང་ལས་ཚིག་སོགས་འཇུག་ས་དུ་མ་ཡོད་ལ། ལས་ཚིག་གི་དབང་དུ་བཏང་ན་བཏོན་གྱི་མ་འོངས་པར་ཡིན་པ་དང་། གཞུང་ཕལ་ཆེར་བའི་ནང་དུ་མི་མ་ཡིན་གྱི་རིགས་ཤིག་ཏུ་ངོས་འཛིན་བྱས་ཡོད། དེ་ཡང་མི་སོགས་ལ་དངོས་ཤུགས་རྒྱུད་གསུམ་གང་ཐད་ནས་གནོད་འཚེ་གཏོང་མཁན་གྱི་ཞིག་ཡིན་པས།དེ་ཕྱིར་རུ་གདོན་པའམ་བཀར་རྒྱུ་རིགས་ཤིག་དུ་སོང་བའི་གནད་ཀྱིས་གདོན་ཞེས་ཐོག་མར་བཏགས་པ་ཨི་ཡིན་སྙམ། སྤྱིར་གདོན་ནི་བཟང་ངན་བར་གསུམ་གྱི་ནང་ནས་ངན་ཕྱོགས་རྐྱང་པའི་ཁོངས་སུ་གཏོགས་པ་ཡིན།
དཔེར་ན་གདོན་འདྲེ། གདོན་ཟ། གདོན་ཁ། གདོན་རྫས། ཀླུ་གདོན། གདོན་ཆེན། གདོན་ཆུང་སོགས་ནི་འགྲོ་བ་མི་ལ་ལྟོས་ན་ངན་ཕྱོགས་ཤ་སྟག་ཡིན་པའི་བག་ཆགས་ཤིག་བགོས་ཡོད། ་
གདོན་ཞེས་པའི་ཐ་སྙད་དེ་ནི་མིང་ཚིག་དང་ལས་ཚིག་གཉིས་ཀའི་གཞི་མཐུན་དུ་འདོད་པ་ཡིན། སྤྱིར་སྟངས་ལས་ཚིག་གང་ཞིག་མིང་ཚིག་ཏུ་གྲུབ་དགོས་ཚེ།ལས་ཚིག་དེའི་མཇུག་དུ་པ་དང་བ་གང་རུང་སྦྱར་ཚེ་གཞི་ནས་མིང་ཚིག་དུ་གྲུབ་ཚུལ་བཤད་ཡོད། དཔེར་ན་མཆོད་ཅེས་པ་ལས་ཚིག་དང་དེ་ལ་པ་སྦྱར་ཚེ་མིང་ཚིག་སྟེ། མཆོད་པ། དེ་བཞིན་བསྟན་པ། སྟོན་པ། འགྲོ་བ། བསླབ་པ། སྐོར་བ་ཞེས་བཤད་ཀྱང་། རེ་འགའ་བདེན། འདིར་གདོན་ཞེས་པ་ཐ་སྙད་འདི་བོད་ཀྱི་བརྡ་རྙིང་ཞིག་ཏུ་འདོད་པ་ཡིན། སྐད་རིགས་གཞན་པའི་དེ་ལ་སྐད་དོད་ཅི་ཞིག་འདོད་དམ་ཞེ་ན། ཞང་སྐད་དུ། <ཛ་ཡེ>ཞེས་པ་དང་། ལེགས་སྦྱར་སྐད་དུ། <གྲ་ཧཱ་ཏ>། ཞེས་འབྱུང་བར་འདོད།
དང་པོ། གདོན་གནོད་པ་ལ་འཇུག་ཚུལ་སྐོར།
