བརྒལ་ལན་སྣང་བྱེད་ཉི་མའི་དཀྱིལ་འཁོར༎
མཁར་ནག་སྐལ་བཟང་རྒྱ་མཚོ༎
ཤེས་རབ་བསྟན་དར་ལ་འཁྲུལ་སེལ་དུ་ཕུལ༎
སྤྲོས་བྲལ་མི་གཡོ་ཐུགས་ཉིད་ནམ་མཁའི་ཀློང་༎ སྒྲིབ་བྲལ་བོན་ཀུན་གཟིགས་པ་སྤྱན་ལྔའི་བདག། ཟླ་བྲལ་མཚན་དཔེ་སྐུ་ལ་ཚངས་དབྱངས་གསུང་༎ འགྲན་བྲལ་ཟུར་ཕུད་ལྔ་བས་རྟག་ཏུ་སྐྱོངས༎ སྲིད་ཞིའི་བོན་ཀུན་བདག་ཏུ་མེད་པ་ལ༎ མ་རྟོགས་འཁྲུལ་བའི་དྲ་རྒྱར་ཚུད་པའི་འགྲོ།། བདེ་བར་འདྲེན་ལ་འཇིགས་མེད་ཤེས་རབ་མཚོན༎ མཁའ་རུ་གདེངས་པའི་འགྱིང་བག་མིག་གི་དཔྱིད༎ གང་གི་དཔལ་ལ་མངོན་ཆགས་དྲི་ཟ་མོ༎ འཁྲུལ་བའི་མཚན་མས་དབེན་ཡང་སྙན་འཇེབས་ཀྱི༎རྒྱུད་མང་དབྱངས་ལ་རོལ་བའི་ངང་ཚུལ་ཅན༎ མཚར་སྡུག་ལང་ཚོ་རྒྱས་པས་ཤིས་པ་སྩོལ༎ འཛམ་གླིང་རྩེར་སོན་བསིལ་ལྡན་ཞིང་གི་མཆོག། ཀེ་ལ་ཤ་རིས་བསྐོར་བ་སྨན་གྱི་ལྗོངས༎ བདག་གིར་བཞེས་མཛད་སྤུར་རྒྱལ་བོན་གྱི་སྡེ༎ སྔོན་བྱུང་ལོ་རྒྱུས་གཟི་བྱིན་སྲིད་ན་འབར༎ འོན་ཏེ་བདེན་དོན་གསེར་གྱི་མེ་ལོང་འོད༎རིས་འཛིན་མི་སྡུག་བཞིན་ལྡན་ལུས་ཅན་འགས༎ ལོག་སྨྲ་རྡུལ་གྱིས་སྒྲིབ་པར་བརྩོན་ན་ཡང་། དངོས་དོན་དྭངས་པའི་ཁམས་ལ་སྒྲིབ་ནུས་ཅི༎ དེ་ཕྱིར་རྫུན་གཏམ་ཐུན་གསུམ་ནག་པོའི་དཔུང་༎ དཀྲིགས་ཀྱང་དུས་ཀྱི་འགྱུར་འགྲོས་ཁྱུང་སྔོན་སྐྱེས༎ ལེགས་པར་དྲངས་པའི་དོན་དངོས་རྟ་བདུན་དབང་༎ དབང་རིའི་སྤོ་ནས་འཆར་ལ་སོམ་ཉི་བྲལ༎ འོན་ཀྱང་རྨོངས་དང་ཕྱོགས་ལྷུང་དུག་གི་ཆུ༎ འཐུང་བའི་མཁས་རློམ་ཤེས་རབ་བསྟན་དར་གྱིས༎ ཀུར་གུམ་ཆུན་པོར་སྤེལ་བའི་དཔྱད་གཏམ་ཏེ༎ མུན་སེལ་སྒྲོན་མེ་ཞེས་པར་སྨྱོ་ལབ་མང་༎ དེར་བརྟེན་རྨོངས་དང་རིས་འཛིན་མུན་སྟུག་དཔུང་༎ དྲུངས་ནས་འབྱིན་ཕྱིར་བདེན་གཏམ་ཉི་མའི་སྤུན༎ རྣམ་དཔྱོད་རིག་པའི་ཚ་ཟེར་སྟོང་དང་ལྷན༎ རྨོ ངས་མུན་སེལ་ཕྱིར་བསྩལ་གྱི་རྒྱན་དུ་ལོངས༎ དེ་ཡང་འོན་ཀྱང་ལོ་རྒྱུས་ཞེས་པ་ནས༎ དབྱུག་པའི་གཏན་ཚིག་འོས་ཞེས་བར་གྱི་ལན།། ཐོན་མི་བྱོན་པ་རྫུན་ཞེས་སྨྲས་པའི་ཚིག། དུ་མ་མཆིས་སོ་དེ་ལ་མི་འཐད་ན༎ ཕྱོགས་ལྷུང་བྲལ་བའི་བློ་གྲོས་ཡང་དག་གིས༎ ཞིབ་མོར་དཔྱད་ནས་དགག་བཞག་མཛད་པ་ནི༎ གཟུར་གནས་ཚོགས་ལ་རིགས་ཀྱི་ཞེ་སྡང་གིས༎ རྡུང་རྡེག་བྱེད་པར་མོས་པ་བླུན་པོའི་ལུགས༎ ལྷག་པར་ནང་བའི་གྲུབ་མཐར་ཞུགས་བདེན་ན།། བྱམས་སྙིང་གཞི་བཟུང་སྙན་པར་སྨྲ་བ་ཡིས༎ མ་རྟོགས་འགྲོ་ཀུན་བདེ་བར་ཁྲིད་པ་ལས༎ ཚིག་གི་དུག་མདའ་རྩུབ་མོ་འཕེན་འདིས་ཅི༎ དགེ་ལྡན་རི་བོའི་གྲུབ་མཐའ་ལེགས་ཞུགས་ཏེ༎ དགེ་བཅུ་དང་འགལ་སྡུག་པའི་རྩིང་སྤྱོད་ཅན༎ དགེ་ལུགས་བསྟན་པའི་ཚངས་སྤྱོད་ཚུལ་གནས་ཀྱི།། དགེ་སློང་ཡིན་པར་རློམ་ན་འོས་སམ་ཅི༎ དེ་ནི་ཆོས་ཀྱི་ལུགས་དང་འགལ་བའི་སྐྱོན༎ སྲིད་ཀྱི་ཕྱོགས་ནས་སྤྱི་ཡི་མཐུན་སྒྲིལ་ལ༎ གནོད་པའི་སྐྱོན་ལྡན་དུས་རབས་གསར་བ་ཡི༎ ཡ་རབས་སྤྱོད་པའི་ཚུལ་དང་འགལ་བ་ཉིད༎ དེ་ལྟར་ལུགས་གཉིས་གང་གི་ཕྱོགས་ལ་ཡང་༎ ཕན་མེད་བརྩེ་བ་བྲལ་བའི་སྐྱོན་ཅན་ཚིག། ཤིན་ཏུ་ཐལ་ལོ་དམ་པའི་སྤང་བྱ་ལ༎ བླུན་རྣམས་སྤྲོ་མོད་མཁས་པའི་ཚོགས་ནི་མིན༎ ཡང་ཞིག་འགའ་རེས་བོད་ཡིག་ཞེས་པ་ནས༎ དར་མ་གད་མོར་རྒྱུ་ཞེས་བར་གྱི་ལན༎ ཐོན་མིའི་སྔོན་དུ་ཡི་གེ་ཡོད་མེད་ཀྱི༎ དགག་སྒྲུབ་འོག་ཏུ་འབྱུང་ལ་འདི་རུ་མིན༎ ཚོགས་པར་འདོད་པ་དུང་དཀར་བློ་བཟང་གིས༎ མཛད་པའི་དེབ་དམར་མཆན་འགྲེལ་གནད་སྡུས་སུ༎ ཐོན་མི་སམ་བྷོ་ཊ་སོགས་ཁག་གཅིག་བཏང་༎ ཞེས་དང་དེ་དག་རང་རང་སྒྲ་རིག་ལ༎ ཞེས་པའི་སྐབས་ཀྱི་སོགས་དང་ཁག་གཅིག་དང་༎ དག་སྒྲ་བཅས་པ་མང་པོ་སྟོན་པའི་ཚིག། གཅིག་དང་དུ་མ་བཞེད་པའི་གསུང་རྒྱུན་གཉིས༎ ཁྱོད་ཀྱི་ལུགས་ལ་བྱུང་ན་ཅི་ལྟར་འགྲེལ༎ མཉམ་དུ་བྱིན་པའི་གཞོན་ནུ་བཅུ་དྲུག་ལས༎ སྦྱང་འབྲས་མཆོག་དམན་འབྱུང་བ་བདེན་ན་ཡང་༎ ཐོན་མི་མ་གཏོགས་གཞན་པར་བྱས་རྗེས་ནི༎ ཅུང་ཙམ་མེད་པ་རྒྱུ་མཚན་གང་གིས་གྲུབ༎ ཐེ་ཚོམ་སྐྱེས་པ་མཐོང་ཆུང་ཡིན་པའི་ཚུལ༎ སྨྲས་བའི་གཏམ་འདི་ཨེ་མ་ངོ་མཚར་ཆེ༎ དཔྱད་གཞི་ཡིན་ན་སྙིགས་དོར་བཅུད་ལེན་གྱི༎ གཞི་མ་ཡིན་གྱི་ཇི་བཞིན་བཤུ་ས་མིན༎ དེ་ལ་བློ་ཡིས་དཔྱད་ན་རིགས་མཐུན་གྱི༎ ཐེ་ཚོམ་ཅུང་ཟད་སྐྱེས་ཀྱང་འགལ་བ་གང་༎ འོ་ན་ཁྱོད་ཀྱི་རྒྱུད་ན་དེར་མཚུངས་ཀྱི༎ སེམས་བྱུང་ཐེ་ཚོམ་ཡེ་ནས་མེད་དམ་ཅི༎ ཁྱོད་ཀྱིས་དཔྱད་གཞིའི་ཡིག་ཆ་མཐའ་དག་ལ༎ མཐོང་ཆེན་བྱེད་ན་བོན་གྱི་ཡིག་ཚང་དག། ཕྱོགས་ཞེན་རླུང་གིས་ཁྱེར་བའི་ཁྱོད་རང་གིས༎ བསྐྱུར་ནས་སྣང་མེད་རྡོག་རྫིས་གཏོང་དོན་ཅི༎ གཞན་ཡང་ཁྱོད་ལུགས་ཐུབ་པ་སྲོང་བཙན་སོགས༎ འཁྲུངས་འདས་ལོ་ལ་བཞེད་པ་མི་མཐུན་མང་༎ ཁྱོད་ཀྱི་འཁྲུལ་བློ་ལྟར་ན་དེ་དག་ཀུན༎ མཐོང་ཆེན་བྱས་ནས་གཙུགས་སུ་འཛིན་ནམ་ཅི༎སྤྱིར་ན་བོད་ཡིག་སྲོང་བཙན་ཐོན་མིའི་སྐབས༎ གཅིག་དང་དུ་མ་གང་གིས་བསྐྲུན་པ་མིན༎ དེ་ཕྱིར་སྒེར་དང་ཚོགས་པའི་རྩོད་གླེང་ལ༎ མི་དགྱེས་མོད་ཀྱང་འགྲོ་མགོན་འཕགས་པའི་ཡིས༎ བཟོས་པའི་སོག་ཡིག་རྟགས་སུ་བཀོད་པ་འདི༎ ལྟར་སྣང་དུ་ཐལ་ཡང་དག་པ་ནི་མིན༎ ཅི་ཕྱིར་ཞེ་ན་སོག་ཡིག་གསར་བ་དེ༎ བོད་ལ་དཔེར་བླངས་གསར་དུ་བཟོས་པའི་རྗེས༎ ཧོར་རྗེ་སེ་ཆེན་རྒྱལ་པོས་བཀའ་ལུང་གིས༎ ཐམ་ཕུད་བཟོས་ནས་སྲིད་ཀྱི་ཡི་གེར་བྱས༎ རྒྱལ་ཁམས་ཡོངས་ལ་ཁྱབ་གདལ་སྤེལ་ན་ཡང་༎ རིམ་གྱིས་ཉམས་ནས་སྤྱོད་མཁན་མེད་པར་གྱུར༎ དམངས་ལ་མ་མཁོ་སྲིད་ལ་མ་ཕན་པ༎ དེ་ཡི་སྐྱོན་དུ་འདུག་ལ་ཡོན་ཏན་མིན༎ ཚུལ་འདི་གཅིག་གིས་བསྐྲུན་པའི་མཚུངས་དཔེ་རུ༎ བཙན་གྱིས་སྦྱར་ན་དཔེ་དོན་མཚུངས་སམ་ཅི༎ དེ་ཡིས་གཅིག་གིས་རྣམ་དཔྱོད་བློ་གྲོས་ལས༎ མང་པོའི་ཤེས་རབ་ལྷག་པ་མཚོན་མིན་ནམ༎ མང་པོའི་བློ་ཡིས་དཔྱད་ན་དོན་མི་འཕྱུག། ཞེས་པའི་གཏམ་དཔེ་དེས་ཀྱང་ལེགས་པར་གྲུབ༎ དེ་གཉིས་ཕན་ཚུན་ཁྱབ་པ་འདོད་པའི་ཚུལ༎ ཁྱོད་ཀྱིས་འདོད་ཕྱིར་ཐོན་མིས་བཟོས་པ་ཞིག། གལ་ཏེ་ཡོད་ཀྱང་བོད་ལ་མ་མཁོ་བར༎ རིམ་གྱིས་ཉམས་པ་ཤུགས་ནས་ཁས་བླངས་ཐེབས༎ ཐོན་མིས་བཟོས་པར་འདོད་པ་དེ་ཆོས་ཅན༎ བོད་ལ་མ་མཁོ་རིམ་གྱིས་ཉམས་པར་ཐལ༎ འཕགས་པའི་བཟོས་པའི་དེ་དང་ཕན་ཚུན་དུ༎ ཁྱབ་པ་གང་ཞིག་དེ་ནི་ཉམས་པའི་ཕྱིར༎ འདོད་པར་མི་ནུས་རང་གི་ལྟ་བར་འགལ༎ རྟགས་ཁྱབ་ངང་གིས་གྲུབ་ཕྱིར་འཁོར་གསུམ་ཚང་༎ཡང་དག་རིག་པ་སྨྲ་བར་མི་ནུས་ན༎ལྟར་སྣང་གཏན་ཚིགས་བཀོད་འདིས་སུ་ཞིག་བསླུ༎ ངོ་མཚར་གཤིས་ཀྱི་གནས་ལུགས་གང་ལ་ལྡན༎ བསྙོན་པའི་ཨུ་ཚུགས་གང་ཟག་སུ་ཡིས་བྱས༎ དངོས་དོན་བདེན་པའི་གཟུགས་བརྙན་གང་ལ་མཆིས༎ རྒྱུས་མེད་ནད་ཀྱིས་སུ་ལ་གཙེས་པ་སོགས༎ ཤེས་ལྡན་གཞོན་ནུ་རྣམས་ཀྱི་གཟིགས་མོ་རུ༎ སྒྲུབ་བྱེད་རིམ་གྱིས་བཀོད་ན་གསལ་ན་ཡང་༎ རིས་འཛིན་གདོན་གྱིས་བརླམ་པའི་རྣ་ལམ་དུ།། ལེགས་བཤད་དྲི་ཟའི་དབྱངས་ཀྱང་བརྩུབ་པར་སྣང་༎ རྣམ་མང་མཁས་མཛངས་ཀེ་ལ་ཤ་རིའི་སྤོར༎ རྣམ་དཔྱོད་གཡུ་རལ་རྒྱས་པའི་གདོང་ལྔ་བས༎ ལུང་རིགས་ངར་སྐད་གཅིག་གིས་ཕས་རྒོལ་གྱི༎ ནགས་ཀྱི་ཤྭ་ན་འཇོམས་ལ་དཀའ་བ་ཅི༎ ཡང་ཞིག་སྔོན་བྱོན་མེས་པོའི་ཞེས་པ་ནས༎ མ་དཔྱད་འཁྲུལ་བ་མང་ཞེས་བར་གྱི་ལན༎ དེ་ནི་ཁྱོད་ཀྱིས་རང་རང་ལུགས་བཞེད་པ་ལ༎ རིས་འཛིན་བློ་ཡིས་གཙུགས་སུ་བཟུང་པའི་རྟགས༎ མི་བརྗེད་ཐབས་སུ་ཐ་གུ་འདེབས་པ་འདི༎ ཡི་གེ་མེད་པའི་སྒྲུབ་བྱེད་ག་ལ་རུང་༎ འོ་ན་དུས་རབས་ཉི་ཤུའི་སྟོད་དུ་ཡང་༎ དེ་འདྲའི་སྣང་ཚུལ་ཡོད་ན་ཅི་ལྟར་འགྲེལ༎ ད་ལྟ་ཞལ་བཞུགས་རྒན་རབས་གསུང་སྒྲོས་ལས།། སྔོན་ཆད་ངག་ཕྲིན་ལས་བཅོལ་མི་བརྗེད་ཕྱིར༎ མཛུབ་མོར་ཐ་གུ་འདོགས་ཚུལ་ཐོས་རྒྱུ་ཡོད༎ དེས་ཀྱང་ཡི་གེ་མེད་པ་མཚོན་ནམ་ཅི༎ ཡི་གེ་ཡོད་ཀྱང་ཀུན་གྱིས་ཤེས་དགོས་པས༎ ཁྱབ་པ་མེད་དོ་རྒྱ་ཆེའི་དམངས་ཁྲོད་དུ༎ དེ་འདྲའི་ཐབས་ཤེས་རེ་གཉིས་ཡོད་ན་ཡང་༎ འཚོ་བ་དངོས་དང་མཐུན་ལ་འགལ་བ་མིན༎ ཐང་ཡིག་གསར་མ་ལས་ནི་དཔོན་རྟགས་སུ༎ གཡུ་ཡིག་གསེར་ཡིག་ཕྲ་མེན་དངུལ་ཡིག་དང་༎ ཐ་མ་ཟགས་ཡིག་བྱེད་ཅིང་ཆེ་ཆུང་དབྱེ༎ དེ་རྣམས་དཔུང་བར་བཏགས་ཏེ་མཐོ་དམན་འབྱེད༎ ཅེས་དང་དེ་ཡི་རྗེས་སུ་བཙན་པོའི་མཚན༎ ཁྲི་ཐོག་རྗེ་བཙན་དེའི་བུ་ཐོ་ཐོ་རུ༎ ཞེས་སོགས་བྱུང་བ་སྲོང་བཙན་སྔོན་ཡིན་ལ༎ ཡི་གེ་མེད་ན་གསེར་ཡིག་དངུལ་ཡིག་ཅི༎ གཞན་ཡང་གནམ་རི་སྲོང་བཙན་དུས་སུ་ཡང་༎ ཞང་སྣང་ཞེས་པར་དངུལ་ཡིག་གནངས་པ་དང་༎ སྲོང་བཙན་སྒམ་པོ་སྐུ་ན་གཞོན་པའི་དུས༎ དབའ་དབྱི་ཚབ་ཀྱི་བུ་རྒྱུད་ཕྱི་མ་ལ།། གསེར་ཡིག་གནངས་རྒྱུ་ཞལ་གྱིས་བཞེས་པའི་ཚུལ།། ཏུང་ཧོང་གཏེར་ཡིག་ནང་དུ་གསལ་བོར་ཡོད༎ གཏེར་ཡིག་ཐང་ཡིག་གཉི་གའི་ལུང་ལ་ཡང་༎ ནང་འགལ་བྱུང་ན་ཁྱོད་ཀྱིས་ཇི་ལྟར་འདོད༎ འདི་ཡི་སྐོར་ལ་ཁྱོད་ཉིད་རྨོངས་པའི་ཚུལ༎ ཤིན་ཏུ་གསལ་ཕྱིར་ལེགས་པར་བཤད་ཀྱིས་ཉོན༎ དེ་འདྲའི་དཔོན་རྟགས་ཡི་གེར་ཡིག་ཚང་ཟེར༎ གཉའ་ཁྲིའི་དུས་སུའང་དེ་འདྲ་ཡོད་པ་གསལ༎ ལུང་ནི་ལྡེའུ་ཇོ་སྲས་ཆོས་འབྱུང་དུ༎ གཉའ་བའི་ཁྲི་ལ་ཁུར་ནས་འོང་བའི་ཕྱིར༎ རྗེ་རྒྱལ་གཉའ་ཁྲི་བཙད་པོར་གྲགས་ཞེས་དང་༎ གསང་གྲོས་རྣམ་གསུམ་མི་ལ་ཆད་གཉིས་དང་༎ བཞེད་རྣམ་ལྔ་དང་ཡིག་ཚང་སྡེ་དགུ་དང་༎ དཔའ་མཚན་རྣམ་བརྒྱད་བཀའ་ནི་རིམ་གྱི་གནངས༎ ཞེས་དང་རྒྱལ་རབས་གསེར་འཕྲེང་ནང་དུ་ནི༎ རྗེ་རྒྱལ་གཉའ་ཁྲི་བཙད་པོར་མཚན་དུ་གསོལ༎ ལེགས་ཉེས་བྱ་དགར་དཔའ་མཛངས་ཀྱི་ཤན་འབྱེད༎ ནོངས་ཀྱི་ཆད་པར་ནང་གཡོ་ཁུངས་སྣུབས་བྱས༎ མཛངས་ལྔར་གསེར་གཡུ་དང་ནི་ཡིག་ཚང་གིས༎ བསྟོད་ཅིང་དཔའ་ལྔར་སེང་གེ་གུང་སྟག་བརྒྱན༎ རྗེ་ཡི་བཀའ་ཁྲིམས་གངས་ལ་ཉི་ཤར་འདྲ༎ མཛད་པའི་ལས་སུ་ཡུམ་བུ་བླ་སྒང་བརྩིགས༎ རྐུ་འཕྲོག་རྫུན་སྤོང་ཚོང་དང་ཁེ་སྤོགས་ལྟ༎ རྒྱལ་ཁམས་ཐམས་ཅད་བདེ་ཞིང་མངའ་ཐང་སྐྱིད༎ ཅེས་སོགས་བྱུང་བ་བཀའ་ཁྲིམས་ཐོག་མ་སྟེ༎ ཡིག་ཚང་ཡོད་དོ་མཐོང་རྒྱ་ཆེ་རུ་སྐྱེད༎ ཁབ་གཞན་འཕྲིན་དུ་དེ་དེའི་ཡི་གེ་ཡིས༎ བསྐུར་བའི་འཕྲིན་དེའི་བདག་རྐྱེན་བྱེད་པོ་སུ༎ སྲོང་བཙན་ཡིན་ནམ་ཡང་ན་གཞན་དུ་འདོད༎ གསལ་བོར་སྨྲོས་དང་བརྒལ་ལན་ཡུན་གྱིས་བགྱི༎ རྒྱ་གར་རྒྱ་ནག་ལི་བལ་ལ་སོགས་པ༎ མཐའ་བཞིའི་རྒྱལ་པོར་བཀའ་འཕྲིན་མཛད་ཅེས་པ༎ ཟུར་མཁར་བློ་གྲོས་བཞེད་ལ་རྒྱ་གར་ནག། ཕྲོམ་དང་གེ་སར་སྟག་གཟིགས་དམུ་དགེས་འདོད༎ ལན་གྱི་ཆབ་ཤོག་སོ་སོའི་ཡི་གེར་བཏབ༎ ཅེས་པ་མཁས་པའི་དགའ་སྟོན་དཔྱིད་གླུའི་དོན༎ དངོས་འགལ་ཕུང་བོར་བརྩེགས་པ་འདི་ནའང་ཡོད༎ ཉོན་དང་རེ་རེ་བགྲང་ལ་བདག་ཀྱང་སྤྲོ༎ དེ་འདྲའི་མཁས་པ་བོད་ལ་ཡོད་བཞིན་དུ༎ བོད་ཡུལ་མུན་པའི་གླིང་ཞེས་སྨྲ་བ་འགལ༎ རྒྱ་གར་སྐད་ཡིག་བོད་ཀྱིས་ཤེས་བཞིན་དུ།། ཐོན་མི་རྒྱ་གར་ཡུལ་དུ་བགྲོད་པར་འགལ༎ ཡིག་རིགས་སྣ་ཚོགས་སྔོན་ནས་སྤྱོད་བཞིན་དུ༎ དགོས་ཚུལ་འཕྲིན་ལ་བརྟེན་ནས་རྟོགས་པར་འགལ༎ དེ་དག་མཁས་པ་ལོ་ཆེན་ཡིན་བཞིན་དུ༎ ཐོན་མི་མཁས་པའི་ཐོག་མར་བརྩི་བ་འགལ༎ ཐོན་མི་ཉིད་ལ་ཤེས་རབ་ཆེ་བཞིན་དུ༎ དེ་དུས་མ་མཁྱེན་ཕྱིས་སུ་བསླབས་པར་འགལ༎ རང་གི་ལུགས་ལ་འགལ་བ་མང་བཞིན་དུ༎ མ་དཔྱད་གཞན་དག་དགག་པའི་ཚུལ་འདི་འགལ༎ གསལ་མེ་ནང་དུ་བཟོ་དང་སྒྱུ་རྩལ་དང་༎ རིག་པའི་གནས་ལྔར་མཁས་ཤིང་ཡོན་ཏན་ལྡན༎ ཞེས་སོགས་གསལ་ན་གནས་ལྔ་ཆེ་ཆུང་ལས༎ གནས་ལྔ་གཞན་ཞིག་བཀའ་ལུང་གང་ནས་གསུངས༎ ཀུན་གསལ་མེ་ལོང་ནང་དུ་སྒྱུ་རྩལ་ལས༎ རིག་པའི་གནས་ལྔ་གསང་ནས་སྦས་དོན་ཅི༎ དེ་དག་རྗེས་ཀྱིས་རྟོག་བཟོ་མིན་པའི་ཚུལ༎ སྒྲུབ་བྱེད་གཏན་ཚིག་ཡང་དག་གང་ཞིག་མཆིས༎ རིང་ནས་རྫུན་ལ་གོམས་པའི་རང་མཚང་དེ༎ འགེབ་ཕྱིར་རྗེས་འཇུག་ཀུན་གྱིས་རྟོག་བཟོའི་གཏམ༎ མང་དུ་སྨྲས་ནས་ཕན་ཚུན་འགལ་བ་ལ༎ མ་དཔྱད་བདེན་པར་འཛིན་པའི་ཚུལ་འདིས་སྐྱོ༎ སྲོང་བཙན་སྔོན་དུ་ཞང་བོད་ཡུལ་གྲུ་གཉིས༎ འགལ་ཡང་བོད་ཡིག་མེད་པའི་སྒྲུབ་བྱེད་གང་༎ དེའི་སྔོན་ཞང་ཡིག་མ་གཏོགས་བོད་ཡིག་ནི།། མེད་ཅེས་བོན་གྱི་མཁས་པ་གང་གིས་གསུངས༎ བྲི་མཁན་སྔོན་ཡང་མ་སྨྱོས་ད་ལྟ་ཡང་༎ སྨྱོ་བ་མེད་མོད་འོན་ཀྱང་བདེན་དོན་ཀུན༎ རིམ་གྱིས་གསལ་ན་ཕྲག་དོག་རིས་འཛིན་གྱིས༎ གཟུར་བའི་ཁྱོད་རང་འདྲ་བ་སྨྱོ་ཡང་སྲིད༎ ཞང་ཡིག་ཡོད་པའི་སྒྲུབ་བྱེད་འོག་ན་གསལ༎ འོན་ཏེ་སྨྱོ་ལབ་སྨྲོས་ནས་གང་དྲན་གྱིས༎ སྐྱིད་འདོད་འཁྲུལ་བར་རྨིས་པའི་སྣང་བ་ནི༎ སུ་ལ་ལྡན་པ་གོང་གི་འགལ་བས་ཤེས༎ སྙིང་པོ་ཟད་པའི་ལོང་གཏམ་གང་ཡིན་པ།། ཡང་དག་རིག་པས་དཔྱད་ན་རིམ་གྱིས་གསལ།། རང་ཕྱོགས་འགལ་བ་མང་ཡང་ཡང་དག་འདོད༎ གཞན་དག་མ་བརྟག་སྣང་མེད་རྡོག་བརྫིས་གཏོང་༎ ཕྱོགས་ཞེན་རླུང་གིས་ཁྱེར་བའི་ཤིང་ལོ་ནི༎ རང་ཉིད་ཡིན་པ་ཚིག་འདིས་ར་སྤྲོད་བྱེད༎ ཐོན་མི་རྒྱ་གར་ཡུལ་དུ་བཞུགས་པའི་ལོ།། གསུམ་དང་བདུན་དུ་འདོད་པའི་བཞེད་ཚུལ་གཉིས༎ རྒྱ་གར་ཡུལ་དུ་བགྲོད་ལོ་ཆུ་སྦྲུལ་དེ།།(༦༣༣) རྒྱ་ཡི་ཡིག་ཚང་ཚེ་ཏན་ཞབས་དྲུང་འདོད༎ ཕྱིར་རུ་ཕེབས་ནས་རྒྱལ་པོར་ལོ་གསུམ་ལ།། རྒྱ་གར་སྒྲ་དང་ཡི་གེ་བསླབ་ཚུལ་བསྟན༎ དེ་རྗེས་གཞི་ནས་རྒྱལ་པོའི་བཀའ་ལུང་ལྟར༎ བོད་ཡིག་བཟོས་ཚུལ་དཔྱིད་ཀྱི་རྒྱལ་མོར་བཞུགས༎ གསུམ་དུ་འདོད་ན་ཡི་གེ་བརྩམས་པའི་ལོ༎ ལྕགས་བྱི་༦༤༠ཡིན་ཕྱིར་བོད་ཡིག་ཡོད་བཞིན་དུ༎ རྒྱ་བཟའ་བསུ་འཕྲིན་རྒྱ་ཡིག་ཡིན་པ་ལས༎ བོད་ཡིག་མེད་ཅེས་སྒྲུབ་བྱེད་བཀོད་དང་འགལ༎ ད་དུང་སྲོང་བཙན་ཐོན་མིས་ལོ་གསུམ་ལ།། མཚམས་བཅད་སྒྲ་སོགས་སྦྱང་བའི་ཚུལ་བདེན་ན༎ བལ་བཟའ་བསུ་དུས་ཐོན་མི་བལ་ཡུལ་དུ༎ ཡོད་ཅེས་རྒྱ་ཡིག་ཚེ་ཏན་གཉིས་ལ་འགལ༎ བདུན་དུ་འདོད་ན་བལ་བཟའ་ས་ཕག་ལོར༎༦༣༩ བསླངས་ཤིང་བསུ་དུས་ཐོན་མི་ཡོད་པར་འགལ༎ དེ་རྗེས་ལོ་གསུམ་མཚམས་བཅད་སྒྲ་སྦྱང་ན༎ རྒྱ་བཟའ་བསླངས་དུས་ཐོན་མི་ཡོད་པར་འགལ༎ ལོ་འགར་མཁས་པར་གྱུར་ལ་འགལ་མེད་ཀྱང་༎ ཕན་ཚུན་ནང་འགལ་མང་བའི་རྙོག་འཛིང་གི། ལོ་ཚིགས་སོགས་ལ་ཞིབ་པར་མ་དཔྱད་ནས༎ གང་དྲན་སྨྲས་ན་སུ་ཡིས་ཡིད་རྟོན་བྱེད༎ ངོ་མཚར་བློ་གྲོས་རྫོགས་པའི་འཇམ་དབྱངས་དེས༎ བོད་ལ་མཁོ་བའི་སྐད་དང་ཡི་གེ་དག། དགོས་པ་མ་ཤེས་རྒྱལ་པོས་རྟོགས་པའི་ཚུལ༎ དཔྱིད་གླུར་གསལ་ན་དོང་དུ་སུ་ཡིས་འཕངས༎ གཞན་ཡང་ཡིད་མུག་གཟུམས་པའི་རྨི་ལམ་ནས།། ཞང་ཞུང་རྟ་པའི་སྐད་ལས་ཡི་གེ་དྲུག། དགོས་པ་རྟོགས་ཚུལ་མཁས་པའི་ཁ་རྒྱན་དུ༎ གསལ་ན་འཇམ་དབྱངས་ཡིན་པའི་རྟགས་སམ་ཅི༎ རྣམ་དཔྱོད་རིག་པའི་འདྲེན་བྱེད་ཡོད་བདེན་ན༎ དཔྱད་གཞིའི་ཡིག་ཆ་དག་ལ་ལྟ་ཡག་གྱིས༎ དེ་མིན་ར་བཟིར་གྱུར་འདྲའི་སྨྱོ་གཏམ་དག། མང་དུ་སྨྲས་ན་མཁས་རྣམས་ཁྲེལ་བའི་རྒྱུ༎ གཞན་ཡང་ལ་ལས་སུམ་རྟགས་ལ་སོགས་ནས༎ མིག་གིས་ལྟོས་དང་ཆོག་ཅེས་བར་གྱི་ལན༎ སུམ་རྟགས་མཛད་མཁན་ཐོན་མི་ཡིན་མིན་གྱི༎ རྩོད་པ་དེ་ལ་ཁོ་བོ་མི་སྤྲོ་མོད༎ འོན་ཀྱང་རང་གི་བློ་ཡིས་མི་རྟོགས་ཚེ༎ གཏེར་ཡིག་རྙིང་བར་ཐེ་ཚོམ་བྱེད་འདི་མཚར༎ ཐེ་ཚོམ་སྐྱེས་ན་མཐོང་ཆུང་ཡིན་པའི་ཚུལ༎ ཁས་ལེན་ཐེབས་ཀྱང་འདི་ནས་རང་ཡང་འགལ།། ལྷག་པར་དེ་ཡི་མ་ཕྱི་འགལ་མིན་དང་༎ རྩོམ་མཁན་མཁས་མིན་མཁས་པའང་འཁྲུལ་ཚུལ་སོགས༎ དགག་བཞག་མེད་པའི་གསལ་མིན་ལྡབ་ལྡིབ་ཚིག། མང་དུ་སྨྲས་ནས་ཁག་འཇོག་བྱེད་འདིས་ཅི༎ བཀས་བཅད་ཅེས་པར་འགྲེལ་ཚུལ་གཞན་ཡང་ཡོད༎ སྐད་གསར་བཅད་དུ་འདོད་པ་རིགས་རལ་དང་༎ བསྟན་རྩིས་ལྷག་བསམ་རབ་དཀར་གཉིས་ཀྱི་དོན༎ འཁྲུལ་བ་ཡིན་ཡང་ཆོས་པ་འགའ་རེ་ཡིན༎ ཡང་ཞིག་གཉའ་ཁྲི་དུས་ནས་ཞེས་པའི་སྐབས༎ བཀའ་འབུམ་ཚིག་རྣམས་ཁུངས་སུ་མི་ཕེར་བའི༎ རྒྱུ་མཚན་བསྙད་རྒྱུ་མེད་པར་འགོག་པ་འདི༎ བླུན་པའི་རང་མཚང་རྗེན་པར་བུད་པ་ཡིན༎ སྲིད་པ་ས་ལ་ཆགས་པའི་ལོ་རྒྱུས་དེ༎ ངག་ཐོག་ཁོ་ནས་བརྒྱུད་པའི་སྒྲུབ་བྱེད་གང་༎ ངག་ལས་ཐོས་པ་ཡིན་ན་ཡིག་ཆ་ཡི༎ དགོངས་དོན་མིན་པའི་ཁྱབ་པ་འདོད་ནུས་སམ༎ ཞྭ་ལྷ་ཁང་གི་རྡོ་བརྐོས་ཡི་གེ་དེའི༎ བོད་ཡིག་སྔོན་ཆད་མེད་པའི་སྒྲུབ་བྱེད་གང་༎ གཉའ་ཁྲིའི་ལོ་རྒྱུས་རྡོ་ལ་བརྐོས་པའི་སྔོན༎ ངག་རྒྱུན་ཡིན་པ་རྒྱུ་མཚན་གང་གིས་རྟོགས༎ ལོ་རྒྱུས་འཕེལ་འགྲིབ་བརྒྱུད་ཀྱང་བཀའ་འབུམ་ནི༎ བསླད་པ་ཡིན་པའི་སྒྲུབ་བྱེད་གཏན་ཚིགས་གང་༎ བསླད་ཀྱང་ཆོས་པས་བསླད་པ་ཡིན་པ་ལས༎ བོན་པོར་བསླད་པའི་གོ་སྐབས་ཡོད་རེ་སྐན༎ གཉའ་ཁྲིའི་དུས་སུའང་བོན་གཞུང་བསྒྱུར་བའི་ཚུལ༎ བན་བོན་གཉིས་ཀའི་ཡིག་ཚང་དག་ན་གསལ༎ ཡི་གེར་མ་བརྟེན་སྒྱུར་དང་སྤེལ་ཚུལ་ཞིག། ཁྱོད་ལ་ཡོད་ན་ཡི་གེ་བསླབས་འདིས་ཅི༎ ཁྱོད་ལ་དེ་འདྲའི་ཐབས་ཤེས་ངོ་མཚར་ཞིག། ཡོད་ན་དཔྱད་རྩོམ་ཡི་གེར་བརྟེན་འདིས་ཅི༎ དེ་བས་ཐབས་ཤེས་དེ་ཉིད་ལ་བརྟེན་ནས༎ ཀུན་ཀྱི་གཟིགས་མོར་སྤེལ་ན་ཅིས་མི་མཚར༎ དམ་ཆོས་བསྒྱུར་ཕྱིར་ཡི་གེ་དགོས་པའི་དོན༎ རྟོགས་ནས་བཟོས་པ་ཟུར་མཁར་བློ་གྲོས་བཞེད༎ དེས་ན་ཐབས་ཤེས་དེ་བརྟེན་དམ་ཆོས་ཀྱང་༎ བསྒྱུར་ན་ཆོག་མོད་ཡི་གེ་བཟོས་འདིས་ཅི༎ སྲིད་ཀྱི་ཕྱིར་དུ་བཟོས་པའི་ཚུལ་འདོད་ན༎ ཡི་གེ་མེད་ཀྱང་རྒྱལ་སྲིད་སྐྱོང་ཐབས་མཆོག། དེའི་སྔོན་ཡོད་པར་འདོད་ན་སྲོང་བཙན་ལ༎ མ་ཕན་ཡི་གེ་དགོས་པ་གང་གི་ཕྱིར༎ ཐོན་མིའི་སྔོན་དུ་སྐད་ཡིག་གཉིས་ཀ་ཡོད༎ མཐུན་ཡང་མཐུན་ལ་མ་བཅོས་ད་ལྟའི་འདི༎ དེའི་སྔོན་བོད་ལ་བོན་གྱི་བསྟན་བཅོས་ནི༎ མང་དུ་དར་བ་ལུང་རིགས་གཉིས་ཀྱིས་གྲུབ༎ ཐོན་མིས་སུམ་རྟགས་རྩོམ་པར་ནུས་མིན་གྱི༎ དེང་གི་རྩོད་གཞི་མ་ཡིན་རེ་ཞིག་ཞོགས༎ གྲི་གུམ་སྔོན་དུ་བོན་བསྟན་དར་ནས་ཡོད༎ དེའི་སྐབས་གསར་དུ་དར་བར་འདོད་པ་འཁྲུལ༎ སྲོང་བཙན་སྔོན་དུ་བོད་ཀྱི་ཡུལ་གྲུ་རུ༎ ཞང་ཡིག་སྤྱོད་ཅེས་མཁས་པ་གང་གིས་བཞེད༎ དེ་དུས་བོད་ན་སྤྱོད་པའི་ཡི་གེ་ཡང་༎ བོད་ཡིག་ཡིན་ལ་ཞང་ཞུང་ཡི་གེ་མིན༎ སྲོང་བཙན་སྔོན་དུ་ཞང་བོད་ཡུལ་གྲུ་གཉིས༎ འགལ་བ་ཁྱོད་ཀྱང་འདོད་ལ་དེ་ཡི་ཕྱིར༎ ཞང་ཞུང་སྐད་ཡིག་བོད་ཀྱི་སྐད་རིགས་ལ༎ མི་མཐུན་ན་ཡང་འགལ་བ་མེད་དོ་ལོ༎ ཤེས་རིག་སྒྲུབ་པ་ཁྱེད་འདྲའི་ལོག་སྨྲ་ལ༎ དགོངས་པ་ཡིན་གྱི་ཀུན་གྱི་ཡོད་པའི་ཚུལ༎ ཁས་ལེན་མཛད་ན་སྒྲུབ་ཀྱང་མི་དགོས་ལ༎ རྩོད་གཞི་ཞི་ནས་རྩོད་མཁན་སྟོངས་པས་སོ༎ ཞང་ཡིག་སྒྱུར་མཁན་ཐོན་མུ་ཡིན་ཞེས་པ། རང་ལུགས་མི་འདོད་དེ་ནེ་འཁྲུལ་བའི་གཏམ༎ བཀས་བཅད་དང་པོའི་ཐ་སྙད་གཅིག་གྱུར་ནི༎ དམ་ཆོས་སྒྱུར་བའི་ཐ་སྙད་ཡིན་པའི་ཕྱིར༎ སྲོང་བཙན་སྔོན་དུ་དམ་ཆོས་མ་བསྒྱུར་ན།། བཀས་བཅད་དགོས་པ་མེད་དོ་འགལ་བ་གང་༎ སྲོང་བཙན་སྒམ་པོས་བོན་ཆོས་གཉིས་ཀ་ལ༎ སྤྱད་ཀྱང་བོན་ཡིག་མ་བརླག་ད་ལྟའི་འདི༎ དམ་ཆོས་སྒྱུར་བྱེད་བོན་ཡིག་ཡིན་པ་ལས༎ ཆོས་ཡིག་ཅེས་པ་ལོགས་སུ་མེད་དོ་ལོ༎ བོན་གྱི་བསྟན་པ་དང་ནི་ཡི་གེ་གཉིས༎ གཅིག་ཀྱང་མ་འཇིག་ད་ལྟ་དར་རྒྱས་ངང་།། ཕྲག་དོག་སྐྱེས་ནས་སྨོད་མཁན་མང་ན་ཡང་༎ ཉི་འོད་ལག་པས་སྒྲིབ་པར་འདོད་དང་མཚུངས༎ ཞང་ཡིག་བོད་ཀྱི་ཡི་གེ་ཡིན་ཚུལ་དང་༎ རྒྱལ་བློན་རྣམས་ཀྱིས་ཞང་སྐད་སྤྱོད་པའི་ཚུལ༎ བོན་གྱི་ལོ་རྒྱུས་དེབ་ཐར་གང་དུ་ཡོད༎ རང་གིས་མ་རྟོགས་འཁྲུལ་བ་ཡིན་ནོ་ལོ༎ རདྣ་ཞེས་པ་ལེགས་སྦྱར་ཁོ་ནའི་མིན༎ རིན་ཆེན་ཡིན་པ་ཞང་ཞུང་སྐད་ཀྱང་འདོད༎ གཞན་དུ་ལེགས་སྦྱར་གུ་པ་ཏ་ཡིག་ཁུངས༎ ཞང་ཞུང་ཡིན་པ་སྐལ་བཟང་མགྲིན་རྒྱན་གསལ༎ བརྡ་སྤྲོད་ཉེར་བདུན་གསལ་སྒྲོན་ལེགས་བཤད་དུ༎ བོད་ཡིག་ཞང་ཡིག་ཡིན་ཞེས་ཁས་ལེན་མེད༎ གཞུང་གི་ཚིག་དོན་རང་གིས་མ་རྟོགས་པ་༎ ཡིན་ནོ་གཞུང་གི་དོན་ལ་གསལ་བོར་སོམས༎ སྤྱི་རུ་འགྲོ་བ་དྲུག་ལ་སྒྲ་སྐད་དྲུག། ལྷ་ལ་ཡེ་སྲིད་ལྷ་ཡི་སྐད་སོགས་དྲུག། མི་ལ་གླིང་བཞི་རི་བདུན་མི་འམ་ཅི༎ གཞན་རྣམས་ལ་ཡང་ནང་གསེས་དྲུག་དྲུག་ཡོད༎ སངས་རྒྱས་བསྟན་པ་ཆགས་ལ་ཕེབས་པ་ཡི༎ འགྲོ་བ་མི་ཡི་སྐད་ལ་རྣམ་པ་གཉིས༎ བསྒྱུར་ཏུ་གཏུབ་དང་མི་གཏུབ་གཉིས་སུ་ཕྱེས༎ དང་པོར་གཉིས་ཏེ་སྤྱི་དང་སོ་སོའི་སྐད༎ སྤྱི་རུ་བསྒྱུར་ལ་དག་པ་གཤེན་སྐད་དང་༎ གང་ཟག་མི་སྐད་གཉིས་ཏེ་དང་པོ་ལ༎ རྩ་བའི་སྐད་གཅིག་ཡན་ལག་སྐད་ཆེན་བཞི༎ རྩ་བ་གཡུང་དྲུང་ལྷ་སྐད་ཡན་ལག་ནི༎ གཡུང་དྲུང་གཙང་ལྷ་དག་པ་ལྷ་ཡི་སྐད༎ སང་སྐྲི་ཏ་ལྷ་ཁྲི་ཝེར་ལྷ་ཡི་སྐད༎ བོད་དང་རྒྱ་ནག་མེ་ཉག་གསུམ་གྱི་སྐད༎ སི་དང་ལྷ་སྐད་ལས་གྲོལ་རྒྱ་གར་དང་༎ བལ་སྐད་སང་སྐྲི་ཏ་ལྷའི་སྐད་ལས་གྲོལ༎ ཞང་སྐད་ལ་བཞི་ཕུག་དང་བར་བའི་སྐད༎ སྒོ་དང་ཕལ་བའི་སྐད་ལས་བར་བ་ནི༎ སང་སྐྲི་ཏ་ལས་གྲོལ་ལ་སྒོ་བའི་སྐད༎ ཡེ་སྲིད་ལྷ་ལས་ཆད་པ་སྨྲར་གྱི་སྐད༎ དེ་ཕྱིར་བར་བའི་སྐད་དང་རྒྱ་གར་སྐད༎ གྲོལ་ཕུག་གཅིག་པ་སྒྲ་སྒྱུར་ཆེན་མོར་གསལ༎ ཐ་སྙད་རེ་འགའ་མཐུན་ལ་འགལ་བ་ཅི༎ སྟོན་པས་གསུང་པ་གཡུང་དྲུང་ལྷ་ཡི་སྐད༎ ཡི་གེ་དག་པ་ལྷ་ཡི་ཡི་གེ་ཡིན།། དེ་ལས་སྤུངས་ཆེན་སྤུངས་ཆུང་ཡིག་རྒན་དང་༎ སྨྲར་སྦྲག་སྨྲ་ཆེན་སྨྲ་ཆུང་བོད་ཡིག་རྣམས།། སྔ་མ་སྔ་མ་སྤྱོད་པའི་རྒྱུད་རིམ་ཁྲོད༎ རིམ་གྱིས་གཟུགས་འགྱུར་ཕྱི་མ་ཕྱི་མ་གྲུབ༎ བདག་རྐྱེན་ལོ་ཙ་ཡིག་མཁན་ལ་བལྟས་ནས༎ བསྒྱུར་ཅེན་ཐ་སྙད་བཏགས་སོ་རྟོགས་པར་གྱིས༎ ངོ་བོ་འཕྲུལ་ཡིག་བཞི་བཅུར་སྣོན་བྲི་མེད༎ འབྱུང་ཁུངས་ངོ་བོར་དགོངས་ནས་བོད་ཡིག་ནི༎ སྟོན་པས་མཛད་ཅེས་གསུངས་ཀྱང་འགལ་བ་མེད༎ དགོངས་པ་ཅན་གྱི་ལུང་ཚིག་ཆོས་ལའང་ཡོད༎ དེ་བཞིན་བོད་ལ་གཟབ་གཤར་རྣམ་པ་གཉིས༎ ཡིག་གཟུགས་མི་འདྲ་ཚུགས་རིང་ཚུགས་ཐུང་དང་༎ ཚིགས་ཆུང་འཁྱུག་མ་ཚིགས་དང་འཁྱུག་ཆེན་དང་༎ ཡིག་རུས་མི་གཅིག་དབུ་རུས་གཙང་རུས་དང་༎ ཁམས་རུས་གཞུང་རུས་ཨེ་རུས་ལ་སོགས་མང་༎ དེ་དག་ཐམས་ཅད་རིམ་གྱིས་འགྱུར་བ་ལས༎ གང་ཟག་གཅིག་གིས་ཅིག་ཅར་བསྐྲུན་པ་མིན༎ སྔོན་གྱི་དག་པ་ལྷ་ཡི་ཡི་གེ་ནས༎ ད་ལྟའི་བོད་ཡིག་འཁྱུག་ཆེན་འདི་ཡི་བར༎ ངོ་བོ་མ་འགྱུར་འཕྲུལ་ཡིག་བཞི་བཅུར་ངེས༎ གཟུགས་དབྱིབས་རྣམ་པ་ཐ་དད་སྣང་བ་ཙམ༎ བོད་དུ་བསྒྱུར་དུས་གཉའ་ཁྲི་བཙད་པོའི་སྐབས།། རྒྱུ་བོན་ཤེས་པ་བཅུ་གཉིས་དར་བའི་དུས༎ ཞང་ཞུང་སྒྲ་ལས་བོད་ཀྱི་སྐད་དུ་བསྒྱུར།། སྨྲར་ཡིག་གཉིས་ལས་བོད་ཀྱི་གཟབ་གཤར་བསྒྱུར༎ ཅེས་པ་སྐད་ཡིག་ཐ་དད་སྟོན་པ་ལས༎ གཅིག་ཡིན་ཞེས་པའི་ཁས་ལེན་གང་ན་ཡོད༎ དེའི་ཕྱིར་སྐད་ཡིག་མི་གཅིག་ལུང་གིས་གྲུབ༎ སྒྲ་སྒྱུར་ལོ་ཙ་དགོས་པ་ངང་གིས་གྲུབ༎ སུམ་སྒྱུར་ཅེས་པ་ཡུལ་གྲུ་གསུམ་ནས་རིམ༎ སྒྱུར་བར་འདོད་ལ་བོན་གྱི་ཐེག་རིམ་བཞིན༎ གཉའ་ཁྲིའི་དུས་སུ་བོན་གཞུང་བསྒྱུར་པ་དང་༎ སྒྱུར་མཁན་མིང་སོགས་དེབ་ཐེར་དམར་པོར་གསལ༎ ཞང་ཡིག་སྒྱུར་བྱེད་བོད་སྐད་དང་མཐུན་པའི༎ ཡི་གེ་ཡོད་ན་བོད་ཡིག་ཅིས་ཕྱིར་མིན༎ གླང་རྫི་རྒན་པོ་དག་གི་ངག་ན་ཡང་༎ ལེགས་བཤད་རེ་གཉིས་མེད་པའི་ངེས་པ་མེད༎ གླང་རྫི་བྱིས་པ་གཉིས་ཀྱི་རྩོད་གཞི་ཡིས༎ ཁོང་ཙུ་ལ་ཡང་ངོ་ཚ་གཏད་ཚུལ་ཡོད༎ ཞང་ཡིག་སྒྱུར་བྱེད་ཡི་གེ་བོད་ཡིག་ཡིན༎ ཞང་ཡིག་ཡིན་ཞེས་བཞེད་པའི་བོན་གཞུང་མེད༎ ཞིབ་འཇུག་ཡང་དག་བྱེད་ན་ཞིབ་མོའི་བློས༎ དཔྱོད་ལ་གཞུང་གི་གོ་དོན་ལོན་པར་གྱིས༎ ཚེ་ཏན་ཞབས་དྲུང་གསུང་གིས་ཐོ་ཐོའི་སྐབས༎ བོན་པོར་ཡི་གེ་ཡོད་པ་དངོས་སུ་བསྟན༎ སྲོང་བཙན་སྔོན་དུ་བོད་རིགས་ཡོད་དོ་ཅོག། རིགས་ནི་བོད་ལ་གྲུབ་མཐའ་བོན་ཡིན་ཕྱིར༎ བོན་ལ་ཕན་ན་བོད་ལ་ཕན་པས་ཁྱབ༎ བོན་ཡིག་དེ་ཡང་བོད་ཡིག་ཡིན་པས་ཁྱབ༎ བོད་ཅེས་བྱ་བའང་སྲོང་བཙན་ཕྱིན་ཆད་དུ།། བྱུང་བའི་ཐ་སྙད་གཅིག་ཏུ་འདོད་དམ་ཅི།། སྲོང་བཙན་སྔོན་གྱི་ཞང་བོད་མི་རིགས་ལས༎ གྲོལ་བའི་མི་རྒྱུད་ཡིན་ན་བོན་པོ་ཡི༎ བུ་རབས་ཚ་རྒྱུད་མིན་པ་གཅིག་ཀྱང་མེད༎ དེ་ལྟར་མི་འདོད་བོད་རིགས་སུ་བརློམ་ན༎ མི་རིགས་གང་གི་རྒྱུད་འཁྱར་ཡིན་པ་དཔྱོད༎ ཚེ་ཏན་ཞབས་དྲུང་ལགས་ནི་མི་བཞུགས་ཀྱང་༎ བོད་ཡིག་དེ་ཡིས་སྲིད་ལ་མི་ཕན་པའི༎ སྒྲུང་བྱེད་ཡང་དག་ཡོད་ན་ཁྱོད་ཀྱིས་ཁོད༎ མཚུངས་ཆོས་དེ་འདྲ་དཔེ་ཅན་བོན་ཡིག་ལ༎ ལྡན་མིན་མི་ཤེས་བཞིན་དུ་ཚོད་དཔག་གིས༎ དཔེ་ཞིག་བཀོད་ན་མཚུངས་མིན་གང་གིས་རྟོགས༎ ཕ་གིའི་དངོས་པོ་དཀར་མིན་མི་ཤེས་བཞིན༎ དཀར་བའི་དཔེ་ལ་དུང་དཀར་མདངས་བཞག་ན༎ དཔེ་དོན་མཚུངས་ཤིང་འབྱོར་ཅེས་སུས་སྨྲ་ནུས༎ སྙན་ངག་རྒྱན་གསུམ་དག་གི་རྣམ་བཞག་ལས༎ འདི་འདྲའི་དཔེ་རྒྱན་ཡོད་དམ་ཚེ་ཏན་ལེགས༎ དེས་ན་གསར་དུ་བཟོས་ཀྱང་ཉམས་པའི་དཔེར༎ ཧོར་ཡིག་གསར་བ་བཞག་ན་ཅིས་མི་ཆོག། སྲིད་ལ་མི་ཕན་པ་ཡི་དབང་བྱས་ཀྱང་༎ བོད་ཡིག་མིན་ཞེས་སུ་ཡིས་སྨྲ་པར་ནུས༎ འོ་ན་ཟ་ལར་རིགས་ཀྱི་ཡི་གེ་ཡང་༎ ཟ་ལར་ཡི་གེ་མིན་ཞེས་ཁས་ལེན་ནམ༎ རིགས་པས་དཔྱད་མི་བཟོད་པའི་དཔེ་འཇོག་གིས༎ བླུན་རྣམས་བསླུ་མོད་དཔྱོད་ལྡན་ཚོགས་ནི་མིན༎ སྲོང་བོར་སྨྲ་བའི་ཞིབ་འཇུག་ཡང་དག་ལ༎ འོལ་ཚོད་བྱས་ན་མི་ཆོག་སྒྲུབ་བྱེད་དགོས༎ དེ་མིན་ཐ་གུའི་རྟགས་མཚན་འདྲ་ཡིག་ཅེས༎ སྐེ་མཇིང་རེངས་པའི་ཚིག་འདིས་ཕན་ནུས་གང་༎ རང་ཕྱོགས་ཁོ་ནར་ཞེན་པའི་ལྟ་བ་དེ༎ ཁྱོད་ལ་ཡོད་པ་ཨུ་ཚུགས་འདི་ཡིས་ཤེས༎ སྟོང་རྒྱུང་ལྟ་བུའི་ཚེ་རིག་གྲུབ་པ་རྣམས།། ཆོས་ཀྱི་ལུགས་ལའང་ཡོད་ན་ཇི་ལྟར་འགྲེལ༎ དོགས་སམ་ཡང་ན་འགལ་མེད་ལུགས་སུ་འཁྱེར༎ སྨྲོས་ཤིག་ཡང་དག་དོན་ལ་ལོག་ལྟ་ཅན༎ བཀའ་ཐང་ལུང་ཚིག་དངོས་ནི་འདི་ལྟར་སྟེ༎ འབངས་ཀྱིས་གཙང་སྟོད་བྱེ་མ་གཡུང་དྲུང་བསྐྱལ༎ རྩ་མི་ཤིང་མི་ལྗང་མོ་མིག་དགུའི་ཡུལ༎ སོག་པོ་སྤྲེའུ་སླག་ཅན་གྱི་ཡུལ་དུ་སྤྱུགས༎ ཞེས་པ་འདི་ནི་བོན་རྣམས་སྤྱུགས་པའི་ཡུལ༎ ལྗང་ཡུལ་སོག་ཡུལ་འབངས་ཀྱིས་གཙང་སྟོད་དུ༎ བསྐྱལ་བ་སྟོན་པའི་ལུང་ཚིག་ཡིན་པ་ལས༎ གཙང་དུ་སྤྱུགས་པའི་གོ་དོན་ག་ལ་ཡིན༎ གཞན་ཡང་སྟོང་རྒྱུང་མིན་ནའང་ལོ་ཙ་མང་དུ་ཡོད༎ ཕྱོགས་རིས་སྤོངས་ནས་གཞུང་ལ་ལྟོས་དང་གསལ༎ ཐོན་མིའི་སྔོན་དུ་བོན་དཔེ་ཡོད་ན་ཡང་༎ ད་ལྟའང་ངེས་པར་དགོས་པའི་གཏན་ཚིགས་གང་༎ དེས་ན་ཐོན་མིས་བརྩམས་པར་གྲགས་པ་དག། དེང་དུས་མ་ཉམས་ཁ་ཚང་ཡོད་དམ་ཅི༎ དེ་ཡང་སྒམ་དུ་མ་སྦས་ཕྱིར་བཏོན་ན༎ གཟུར་གནས་དགྱེས་པའི་འཛུམ་ཕྲེང་ཅིས་མི་གྲོལ།། རྒྱལ་བས་གསུངས་བའི་བཀའ་རྟགས་ཕྱག་རྒྱ་བཞི༎ ཁྱོད་ཀྱིས་དེ་བཞིན་ཁས་ལེན་མི་བྱེད་དམ༎ ནང་བའི་བསྟན་སྒོར་ཞུགས་པའི་ཕྱི་ཚུལ་དང་༎ རྟག་པར་སྨྲ་བའི་མུ་སྟེགས་ལྟ་ངན་ཅན༎ ཚུལ་འདི་གཟིགས་ན་ཟས་གཙང་སྲས་པོ་ཡང་༎ ཐུགས་ཡིད་ཆད་ནས་སྤྱན་ཆབ་ཐོར་གྱིས་དོགས༎ བོན་གྱི་བཀའ་བསྟན་ཆེས་རྙིང་ཡིག་ཆ་སོགས༎ སྲོང་བཙན་སྔོན་དུ་བྱུང་བའི་སྒྲུང་བྱེད་ནི༎ བོན་དུ་མང་ཡང་རིས་འཛིན་སྣང་ངོ་ལ༎ ལུང་ཚིག་དྲངས་ཀྱང་མི་ཕན་ངལ་བའི་རྒྱུ༎ ཆོས་ཀྱི་མཁས་པས་མཛད་པའི་དེབ་དམར་དུ༎ བོད་རྒྱལ་གཉའ་ཁྲི་བཙད་པོ་འཆད་པའི་སྐབས༎ བོད་ཀྱི་རྒྱལ་པོ་ལ་སྔ་བ་ཡིན་ནོ༎ ཐབས་སུ་སྐུ་མཁར་ཡུམ་བུ་བླ་སྒང་བརྩིཊ༎ འཚེ་མི་གཤེན་གྱི་དམུ་རྒྱལ་གྱིས་བོན་སྒྱུར༎ སུམ་པའི་བོན་པོ་ཨ་ཡོངས་རྒྱལ་བ་བཏུལ༎ ཞེས་དང་རྒྱལ་རབས་གསལ་བའི་མེ་ལོང་དུ༎ བོད་རྒྱལ་སྤུ་དེ་གུང་རྒྱལ་དུས་སུ་ཡང་༎ བོན་གཞུང་ཞང་ཞུང་ཡུལ་ནས་བསྒྱུར་བའི་ཚུལ༎ མང་དུ་ཡོད་པ་སྲོང་བཙན་སྔོན་ཡིན་ལ༎ མཐོང་རྒྱ་སྐྱེད་དང་བྱུང་དུས་ངེས་པར་རྟོགས༎ བོད་ཡིག་ཡོད་པ་བེ་རོའི་རྣམ་ཐར་དུ༎ ས་བོ་ཊ་ཡིས་བོད་ཀྱི་ཡི་གེ་བསྒྱུར༎ འདི་ནི་གསལ་ཞིང་དྲང་བདེན་ལུང་ཚིག་ཅེས༎ ནམ་མཁའ་ནོར་བུ་ལགས་ཀྱི་གསུང་ལས་གསལ༎ ཉང་གི་ཆོས་འབྱུང་ལས་ནི་བོད་ཡིག་ཡང་༎ ཁྲི་སོ་བུད་བཙན་རིང་ལ་བྱུང་འདོད་པའི༎ ལུགས་ཀྱང་ཡོད་དོ་ཞེས་པའི་ལུང་འདིས་ཀྱང་༎ སྲོང་བཙན་སྔོན་ཆད་ཡིན་པ་གསལ་བོར་ཤེས༎ མ་ཎི་བཀའ་འབུམ་ལས་ནི་ཐོ་ཐོའི་སྐབས༎ བྱུང་བའི་མདོ་སྡེ་ཟ་མ་ཏོག་སོགས་ཀྱང་༎ བོད་ཡིག་ཡིན་ཞེས་གསལ་ལ་དེ་དག་ཀུན༎ ཆོས་པ་རིས་མེད་རྣམས་ཀྱི་བཞེད་པ་ཡིན༎ དེ་བཞིན་པད་འབྱུང་མེ་ཏོག་སྙིང་བོ་དང་༎ རིགས་རལ་སོགས་ཀྱང་བོད་ཡིག་ཡོད་པར་བཞེད༎ དེར་མཚུངས་གསལ་མེ་དེབ་དམར་ཚེ་ཏན་པས།། ཡོད་པར་འདོད་ནས་ཚིག་གིས་ཤུགས་ལ་བསྟན༎ དེ་རྣམས་བོད་ཡིག་ཡོད་པའི་སྒྲུབ་བྱེད་དེ༎ ཁས་ལེན་མཛད་མིན་རང་གིས་ཞིབ་ཏུ་སོམས༎ སྲོང་བཙན་སྔོན་གྱི་ཞང་རྒྱལ་ཕྱག་ཐམ་ཞིག། ཞང་ཡིག་སྨར་ཆེན་གཟུགས་ལས་བརྐོས་པ་ཅན༎ རྒྱ་གར་ཐོབ་རྒྱལ་སྨན་རི་བོན་དགོན་དུ༎ རྟེན་དུ་བཞུགས་པ་ད་ལྟ་མཇལ་རྒྱུ་ཡོད༎ དངོས་ཀྱི་དཔེ་བཤུས་ཕྱག་ཐམ་དཔེ་རིས་ནི༎ ཏེ་སེའི་འོད་སྣང་ནང་དུ་གསལ་བོར་ཡོད༎ གཞན་ཡང་གོ་བཞི་ལོ་ཡི་ཟླ་གཉིས་པར༎ མཚོ་སྔོན་བོད་ཡིག་གསར་འགྱུར་ཐོག་བཀོད་པའི༎ བོད་ལྗོངས་ཡུལ་ནས་མི་ལོ་སུམ་སྟོང་གི། སྔོན་གྱི་གནའ་བོའི་ཡི་གེ་ཞིག་རྙེད་ཅེས༎ གསར་འགྱུར་ཐུང་ངུའི་ནང་དུ་འདི་ལྟར་ཡོད༎ མངའ་རིས་ཁུལ་གྱི་བྲག་བརྐོས་རི་མོའི་ནང་༎ སྨར་ཡིག་ཅེས་པའི་རྗེས་ཤུལ་གསར་དུ་རྙེད༎ གསར་རྙེད་འདི་ཡིས་བོད་ཡིག་བྱུང་བའི་ལོ༎ མི་ལོ་སྟོང་ཕྲག་གཉིས་ཙམ་སྔར་སྣུར་བྱས༎ ཞེས་སོགས་གསལ་ལ་གསར་འགྱུར་དེ་ལ་ལྟོས༎ བདེན་པའི་དཔང་རྟགས་མི་འཇིག་བྲག་རི་མཆོག། ཕྱོགས་འཛིན་དུག་ནད་སེལ་བའི་སྨན་མཆོག་ཏུ༎ བསྐལ་བར་བཞུགས་པ་འདི་ཉིད་མ་ཚོར་བའི༎ རྨོངས་བླུན་ཁྲོན་པའི་ལག་འགྲོ་སྙིན་རྗེའི་ཡུལ༎ ད་དུང་བླུན་དང་ཨུ་ཚུགས་རང་མཚང་དེ༎ ཕུད་ལ་མི་འཛེམ་ཀུན་ལ་སྟོན་འདོད་ན༎ དགའ་ལྡན་ཡིག་གསར་ཚ་རོང་སྲིན་པོ་ཞེས༎ ཁུངས་མེད་བལ་ཅོལ་སྨྲོས་ལ་གང་དགའ་གྱིས༎ སྲོང་བཙན་སྔོན་ཆད་སྤུ་རྒྱལ་མི་རིགས་འདི༎ རིགས་ནི་བོད་ལ་གྲུབ་མཐའ་བོན་དུ་ངེས༎ ལུང་རིགས་ཚད་མས་གྲུབ་ལ་འགལ་བ་གང་༎ ཀ་ཁ་སུམ་ཅུ་གསལ་བྱེད་སུམ་ཅུ་ལ༎ གོ་བ་མ་གཏོགས་སྒྲ་ཡི་ང་རོ་ལ༎འཇུག་པའི་ཚུལ་ཞིག་མཁས་པ་གང་གིས་འདོད༎ དེས་ན་བོད་ཀྱི་སྐད་རིགས་སྨྲ་ཤེས་ན༎ ཀ་ཁ་སུམ་ཅུ་བསླབ་མི་དགོས་པ་ཐལ༎ སྐད་ཀྱི་ང་རོ་ནང་དུ་ཀ་ཁ་དག། ཡོད་པའི་ཕྱིར་ཅེས་སྨྲས་ན་ཇི་ལྟར་འདོད༎ དེ་ལ་དཔེར་བླངས་ཞེས་ན་དེའི་སྐད་ལས༎ གཏན་ལ་ཕབ་པར་འདོད་ན་ཐོན་མི་ཡིས༎ བཟོས་པར་འདོད་པའི་བོད་ཡིག་ལེགས་སྦྱར་གྱི༎ སྐད་ལས་གཏན་ལ་ཕབ་པ་ཡིན་པར་ཐལ༎ ལན་ཙ་ཝ་རྟི་གཉིས་ལ་དཔེར་བླངས་ནས༎ བོད་ཡིག་གཟབ་གཤར་བཟོས་ཚུལ་འདོད་པའི་ཕྱིར༎ གཞན་ཡང་ཁམས་ཆེན་ཞེས་པར་གོ་དོན་ཡོད༎ ཁྱོད་ཀྱི་ཤེར་མདོ་ལྟ་བུའི་སྤྱི་མིང་མིན༎ ཁམས་འབུམ་ཞེས་ན་སྤྱི་མིང་ཡིན་ལ་དེར༎ རྒྱས་འབྲིང་སྡུས་གསུམ་ཉིང་བསྡུས་མང་དུ་མཆིས༎ ཁམས་ཆེན་སྟོང་ཕྲག་བརྒྱ་བར་དུམ་བཅུ་དྲུག། གཞན་ཡང་ཁམས་འབྲིང་སྟོང་ཕྲག་ཉེར་ལྔ་བ༎ བསྡུས་པ་བཀའ་འདུས་ཁམས་རྩ་རྣམ་ངེས་དང་༎ སྡུད་པ་ཚིག་བཅད་ཉིང་བསྡུས་ཡུམ་མདོ་དང་༎ གུང་དུ་ཕྱུང་བའི་འཕྱུང་འབུམ་ཁམས་ཆུང་སོགས༎ པོད་ནི་ལྔ་བཅུ་ཡོད་པ་ལུང་ལས་གསལ༎ གསལ་མེ་ནང་དུ་ཁམས་ཆེན་བརྒྱད་ལ་སོགས༎ བོན་ཆོས་ཐམས་ཅད་ཞང་ཞུང་ཡུལ་ནས་བསྒྱུར༎ དར་ཞིང་རྒྱས་མཛད་བོན་ལ་རིགས་དགུ་ཕྱེ༎ རྒྱུ་བོན་རིགས་བཞི་འབྲས་བུ་བོན་རིགས་ལྔ༎ ཞེས་སོ་སོགས་དང་ཐམས་ཅད་མང་པོའི་ཚིག། བླུན་པོ་མིན་ན་ཚིག་དོན་གསལ་བོར་སོམས༎ རྩ་བའི་རྩོད་གཞི་ཡི་གེ་ཡོད་མེད་ལས༎ འདྲ་མིན་མིན་ནོ་རྩོད་གཞིར་ངེས་པར་གྱིས༎ རིགས་རལ་སོགས་ཀྱིས་ཆོས་ལ་འབྲེལ་ན་ཡང་༎ དེའི་སྔོན་དམ་ཆོས་མེད་པ་ཚད་མས་གྲུབ༎ ཡི་གེ་ཡོད་ན་བོན་དང་འབྲེལ་དགོས་ལས༎ ཆོས་འཁོར་ཚུལ་ལ་འབྲེལ་གཞི་མེད་དོ་ལོ༎ བོན་གྱི་བཞེད་པར་འཐད་མིན་ཡང་དག་གི། སྒྲུབ་བྱེད་ཡོད་ན་ཁྱོད་ཀྱིས་འཁོད་དང་ཆོག། མེད་ན་རེ་ཞིག་འཇོག་ཅེས་རྙོག་གཏམ་གྱིས༎ བསླུ་བར་འདོད་པ་ཅོལ་ཆུང་བླུན་པོའི་རྟགས༎ མཁས་བརྒྱ་འགྲན་གླེང་བྱེད་པའི་དུས་བཟང་འདིར༎ ཁྲིམས་དང་འགལ་བ་མིན་པའི་བརྩམས་ཆོས་དག། སྤེལ་བའི་རང་དབང་ཤེས་ལྡན་ཀུན་ལ་ཡོད༎ བག་ཡོད་བྱས་ཞེས་སྨྲ་བ་བླུན་པོའི་རྟགས༎ རླབས་ཆེན་ཏང་གི་སྲིད་ཇུས་ཉིན་བྱེད་འོད༎ མཉམ་པར་སྤྲོས་པ་གྲུབ་མཐའ་པད་མའི་ཚལ༎ ལྷན་དུ་བཞད་པའི་དགའ་སྟོན་རྒྱས་ན་ཡང་༎ ཕྱོགས་ཞེན་ལྷགས་པས་འཚེ་བ་བྲལ་མ་ཡིན༎ སྤྱིར་ན་ཕྱོགས་ལྷུང་བྲལ་བའི་དབུ་མའི་དོན༎ རྣམ་འདྲེན་སྟོབས་བཅུ་མངའ་བས་གསུང་བ་ལེགས༎ འོན་ཀྱང་མ་རྟོགས་འཁྲུལ་བ་འགྲོ་འདིའི་ཁྱུ༎ སྡེ་རུ་བཅད་པའི་གཡང་དུ་མཆོང་ལ་བྲེལ༎ ཆོས་ཀྱི་རང་ལུགས་སྨྲ་བ་མཐའ་དག་གིས༎ ཆོས་དང་འབྲེལ་བ་མེད་པ་རྒྱང་དོར་ནས།། ཆོས་ཀྱི་བསྟན་པ་གླིང་འདིར་དར་བའི་ཚུལ༎ ཆོས་འབྱུང་ཀུན་གྱི་བརྗོད་བྱ་གཅིག་པུར་གྱུར༎ དེས་ན་སྔ་རབས་ལོ་རྒྱུས་ཤེས་འདོད་ན༎ བོན་གྱི་ཡིག་ཆ་རྣམས་ལའང་བརྟེན་དགོས་ཀྱི༎ ཆོས་ཀྱི་འཕེལ་འགྲིབ་ཙམ་ལ་དོན་གཉེར་ན༎ ཆོས་འབྱུང་གང་མཐོང་དག་ལ་བལྟས་པས་ཆོག། དེའི་ཕྱིར་བདེན་དོན་ངོ་མཚར་གཟིགས་མོ་ཀུན༎ ལོངས་སུ་སྤྱོད་མཛད་གཟུར་གནས་མཁའ་ལྡིང་ལས༎ རྨོངས་ཞེན་དོང་དུ་ཚུད་པའི་མཁྲེགས་གཟུགས་ཅན༎ བློ་ཆུང་ལག་འགྲོ་དག་གི་གཞལ་བྱ་མིན༎ དཔྱད་གསུམ་ཁྱུང་སྔོན་སྐྱེས་ཀྱིས་ལེགས་དྲངས་པའི༎ བརྒལ་ལན་སྣང་བྱེད་ཉི་མའི་དཀྱིལ་འཁོར་འབུམ།། ལུང་རིགས་འོད་སྟོང་ཕྱོགས་མེད་སྤྲོས་ན་ཡང་༎ རིས་འཛིན་འབྱུང་བོའི་ཚོགས་ལ་སྣང་བས་དབེན༎ དེ་ལྟར་ན་ཡང་རྣམ་དཔྱོད་ཡང་དག་གིས༎ ལུང་རིགས་ཚད་མར་སྨྲ་བའི་དགག་སྒྲུབ་ཚིག། རིས་འཛིན་ཚིག་གི་མཚོན་ཆ་རིང་དོར་ནས༎ ལོག་རྟོག་དྲུང་ནས་འབྱིན་ཕྱིར་འདི་གོ་བགྱིས༎ འོན་ཀྱང་མ་རྟོགས་ལོག་པའི་ཆ་མཆིས་ན༎ མཁྱེན་ལྡན་གཟུར་གནས་སྤྱན་སྔར་འཆག་དང་ལྷན༎ གསོང་བོར་སྨྲ་བའི་ལེགས་བཤད་གང་གའི་རྒྱུན༎ རིས་བྲལ་རྣམ་དཔྱོད་རལ་ཀློང་དབུས་ནས་ཕོབས༎ འདི་བགྱིས་དགེ་བས་མཁའ་མཉམ་འགྲོ་བ་ཀུན༎ མ་རིག་རྒྱ་ལས་གྲོལ་བའི་རྒྱུ་རུ་བསྔོ༎ དག་སྣང་འཁྲུངས་ནས་གྲུབ་མཐའ་སྨྲ་བའི་ཀུན༎ རྩོད་མེད་རྣམ་མཁྱེན་སྒྲུབ་པའི་དཔལ་དུ་ཤོག། ༎
ཅེས་བརྒལ་ལན་སྣང་བྱེད་ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་འདི་ནི། རི་བོ་དགེ་ལྡན་པའི་གྲུབ་མཐར་ཞུགས་པའི་གྲྭ་བཙུན་ཤེས་རབ་བསྟན་དར་གྱིས་དུས་དེབ་གུར་གུམ་ཆུན་པོའི་སྟེང་དུ་མུན་སེལ་སྒྲོན་མེ་ཞེས་པའི་རྩོམ་ཞིག་སྤེལ་ནས། སྲོང་བཙན་ཡར་སྔོན་དུ་བོད་ལ་ཡི་གེ་མེད་ཚུལ་དང་། བོན་གྱི་བསྟན་འབྱུང་དག་གི་བཞེད་ཚུལ་ལ་ཚིག་ངན་གྱིས་དགག་པ་བྱས་པ་ལ་དམིགས་ནས། དེ་དག་གི་རྒྱུད་ལ་ངེས་ཤེས་སྐྱེས་ཕྱིར། བདག་མཁར་ནག་ཤེས་རབ་སྐལ་བཟང་རྒྱ་མཚོ་འམ་མཚོ་སྐྱེས་ཟླ་བ་གཞོན་ནུ་རུ་འབོད་པས། རབ་བྱུང་བཅུ་བདུན་པའི་ཆུ་རྟ་ལོའི་དབྱར་ཟླ་ར་བ་ལ་དཔྱད་གསུམ་ཡང་དག་གིས་དགག་བཞག་མཛད་ནས། བསྟན་པ་ལ་ཨེ་ཕན་གྱི་ལྷག་བསམ་གྱིས་སྤེལ་བའོ།། །།
༢༠༠༨ལོའི་མུ་ཁྲི་བཙད་པོའི་སྟེང་དུ་སྤེལ།
- ཟིན་ཐོ་གོང་མ།གཤེན་བསྟན་སྲིད་རྩེར་འདེགས་པའི་ཉི་གཞོན།
- ཟིན་ཐོ་འོག་མ།གཡུང་དྲུང་།