ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
{3}གདོན་དང་དེའི་ནང་ངོས་སྐོར་ལ་ཅུང་ཟད་དཔྱད་པ། | 2015/8/13 15:12:00

ལྔ་པ།  གདོན་གྱི་རྣམ་གྲངས་བརྩི་ཚུལ།

གདོན་ལ་རྣམ་གྲངས་མཆེད་སྟངས་འདི་ནི་གདོན་ལ་ནང་གསེས་གོ་རིམ་དབྱེ་བསྡུ་བྱ་ཚུལ་ཞིག་ཡིན་ལ།  ཞང་བོད་ཀྱི་གཞུང་ལུགས་ཁག་ནས་རང་གིས་མཐོང་ཚོད་ཙམ་ཞིག་གཤམ་དུ་རིམ་པར་ཞུ་འདོད། བདུད་ཟློག་སོགས་ནས་གདོན་སྟོང་ཕྲག་བརྒྱད་ཅུ་ཞེས་གསལ་ཡང་། རྣམ་གྲངས་རེ་རེ་བཞིན་བགྲང་རྒྱུར་གསལ་ཆ་མ་ཆོད་པས་དཔྱད་གཞིར་ལུས། གདོན་སུམ་བརྒྱ་དྲུག་ཅུ་ཞེས་པ་བོན་གཞུང་ཁག་ནས་མཐོང་ཡུལ་མ་གྱུར་རུང་། དུང་དཀར་ཚིག་མཛོད་དུ།  གནས་གདོན། ལུས་གདོན། ལས་གདོན་གསུམ་ལ་དྲུག་དྲུག་ཏུ་ཕྱེ་བས་གཙོ་བོའི་གདོན་བཅོ་བརྒྱད་དེ་ལོ་གཅིག་གི་ཞག་རེ་ནས་དེ་གསུམ་གསུམ་གྱིས་བར་བརྩམས་པས་ཆ་ནས་གདོན་རིག་སུམ་བརྒྱ་དྲུག་ཅུའོ་ཞེས། མ་གཅིག་གི་གཅོད་གཞུང་ལས་བཤད་དོ་ཞེས་གསལ།  གདོན་རིགས་བརྒྱད་ཅུ་ནི། ནད་གདོན་གཉེན་དྲུག་བསྟན་སྐབས། གདོན་རིགས་བརྒྱད་ཅུ་སྟོབས་ཀྱིས་འདུལ། ཞེས་མིང་ཙམ་གསལ་བ་ལས་གྲངས་རེ་རེ་ནས་མ་རྙེད་པ་དཔྱད་གཞིར་ལུས།  སྲིད་གཤེན་ཤི་རྐྱེན་སྐབས། གདོན་ཆེན་དྲུག་ཅུའི་རྐྱེན་གྱིས་གཞོན་པ་ཤི་རྐྱེན་དྲུག་ཅུ། གདོན་ཕྲན་དྲུག་ཅུའི་རྐྱེན་གྱིས་བྱིས་པ་ཤི་རྐྱེན་དྲུག་ཅུ་ཞེས་པ། མིང་གྲངས་ཙམ་ལས་རེ་རེ་བཞིན་གྲངས་མ་རྙེད། 

གདོན་བགེགས་མིང་སྲིང་ཉེར་བདུན། རྗེ་ཡི་མཛོད་འགྲེལ་དེབ་༣༡ལས། སྲིད་པའི་གྲོལ་རབས་བསྟན་པའི་གདོན་གྱི་རྣམ་གྲངས་སྟེ། མིང་པོ་བཅུ་བཞི་ནི། ཕྱོགས་མཚམས་ཀྱི་གདོན་ཆེན་པོ་བརྒྱད། ཚངས་པའི་ཐེའུ་རང་། ས་ཡི་ཐེའུ་རང་ནག་པོ། གྲིབ་ནོན། སྲུལ་པོ། ཡུལ་གདོན། ཕུང་འདྲེ་དང་བཅུ་བཞི།  སྲིང་མོ་བཅུ་གསུམ་ནི། འབྲོག་སྲིན། རྐོ་སྲིན། ཆུ་སྲིན། བམ་སྲིན། སྟག་སྲིན། དེ་མོ། མོ་གདོན།  མ་ཡམས། གོ་ལེ་མ་མ། ཚོགས་ཀྱི་རྗེ་མོ། ལྟེ་རྫོང་མ། ཁ་འབར་རྐོང་སྐྲ་མ། གླིང་བཞི་རབ་འབྱམས་མ་དང་བཅུ་གསུམ་མོ། ­  