གདོན་ནི་མི་དང་མི་མིན་གཙོས་པའི་ལྷ་སྲིན་སྡེ་བརྒྱད་ཀྱི་གནོད་འཚེ་ལ་འཇུག་ཚུལ་ནི་(1) བདུད་ཟློག་ལྟར། བདག་དང་རྒྱུ་སྦྱོར་ཡོན་བདག་གི་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་གནོད་བྱེད་ཀྱི་གདོན་རིགས་ནི། ལྷ་ཡི་གདོན་དང་། ལྷ་མ་ཡིན་གྱི་གདོན་དང་། མིའི་གདོན་དང་། མི་མ་ཡིན་གྱི་གདོན་དང་། ཀླུ་ཡི་གདོན་དང་། རྒྱལ་པོའི་གདོན་དང་། དྲི་ཟའི་གདོན་དང་། ནམ་མཁའ་ལྡིང་གི་གདོན་དང་། འབྱུང་པོའི་གདོན་དང་། གྲུལ་བུམ་གྱི་གདོན་དང་། བརྗེད་བྱེད་ཀྱི་གདོན་དང་། སྐེམ་བྱེད་ཀྱི་གདོན་དང་། སྨྱོ་བྱེད་ཀྱི་གདོན་དང་། འཆི་བྱེད་ཀྱི་གདོན་དང་། གདོན་རིགས་སྟོང་ཕྲག་བརྒྱད་ཅུ་ཟློག་པར་གྱུར་ཅིག་ཞེས་གསལ་བས། མི་མ་ཡིན་དེ་དག་གིས་འཇིག་རྟེན་མི་སོགས་ལ་ན་ཤི་དུར་གསུམ་དང་བསམ་སྦྱོར་ངན་པའི་གནོད་འཚེ་ཟློག་ཐབས་ཤིག་གསུངས་པ་འདིས་གདོན་ཞེས་པ་བསམ་སྦྱོར་ངན་པའི་གནོད་འཚེ་ལ་གོ་འདུག་སྙམ། དེ་བཞིན་ནད་ཞི་ཞི་མལ་མལ་སྭཱཧཱ། གདོན་ཞི་ཞི་མལ་མལ་སྭཱཧཱ། གྲིབ་ཞི་ཞི་མལ་མལ་སྭཱཧཱ། །ཞེས་པ་འདི་རྣམས་བརྒྱུད་ནས་གདོན་གནོད་པ་གོ་བར་ཤེས་ཐུབ། དེ་དག་གིས་མི་ལ་གནོད་འཚེ་གཏོང་བ་ནི་འཇིག་རྟེན་མིའི་བསམ་སྦྱོར་རྩིང་དྲག་པ་དང་། ཚོད་བཀག་མེད་པའི་གཏུམ་སྤྱོད་ཁོ་ནའི་ངན་འབྲས་ཡིན་པ་ནི་སྨོས་མེད་རེད་སྙམ། ཡང་གསོ་རིག་འབུམ་རྒྱུད་ཡང་བཅུད་༢༤ལས་ནད་རྩ་བརྟག་ཐབས་བཅུ་གསུམ་གྱི་ནང་ཚན།གདོན་གྱི་རྩ་ལ་བསླབ་ཅེས་པ་འདི་ནི། གདོན་གྱིས་ཟིན་པའམ་གདོན་ཞུགས་པའི་གང་ཟག་གི་ལུས་རྩའི་འཕར་ཚད་དྲག་ཞན་ལ་བསླབ་དགོས་ཚུལ་བསྟན་པའམ། ཡང་ན་ངོ་མཚར་རྩ་བདུན་(2)གྱི་ནང་གསེས་གདོན་ཕྱྭའམ་གདོན་རྩ་གང་རུང་ལ་བསླབ་ནས་ནད་རྟགས་ཤེས་དགོས་པ་བསྟན་པ་གང་ཡིན་ཞིབ་པར་གསལ་ཆ་མ་ཆོད། རྩ་བདུན་ནང་གསེས་ཀྱི་གདོན་རྩ་ནི་ནད་མེད་པའི་མི་ལ་བལྟ་དགོས་ཞེས་གསལ་བས་སོ།།