གདོན་རིགས་བཅོ་བརྒྱད་ནི། དུང་དཀར་ཚིག་མཛོད་ལྟར། ལྷ། ལྷ་མིན། དྲི་ཟ། ཀླུ། གནོད་སྦྱིན། ཚངས་པ། སྲིན་པོ། ཤ་ཟ། ཡི་དྭགས། གྲུལ་བུམ། བྱད་སྟེམས། གཡེང་བྱེད། རོ་ལངས། མཚུན་ལྷ། བླ་མ། དྲ་སྲོང་། རྒན་པོ། གྲུབ་པ་ཞེས་གདོན་རིགས་བཅོ་བརྒྱད་དོ། །

ཡུལ་གདོན་མི་སྲིང་དགུ་ནི། མཛོད་འགྲེལ་ལས་བསྟན་པ་ལྟར། ཡུལ་གདོན་ནག་མོ། ཡུལ་འདྲེ་ཕུང་འགོང་། ཡུལ་བདག་བདུད་ལེན། ཡུལ་གདོན་ཕུད་ལེན། ཡུལ་གདོན་སྣ་དམར། ཡུལ་འདྲེ་མོ་སྣ་ལེན། ཡུལ་འདྲེ་མོ་ཀུན་ཏུ་རྒྱུག་པ། ཡུལ་འདྲེ་མོ་འགབ་གཅོད་མ། ཡུལ་འདྲེ་མོ་ཀུན་ཏུ་སྟོང་བྱེད། གདོན་ལྔ་ནི། མ་རྒྱུད་ལྟར། ས་བོན་ཟས་སུ་ཟ་བ་སྲེད་ལེན་གྱི་གདོན།  དྲི་ཆེན་ཟས་སུ་ཟ་བ་སྲུལ་པོའི་གདོན། ཟླ་མཛན་ཟས་སུ་ཟ་བ་ཕུང་སྲི་རྟའམ་རྔ་མོང་གི་གདོན། དྲི་ཆུ་ཟས་སུ་ཟ་བ་ཡི་དྭགས་ཀྱི་གདོན། ཤ་ཆེན་ཟས་སུ་ཟ་བ་ཤ་ཟའི་གདོན། གདོན་བཞི་ནི། ཉེར་མཁོ་ལྟར། ཤར་དྲི་ཟའི་གདོན། བྱང་གནོད་སྦྱིན་གདོན། ནུབ་ཀླུ་དབང་གདོན། ལྷོ་གཤིན་རྗེའི་གདོན། གདོན་གསུམ་ནི། བྱམས་སྔགས་འགྲེལ་ལྟར། སྟེང་ཕྱོགས་ལྷ་ཡི་གདོན། འོག་ཕྱོགས་ཀླུ་ཡི་གདོན། བར་མི་ཡི་གདོན། ཞེས་དང་། བོན་ཀྱི་ཤེས་རིག་ཚིག་མཛོད་ལྟར། ཕོ་གདོན། མོ་གདོན། ཀླུ་གདོན།

དྲུག་པ། གདོན་ཕྱི་རུ་འདོན་ཐབས།

 

གདོན་གྱིས་ཟིན་པ་དང་གདོན་གྱིས་རླམས་པ་གདོན་ཞུགས་པ། གདོན་གྱི་གནོད་པ་བྱུང་ན་དེ་དག་སེལ་ཐབས་གང་ཞིག་བསྟེན་དགོས་མིན་གཞུང་སོ་སོར་ནས་གསུང་ཚུལ་འདྲ་མིན་ཇི་ཡོད་རིམ་པ་བཤད་འདོད།

སྤྱིར་གདོན་སེལ་ཐབས་མང་པོ་ཞིག་ཡོད་འདུག་ཀྱང་བསྡུས་ན། བྱམས་སེམས་སྙིང་རྗེ་སོགས་དུག་ལྔའི་ལྡོགས་ཕྱོགས་བསྒོམ་ནས་གདོན་སེལ་བ་དང་། གཏོ་བཅའི་ལས་རིམ་ལ་བརྟེན་ནས་གདོན་སེལ་ཐབས་དང་།  མེ་དང་གདོན་བདུག་རྫས་ལ་བརྟེན་ནས་གདོན་སེལ་ཐབས། རྩ་རླུང་འཕྲུལ་འཁོར་ལ་བརྟེན་ནས་གདོན་སེལ་ཐབས། སྨན་སྦྱོར་རིལ་བུ་དང་སྨན་མར་སོགས་ལ་བརྟེན་ནས་གདོན་སེལ་ཐབས། རླུང་དང་རླུང་རྟ་འཛུགས་པ་ལ་བརྟེན་ནས་གདོན་སེལ་ཐབས་བཅས་ཁག་བདུན་ཙམ་དུ་བསྡུ་ཆོག་པར་སྙམ།

འཕྲུལ་འཁོར་ལ་རྟེན་ནས་གདོན་སེལ་ཐབས་ནི། སྙན་རྒྱུད་འཕྲུལ་འཁོར་སོ་དགུའི་ནང་གསེས་དང་པོ། མགོ་སྦྱོང་ནི། སྐྱིལ་ཀྲུང་བྱ་ལ་ལག་པ་གཉིས་ཀྱི་མགོ་དང་ལུས་གཡས་གཡོན་དང་མདུན་ཕྱོགས་གསུམ་ནས་མར་བྱུག་པ་ལན་རེ་བྱ། ནད་གདོན་སྡིག་སྒྲིབ་འདོན་ཕྱིར་ཧ་སྒྲ་དང་། འཁོར་བ་དོང་སྤྲུགས་ནས་སྤྲོགས་ཏེ་སེམས་ཅན་ཐམས་ཅད་སངས་རྒྱས་པར་བསམ་ལ་ཕཊ་སྒྲ་འདོན་པ་ནི་འཕྲུལ་འཁོར་ཀུན་ལ་འགྲེས་སོ། །ཞེས་དང་།

ཡང་ལུང་གོང་མཚུངས་འཕྲུལ་འཁོར་སོ་གཉིས་པ།  རྔ་མོང་འདོར་སྟབས་ནི། ཙོག་པུར་འདུག་ལ་ལག་ངར་རྐང་པའི་བར་བཏོན་ལ་རྐང་པའི་མཐེ་བོང་ལག་པ་གཉིས་ཀྱིས་བཟུང་། རྒྱབ་ཏུ་བསྒྲིལ་ནས་རྐང་མགོ་ས་ལ་བཙུགས། རྐང་ལག་ཤད་ཀྱིས་སྤྲུགས་ལ་བརྐྱང་། དེ་འདྲ་ལན་བདུན་བྱའོ། །གཟུགས་བཞི་སྤྲུགས་ཤིང་ཧ་ཕཊ་སྒྲ་སོགས་ཀུན་ལ་འགྲོ། ཡོན་ཏན་ནི་ཚ་གྲང་རླུང་མཁྲིས་གདོན་རྐྱེན་ཐམས་ཅད་སེལ། ཞེས་གསལ།

མེ་དང་བདུག་རྫས་ལ་བརྟེན་ནས་གདོན་སེལ་ཐབས་ནི། ག་རྒྱའི་སྨན་སྦྱོར་སྟོང་རྩ་ལས་། ལེའུ་གྱ་གཅིག་པ།བྱིས་གདོན་སྐབས།བདུག་རྫས་བར་གླང་རུས་སྦྱོར་བཅུ་བཞི།རྫས་ཆེན་བཅུ་སྦྱོར་བདུག་པ། ཞེས་དང་། དེ་བཞིན

ལེའུ་གྱ་ལྔ་པའི་སྐབས་སུ།འབྱུང་གདོན་སྐབས།གེ་ཁོད་བདུག་རྫས་བརྒྱད་སྐོར།རྫས་དོན་བཅུ་གཅིགསྨན་འབུམ་གདོན་སྲུང་རིལ་བུ།བྱ་ཏྲི་བརྒྱད་སྦྱོར་བདུག་རྫས།བ་ལང་ར་སྦྱོར་བཅུ་དྲུག་བདུག་རྫས་ཞིབ་པར་གསལ་བས་སོ།།