དེ་བཞིན་སྔགས་ཀྱི་བསྙེན་སྒྲུབས་ཉམས་ལེན་སྐབས་སུ་ཤར་ཕྱོགས་དྲི་ཟ་དང་བྱང་གནོད་སྦྱིན། ནུབ་ཀླུ་དབང་ལྷོ་གཤིན་རྗེ་སོགས་ཀྱི་གནོད་འཚེ་དང་བར་ཆོད་མི་འབྱུང་བའི་ཆེད་དུ།(3) ཤར་དྲི་ཟའི་གདོན། བྱང་གནོད་སྦྱིན་གདོན། ནུབ་ཀླུ་དབང་གདོན། ལྷོ་གཤིན་རྗེའི་གདོན་ལ་སོགས་ཕྱི་ཡི་བར་ཆད་ནང་དུ་མ་གཏང་ནང་གི་དངོས་གྲུབ་ཕྱི་རུ་ཡལ་དུ་མི་འཇུག་པར་གསང་མཚམས་གཉེན་པོ་དམ་པར་སྲུངས་ཤིག་ཅེས་བཀའ་བགོ་དམ་བཏགས་ཀྱི་ཐ་ཚིག་བགོས་བར་སྣང། ཡང་རྩེ་ཀློང་ཆེན་ལས་དབེན་ཚུལ་ལྔ་བསྟན་སྐབས་(4) གདོན་གྱི་བར་ཆད་དབེན་པ་དང་། དགྲ་ཡི་བར་ཆོད་ཀྱི་དབེན་པ་ཞེས་པ་འདི་དང་། ཡང་ཤི་རྐྱེན་བརྟག་ཐབས་སྐབས་སུ(5)བར་ཆོད་གདོན་གྱིས་ཤི་བ་ཉི་ཤུ། འདུ་བ་ནད་ཀྱི་ཤི་བ་ཉི་ཤུ། རྣོ་གཅོད་མཚོན་གྱིས་ཤི་བ་ཉི་ཤུ་སོགས་དང་། ནད་གདོན་གཉེན་དྲུག་བསྟན་སྐབས། གདོན་རིགས་བརྒྱད་ཅུ་སྟོབས་ཀྱིས་འདུལ། རྐྱེན་ངན་ཐམས་ཅད་གཏོ་ཡིས་གསོ། ལྟས་ངན་ཡེ་འགྲོགས་མཐུ་ཡིས་ཟློག་ཞེས་སོགས་ཀྱི་གཞུང་ཚིག་འདི་དག་ལ་ཞིབ་ཏུ་བལྟ་དུས་གདོན་ཞེས་པའི་ཐ་སྙད་འདི་ཡང་མི་མ་ཡིན་གྱི་བར་ཆོད་དང་གནོད་པར་འཇུག་ཚུལ་གསལ་པོར་མཐོང་ཐུབ། བྱམས་མའི་རྩ་སྔགས་བསྟོད་དེ་ཞེས་པའི་བྱེད་ལས་གཙོ་བོ་གདོན་འདུལ་བའི་རྒྱུ་མཚན་གསུང་ཡོད་དེ། མཛེ་དང་སུར་ཡ་ཀླུ་གདོན་འདུལ་མ། རྣམ་གསུམ་གདོན་འདུལ་ཡུམ་ལ་ཕྱག་འཚལ། ཞེས་འགྲེལ་ལྟར། གཟུངས་ལྟར་ན། ནད་ངན་པ་མཛེ་དང་སུར་ཡ་སོགས་ཀླུ་གདོན་རྣམས་འདུལ་བ་སྟེ། ཀླུ་ཡི་འཇིགས་སྐྱོབ་མའོ་ཞེས་དང་། ཕྱི་མ་ས་ཡི་སྟེང་འོག་བར་གསུམ་གྱི་གདོན་འདུལ་བའི་ཡུལ་ལ་ཕྱག་འཚལ་ཞེས་གསུངས། ཡང་མི་མཐུན་མཐུན་ཕྱོགས་སྐྱོང་བ་བཞི་བསྟན་སྐབས།(6) གདོན་སངས་རྒྱས་ཀྱི་ཐུགས་རྗེ་ཞེས་བསྟན