ཡང་ཡེ་ཁྲི་མཁའ་འགྲོ་རིན་ཕྲེང་དེབ་༥༦ལས། རྫས་སྣ་ང་དགུ་ཡི་ནང་གསེས། གདོན་སྲུང་རྫས་ནི། སྤྱང་བྲུན་གདོན་ནད་གཡན་པ་སྲུང་། བུ་རམ་ཤ་ཟའི་གདོན་རྣམས་སྲུང་། སྦལ་ཤས་མྱོ་བྱེད་གདོན་རྣམས་སྲུང་། རི་བོང་བྲུན་གྱིས་ས་གདོན་སྲུང་། བྱི་ལའི་བྲུན་གྱིས་གྲིབ་གདོན་སྲུང་། ཆང་རྒོད་མིའམ་ཅི་གདོན་སྲུང་། རི་ཤོ་ལོ་མས་ཀླུ་གདོན་སྲུང་། གཡེར་མས་བཙན་གྱི་གདོན་རྣམས་སྲུང་། མཁན་པའི་རྩ་བས་ལྷ་གདོན་སྲུང་། ཐང་ཕྲོམ་ལོ་མས་ཀླུ་གདོན་སྲུང་། རྟ་བོན་པོ་ཡིས་གདོན་ཀུན་སྲུང་ཞེས་དེ་རྣམས་ཞིབ་བཏགས་བྱས་ནས་བྱུག་པ་དང་སྨན་རིལ་བཟོ་ནས་ལྟོ་སྟོང་སྐབས་སུ་སྤྱོད་ཅེས་གསལ།  སྨན་སྦྱོར་སྟོང་རྩའི་ལེའུ་གྱ་གཅིག་པ། བྱིས་གདོན་སྐབས། བདུག་རྫས་བར་གླང་རུས་སྦྱོར་བཅུ་བཞི། རྫས་ཆེན་བཅུ་སྦྱོར་བདུག་པ། ཡང་སྟག་ལའི་སྡེ་བརྒྱད་གདོན་ཐུབ། ལུས་འདེབས་སྨན་མར། གསང་འཁོར་གདོན་སྨན། རྫས་ཆེན་བཅོ་ལྔ། རྡོ་རྗེ་ལྷའི་སྨན་མར། ཡང་སྨན་སྦྱོར་སྟོང་རྩའི་ལེའུ་གྱ་དགུ་པ།གཟའ་གདོན་སྐབས།ཕྱི་རྟགས་སྨན།ནང་རྟགས་སྨན།གསང་རྟགས་སྨན།ཁོང་སྲུང་ནག་པོ་དགུ་སྦྱོར་ཞེས་གདོན་སེལ་དེ་བཞིན་གསལ། མོ་གཞུང་ནས་གསལ་བའི་གདོན་སེལ་ཚུལ་ནི། སྲིད་རྒྱལ་དུས་དྲུག་གི་རྣོ་མཐོང་མོ་༦ལས། གདོན་ཕྱྭ་ནི། བདུད་དང་མ་མོ་གསོན་འདྲེའི་གདོན། དེ་ལ་དུ་ཏྲི་སུའི་དར་ལྕོག་འཛུགས། ཞེས་གསལ། ཡ་དེ་ཉིད་ལས། གཟའ་དང་རྒྱལ་པོའི་གདོན་ལ། དེ་ལ་བཟའ་བཅོས་བྱ་ཞེས་གསལ། ཡང་དེ་ཉིད་ལས། སྡེ་བརྒྱད་ཀླུ་ཡི་གདོན་ལ། ཁྱུང་དམར་དབང་དང་ཀླུ་བཅོས་ཀླུ་མཆོད་བྱ་ཞེས་སོགས་གཞུང་དུ་མ་ནས་གསལ་བར་མངོན།།

དཔྱད་གཞིའི་དཔེ་ཁུངས་དང་གསལ་བཤད།

(1)མཐོང་གྲོལ་རི་ཁྲོད་དགོན་ནས་པར་བསྐུན་པའི་རི་ཁྲོད་ཞལ་འདོན་ཕྱོགས་བསྒྲིགས་ནང་མདོ་ལས་བྱུང་བའི་བདུད་ཟློག་༢༩༧ལས། བདག་དང་རྒྱུ་སྦྱོར་བ་ཡོན་གྱི་བདག་པོ་རྣམས་ཀྱི་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་གནོད་ཅིང་འཚེ་བར་བྱེད་པའི་གདོན་གྱི་རིགས་སུ་གྱུར་པ་ནི། ལྷ་ཡི་གདོན་དང་། ལྷ་མ་ཡིན་གྱི་གདོན་དང་། མིའི་གདོན་དང་། མི་མ་ཡིན་གྱི་གདོན་དང་། ཀླུ་ཡི་གདོན་དང་། རྒྱལ་པོའི་གདོན་དང་། དྲི་ཟའི་གདོན་དང་། ནམ་མཁའ་ལྡིང་གི་གདོན་དང་། འབྱུང་པོའི་གདོན་དང་། གྲུལ་བུམ་གྱི་གདོན་དང་། བརྗེད་བྱེད་ཀྱི་གདོན་དང་། སྐེམ་བྱེད་ཀྱི་གདོན་དང་། སྨྱོ་བྱེད་ཀྱི་གདོན་དང་། འཆི་བྱེད་ཀྱི་གདོན་དང་། གདོན་རིགས་སྟོང་ཕྲག་བརྒྱད་ཅུ་ཐམས་ཅད་ཕྱིར་ཟློག་པར་གྱུར་ཅིག་མེད་པར་གྱུར་ཅིག སྟོང་བར་གྱུར་ཅིག་ཞེས་གསལ།

(2)མི་རིགས་དཔེ་བསྐྲུན་ཁང་བཏོན་པའི་ཏི་སེའི་དཔེ་ཚོགས་དེབ་༥་འབུམ་བཞི་ཨང་༢༠ལས། ངོ་མཚར་རྩ་བདུན་ནི།  ཁྱིམ་ཕྱྭ། མགྲོན་ཕྱྭ། དགྲ་ཕྱྭ། གྲོགས་ཕྱྭ། མེ་ཆུ་གོ་ཟློག་ཕྱྭ། སྲིད་ཕྱྭ། གདོན་ཕྱྭ། ཞེས་གསལ།

(3) ཉེར་མཁོ་འདོད་འཇོ་འཁྲི་ཤིང་དཔེ་གཟུགས། དཔེ་བསྐྲུན་ཁུངས་བོན་གཞིས་སྨན་དགོན་ཨང་༡༠༤ལས་བཏུས། ཤར་དྲི་ཟའི་གདོན། བྱང་གནོད་སྦྱིན་གདོན། ནུབ་ཀླུ་དབང་གདོན། ལྷོ་གཤིན་རྗེའི་གདོན་ལ་སོགས་ཕྱི་ཡི་བར་ཆད་ནང་དུ་མ་བཏང་། ནང་གི་དངོས་སྒྲུབ་ཕྱི་རུ་ཡལ་དུ་མི་འཇུག་པ་གསང་མཚམས་གཉེན་པོ་དམ་པར་སྲུང་ཤིག

(4) རྫོགས་ཆེན་ཡང་རྩེ་ཀློང་ཆེན་དྲང་དོན་དཔེ་གཟུགས། དཔེ་བསྐྲུན་ཁུངས་བོན་གཞིས་སྨན་དགོན་ཨང་༡༤༩ལས། དབེན་ཚུལ་ལྔ།དགྲའི་བར་ཆོད་ཀྱིས་དབེན་པ། གདོན་གྱི་བར་ཆོད་ཀྱིས་དབེན་པ།ནད་ཀྱི་བར་ཆོད་ཀྱིས་དབེན་པ།ཡོ་བྱད་ཀྱི་བར་ཆོད་ཀྱིས་དབེན་པ།ཏིང་འཛིན་གྱི་བར་ཆོད་ཀྱིས་དབེན་པ་ཞེས་གསལ།དཔེ་གཟུགས། དཔེ་བསྐྲུན་ཁུངས་ཐོབ་གསར་བོན་གཞིས། མཛད་པ་པོ་སྙ་ཆེན་ལི་ཤི་སྟག་རིང་།

(5) ཐེག་རིམ་གསལ་སྒྲོན་དཔེ་གཟུགས། དཔེ་བསྐྲུན་ཁུངས་བོན་གཞིས་སྨན་དགོན་ཨང་༢༡༥ལས། ཤི་རྐྱེན་བརྒྱད་ཅུ་རྩ་གཅིག བར་ཆོད་གདོན་གྱིས་ཤི་བ་ཉི་ཤུ། འདུ་བ་ནད་ཀྱིས་ཤི་བ་ཉི་ཤུ། གློར་བུར་རྐྱེན་གྱིས་ཤི་བ་ཉི་ཤུ། རྣོ་གཅོད་མཚོན་གྱིས་ཤི་བ་ཉི་ཤུ། ཚེ་ཟད་ལས་ཀྱིས་ཤི་བ་གཅིག་བཅས་གྱ་གཅིག་གོ།