་ལ། སྲིད་གཤེན་པའི་ཤི་རྟགས་སུམ་བརྒྱ་དྲུག་ཅུ་བསྟན་སྐབས། (7) གདོན་ཆེན་དྲུག་ཅུའི་རྐྱེན་གྱིས་གཞོན་པ་ཤི་རྐྱེན་དྲུག་ཅུ། སྲི་ཅན་གདོན་ཕྲན་དྲུག་ཅུའི་རྐྱེན་གྱིས་བྱིས་པ་ཤི་རྐྱེན་དྲུག་ཅུ་ཞེས་དང་། གཉན་སར་གོ་བགོ་བའི་གནད་བཞི་ཡི་ནང་ནས། (8) གདོན་གྱི་གནོད་འཚེ་སྙིང་རྗེའི་དྲན་བསྐུལ་སོགས་འཇུག་ཚུལ་རྣམ་གྲངས་ཆེས་མང་བས་གདོན་ནི་གཞན་གྱི་གནོད་པ་དང་བར་ཆད་ལ་འཇུག་ཚུལ་གཞུང་གང་མང་དུ་གསལ་བས་ལན་ཅིག་དེས་འཐུས་པར་སེམས།རྗེ་ཡི་མཛོད་འགྲེལ་༣༥༧ལས། ནོན་རྨིས་ཀྱི་འདུ་བྱེད་ལྔ་བསྟན་སྐབས། འདྲེན་གདོན་གྱི་བྱིན་གྱིས་གནོན་པའི་ནོན་རྨིས། ཞེས་དང་། ཡང་རྗེ་ཡི་མཛོད་འགྲེལ་༣༦༡ལས། ཁྲེལ་མེ་ཀྱི་འདུ་བྱེད་ལྔ་བཤད་སྐབས། གདོན་བགེགས་ཀྱི་དབང་དུ་སོང་བའི་སྟོབས་ཀྱིས་ཁྲེལ་མེད། ཞེས་སོགས་གསལ་ཡོད།
བྱུང་རིམ་དེ་དག་ལ་ང་ཚོས་ཞིབ་ཚགས་བྱས་ནས་ལྟ་དུས། སྐབས་རེ་ནད་དང་ནད་བདག་གདོན་གསུམ་ཕན་ཚུན་འདྲ་མཚུངས་ཀྱང་འདུག དཔེར་ན་ཀླུ་གདོན་དང་ཀླུ་ནད། སྨྱོ་ནད་དང་སྨྱོ་གདོན། གཟའ་གྲིབ་དང་གཟའ་གདོན། འཆི་ནད་དང་འཆི་གདོན་སོགས་ཕན་འདྲ་མཚུངས་ཡང་དུ་མ་སྣང་། དེ་མཚུངས་ཡང་བཀའ་ལུང་རྒྱ་མཚོ་ལས་གསལ་བར་ལྟར། (9)བླ་མ་སྨན་གོང་བ་དེ་ཉིད་ཀླུ་ནད་སྙུང་བཞེས་སྐབས་ཀླུ་ནད་དང་ཀླུ་གདོན་གཅིག་མཚུངས་སུ་བཤད་པ་དང་། ཡང་སྲིད་རྒྱལ་དུས་དྲུག་གི་རྣོ་མཐོང་མོ་བཤད༦ལས། སྡེ་བརྒྱད་ཀླུ་ཡི་གདོན་ལ། ཁྱུང་དམར་དབང་དང་ཀླུ་བཅོས་ཀླུ་མཆོད་བྱ་ཞེས་གཞུང་དུ་མ་ནས་འདི་བཞིན་བཞེད་པ་མང་ངོ་།།
- ཟིན་ཐོ་གོང་མ།ཁྲག་ཐིགས་ཀྱི་རི་གྲོང་དང་། ཆ་མི་སྙོམ་པའི་འཇིག་རྟེན།
- ཟིན་ཐོ་འོག་མ།{2}གདོན་དང་དེའི་ནང་ངོས་སྐོར་ལ་ཅུང་ཟད་དཔྱད་པ།