(6) མ་རྒྱུད་ཐར་ལམ་འགྲེལ་དཔེ་གཟུགས། དཔེ་བསྐྲུན་ཁུངས་བོན་གཞིས་སྨན་དགོན་ཨང་༧༧༩ལས།མི་མཐུན་མཐུན་ཕྱོགས་སྐྱོང་བ་བཞི། ནད་དགེ་བའི་བསྐུལ་མ།གདོན་སངས་རྒྱས་ཀྱི་ཐུགས་རྗེ།རྐྱེན་ཐར་པའི་ལམ་འདྲེན།བདུད་སངས་རྒྱས་ཀྱི་རྣམ་སྤུལ།

(7)  གཟི་བརྗིད་ག་སྡེ་དཔེ་གཟུགས། པར་བསྐྲུན་ཁུངས་བོན་གཞིས་སྨན་དགོན་ཨང་༧༠ལས། སྲིད་གཤེན་པའི་ཤི་རྟགས་སུམ་བརྒྱ་དྲུག་ཅུ། གཡེན་སྡེ་བརྒྱ་དང་ཉི་ཤུའི་རྐྱེན་གྱིས་རྒས་པ་ཤི་རྐྱེན་བརྒྱ་ཉི་ཤུ། གདོན་ཆེན་དྲུག་ཅུའི་རྐྱེན་གྱིས་གཞོན་པ་ཤི་རྐྱེན་དྲུག་ཅུ། སྲི་ཅན་གདོན་ཕྲན་དྲུག་ཅུའི་རྐྱེན་གྱིས་བྱིས་པ་ཤི་རྐྱེན་དྲུག་ཅུ། གྲི་གཡེན་བརྒྱ་དང་ཉི་ཤུ་རྐྱེན་གྱིས་གྲི་རྒོད་ཤི་བ་བརྒྱ་ཉི་ཤུ་བཅས་སུམ་བརྒྱ་དྲུག་ཅུ།

(8)་རྒྱུད་གཉན་ལམ་འགྲེལ་དཔེ་གཟུགས། བོན་གཞིས་སྨན་དགོན་ཨང་༦༧༧ལས། མ་རྒྱུད་གཉན་ལམ་ལས་གོ་བགོ་བའི་གནད་བཞི་ཡི་ནང་ནས་སྙིང་རྗེ་གོ་བགོ་བ་རྫོགས་སྐུའི་གནད། གདོན་གྱི་གནོད་འཚེ་སྙིང་རྗེའི་དྲན་བསྐུལ།མ་རྒྱུད་གཉན་ལམ་འགྲེལ་༦༧༧ལས་བཏུས།༽

(9)ཟི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་ནས་བཏོན་པའི་བཀའ་ལུང་རྒྱ་མཚོ་༢༣༦ལས། བླ་མ་སྨན་གོང་བ་དེ་ཉིད་ཁམས་གཞི་ཀླུ་ནད་བསྙུང་བའི་དུས། གཅེན་པོ་གཉིས་ཀྱིས་རིམ་གྲོ་བྱ་དགོས་ཡང་ཡང་ཞུས་པས། རི་ཁ་ན་ཁྱུང་གི་སྒྲུབ་པ་མཛད་དེ། ཀླུ་གདོན་ལ་དྲག་དམིགས་བཟུང་བས་སྐད་ཅིག་གི་ཀླུ་ལ་སྙིང་རྗེ་སྐྱེས་ཏེ། ལུས་ལ་གནས་པའི་ཀླུ་གདོན་འདི། ཕ་མ་བུ་གཅིག་བས་ཀྱང་གཅེས་པ་ལ། འདི་ལ་དམིགས་པ་དྲག་སྔགས་འདི་འདྲ་བྱེད་པ་སྙིང་རེ་རྗེ། ད་ནི་བུ་དང་འདྲ་བར་བྱ་དགོས་དགོངས་ནས་ཁྱུང་གཏོར་བཀྲོལ་ཏེ་ལུང་པའི་མདོ་ལ་བྱོན་པས། དེར་མཛེ་སྤྲང་གཅིག་དང་འཕྲད་ནས་དེ་ལ་རང་བས་གཞན་གཅེས་ཀྱི་སྙིང་རྗེ་སྐྱེས་ཏེ། གཡོག་མཛད་ཀྱིན་བཞུགས་པས་ནུབ་གཅིག་ཟླ་དཀར་གཅིག་ན་དགོངས་པར་བཞུགས་པའི་ཚེ་ཤངས་ཟ་གུལ་འབྱུང་། དེ་ནས་ཅུང་ཟད་ལོན་ཙམ་ནས། ཁྱོད་འདྲ་བའི་ལས་ངན། ང་འདྲ་བའི་ལུས་ངན་ལ་མི་སྡོད་པར་དགོངས་ནས། ཕྱག་གིས་བླངས་ཏེ་སྣ་ཁུང་དུ་ཡར་ལ་བཙངས་པས་ཀྱང་འགྲོ་མ་འདོད། ཁོང་གིས་གྲིབ་མས་ཕོགས་ཀྱིས་དོགས་ནས་སྡོམ་དེ་དར་གྱིས་བསྟུམ་སྟེ་སྨོན་ལམ་བཏབ་པས་ཁོང་གི་བསྙུང་ནད་སོས། བླ་མ་ཁོང་གི་ཞལ་ནས། གདོན་ལ་སོགས་པས་གནོད་པ་ནི། ཞེ་སྡང་གི་དྲག་སྔགས་ཅི་སྙེད་བཟླས་པ་བས། སྙིང་རྗེ་མི་རྟོག་པ་དར་གཅིག་བསྒོམས་པ་དེ་རང་བྱིན་རླབས་ཆེ་བ་འདྲ་གསུངས།

(10) མ་རྒྱུད་བོན་ཉིད་ཐིག་ལེའི་འགྲེལ་དཔེ་གཟུགས། བོན་གཞིས་སྨན་དགོན་ཨང་༣༤༠ལས།  གདོན་ལྔ།ས་བོན་ཟས་སུ་ཟ་བ་སྲེད་ལེན་གྱི་གདོན།  དྲི་ཆེན་ཟས་སུ་ཟ་བ་སྲུལ་༼སྲུན༽པོའི་གདོན། ཟླ་མཛན་ཟས་སུ་ཟ་བ་ཕུང་སྲི་རྟའམ་རྔ་མོང་གི་གདོན། དྲི་ཆུ་ཟས་སུ་ཟ་བ་ཡི་དྭགས་ཀྱི་གདོན། ཤ་ཆེན་ཟས་སུ་ཟ་བ་ཤ་ཟའི་གདོན་བཅས་སོ། །

(11) རྗེ་ཡི་མཛོད་འགྲེལ་དེབ། དཔེ་བསྐྲུན་ཁུངས་རྒྱ་གར་བོན་གཞིས། ཨང་༣༣ལས། ཡུལ་གདོན་མི་སྲིང་དགུ། ཡུལ་གདོན་ནག་མོ། ཡུལ་འདྲེ་ཕུང་འགོང་། ཡུལ་བདག་བདུད་ལེན། ཡུལ་གདོན་ཕུད་ལེན། ཡུལ་གདོན་སྣ་དམར། ཡུལ་འདྲེ་མོ་སྣ་ལེན། ཡུལ་འདྲེ་མོ་ཀུན་ཏུ་རྒྱུག་པ། ཡུལ་འདྲེ་མོ་འགབ་གཅོད་མ། ཡུལ་འདྲེ་མོ་ཀུན་ཏུ་སྟོང་བྱེད།

(12) དྲི་མེད་གཟི་བརྗིད་ང་དུམ་དཔེ་གཟུགས།  དཔེ་བསྐྲུན་ཁུངས་རྒྱ་གར་བོན་གཞིས།  པྲིང་རྒྱུད་ཡི་དྭགས་ཀྱི་སྐད་དྲུག་ལས།པྲིང་ད་གདོན་གྱི་སྐད།  ས་སྲིན་འབྱུང་པོའི་སྐད།འི་ཅུ་ཁ་འབར་གྱི་སྐད།པྲིང་དུ་ཕྱི་ཡི་སྒྲིབ་ཅན་གྱི་སྐད།པྲིང་ཙེ་ནང་གི་སྒྲིབ་ཅན་གྱི་སྐད།པྲིང་རྒྱུད་སྒྲིབ་པ་ཅན་གྱི་སྐད་བཅས་སོ།།

(13)དུང་དཀར་ཚིག་མཛོད་ཆེན་མོ་ཨང་༡༡༢༨ལས། གདོན་རིགས་བཅོ་བརྒྱད། ལྷ། ལྷ་མིན། དྲི་ཟ། ཀླུ། གནོད་སྦྱིན། ཚངས་པ། སྲིན་པོ། ཤ་ཟ། ཡི་དྭགས། གྲུལ་བུམ། བྱད་སྟེམས། གཡེང་བྱེད། རོ་ལངས། མཚུན་ལྷ། བླ་མ། དྲང་སྲོང་། རྒན་པོ། གྲུབ་པ་ཞེས་གདོན་རིགས་བཅོ་བརྒྱད་ཅེས་གསལ་ཡོད།

(14) ཀྲུང་དབྱངས་མི་རིགས་དཔེ་བསྐྲུན་ཁང་ནས་བཏོན་པའི། གངས་ཏི་སེའི་དཔེ་ཚོགས་དེབ་དང་པོ། དར་རྒྱས་གསལ་སྒྲོན་༢༩༠ལས། ཕྱི་རྒྱུད་ལས། ནུབ་པའི་རྐྱེན་ནི། སངས་རྒྱས་ཀྱི་བསྟན་པ་མིག་བརྗེ་བ་དང་། སེམས་ཅན་གྱི་བསོད་ནམས་མར་འགྲིབ་པ། རྒྱལ་པོའི་ཐུགས་ལ་གདོན་ཞུགས་པ་དང་གསུམ་སྟེ་ཞེས་གསལ། 

(15) ཀྲུང་དབྱངས་མི་རིགས་དཔེ་བསྐྲུན་ཁང་ནས་བཏོན་པའི། གངས་ཏི་སེའི་དཔེ་ཚོགས་དེབ་དང་པོ། གླེང་གཞི་བསྟན་པའི་འབྱུང་ཁུངས་༤༡༧ལས།  ནུབ་ལུགས་དངོས་ནི། དེར་རྒྱལ་པོའི་ཐུགས་ལ་གདོན་ཞུགས་ནས། རྫུན་དང་ཕྲ་མ་ལ་ཡང་གསན་ཞིང་། སྲས་དབོན་རིང་གྱི་རིང་ལ་རྒྱལ་སྲིད་བོན་ལ་ཤོར་དྭོགས་ཏེ། གཤེན་རྣམས་བསོགས་ནས་གསུངས་པ། ཞེས་སོགས་གསལ་ཡོད།

(16) ཡབ་སྲས་སྔོན་འགྲོ་དེབ་གཟུགས། དཔེ་བསྐྲུན་ཁུངས་མཐོང་གྲོལ་རི་ཁྲོད་དགོན། ཨང་༥༡ལས།  བདག་དང་སེམས་ཅན་ཐམས་ཅད་རྒྱུ་ཞེ་སྡང་། ནད་རླུང་།  བདག་དང་སེམས་ཅན་ཐམས་ཅད་ཀྱི་རྒྱུ་འདོད་ཆགས།  ནད་མཁྲིས་པ། གདོན་མོ་གདོན།  སྐྱེ་བ་ཕྱི་མའི་སྡིག་སྒྲིབ་ཀྱི་ངོ་བོ་ཁ་དོག་དམར་སེར་དེ་ཡེ་ཤེས་རླུང་གིས་གཡས་ནས་དེད་ཅིང་གཡོན་ནས་འབུད་པ་ལན་གསུམ། བདག་དང་སེམས་ཅན་ཐམས་ཅད་རྒྱུ་གཏི་མུག ནད་བད་ཀན། གདོན་ཀླུ་གདོན། སྐྱེ་བ་ད་ལྟའི་སྡིག་སྒྲིབ་ཀྱི་ངོ་བོ་ཁ་དོག་དམར་ནག་དེ་ཡེ་ཤེས་རླུང་གི་རྩ་སྒོ་གཉིས་ནས་དེད་ཅིང་དབུ་མ་འབུད་པ་ལན་གསུམ།

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.