༣ རྒན་པོ་དང་གཞོན་པའི་བར་ཐག
སྒེར་རྩེའི་ཟུར་གཅིག
༣ རྒན་པོ་དང་གཞོན་པའི་བར་ཐག
ཚེས་༢༡ཉིན། ཉི་མ་དྲོ།
གྱང་ཆག་ཁ་ཤོ་ཞིག་གི་གུད་ནས་མགོ་ན་ལན་བུ་དཔྱངས་པའི་འབྲོག་པ་པགས་མཉེད་
མཁན་ཞིག་དང་ཁ་བརྡ་བྱས། འབྲོག་པ་རྒན་པོ་ན་རེ། གྲོགས་པོ། ཁྱེད་གང་ནས་འོང་ངམ་ཟེར།
ལན་དུ་ངས་ཨ་མདོ་ནས་ཡོང་བ་ཡིན་ཞེས་སྨྲས། དེར་ཁོང་ཅུང་མཚར་བའི་ཉམས་ཀྱིས་ཨ་
མདོ་ཟེར་བ་མཚོ་སྔོན་པོ་ཟི་ལིང་མ་རེད་དམ་ཟེར། ངས་དགོད་ཞོར་དུ་རེད་ཅེས་སྨྲས། ཁོང་
གིས་དབུ་ནང་དུ་བཀུག་ནས་པགས་པ་མཉེད་བཞིན་སླར་ཡང་ང་ལ་ཁྱོད་གནམ་མཚོར་འགྲོ་
ཨེ་མྱོང་ཞེས་དྲིས་བྱུང་། མ་མྱོང་། ངས་ལན་བཏབས་རྗེས། འོ་ན་ཁྱེད་རང་མཇལ་དུ་སོང་ངམ་
ཞེས་ཁོར་དྲིས། ཁོས་འཛུམ་དང་བཅས། ཕྱིན་པ་ཡིན། ཡིན་ནའང་ལྷ་སར་འགྲོ་མ་མྱོང་། གོ་ཐོས་
སུ་གནམ་མཚོ་ནས་ལྷ་ས་ལ་རླངས་འཁོར་གྱིས་ཉིན་ཕྱེད་ཀྱིས་རྩེབས་འགྲོ་ཟེར། ངའི་ཕ་ཡུལ་
ངོ་མ་དུང་མཚོའི་ཉེ་འགྲམ་ཡིན། དེ་ནའང་མཚོ་ཆེན་པོ་ཡོད་ཅེས་བཤད་བྱུང་།
ཁོས་པགས་ཚགས་གསུམ་བཞི་ཙམ་མཉེད་ཚར་ནས་ས་བརླན་འོག་སྦས་འདུག ཡུད་ཙམ་
ནས་རུམ་ནས་ཐ་མག་བླངས་ཏེ་ངར་གཏད། ངས་མགོ་གཡུག་གཡུག་བྱས་ཏེ་སླར་ཡང་ཁོའི་
གདོང་ལ་བལྟས། ཡ་གྲོགས་པོ། འཛམ་བུ་གླིང་ནས་མཚོ་ཆེ་ཤོས་གནམ་མཚོ་རེད་དམ་ཞེས་
དྲིས་བྱུང་། ངས་ཁོས་ནག་ལ་སྐམ་པའི་བཞིན་རིས་ལ་ཅེར་ནས། མ་རེད། ཡིན་ནའང་བོད་
ལྗོངས་ནས་མཚོ་ཆེ་ཤོས་གནམ་མཚོ་ཟེར་ཡང་ཆོག་ཅེས་ལན་བཏབས། འོ་ན་མིན་ན་འཛམ་
གླིང་ནས་ཆེན་པོ་གང་ཡིན་ནམ་ཟེར། ང་ཏོག་ཙམ་ལ་སྐྱེངས་ཏེ་ལུས། ཕལ་ཆེར་ལེ་ཧེ་ཟེར་བ་
དེ་མིན་ནམ་སྨྲས། ཁོས་ཁ་ནས་ལེ་ཧེ་ཞེས་ལད་མོ་ཐེངས་གཅིག་རྗེས་ཧུམ་སྒྲ་དང་བཅས་ང་ལ་
མཚོ་ལས་ཆེ་བ་གནམ་མཚོ་ཕྱུག་མོ་ལས་གང་། སླད་ཨ་བུ་ཁྱོད་ཀྱིས་ལྟོས་དང་ཤེས། གངས་ལས་
ཆེ་བ་ཏི་སེ་རེད། ད་ཁྱོད་མངའ་རིས་ལ་སོང་ན་རིག་ལེ་རེད་ཅེས་ཟེར། ངས་རྒན་པོ་དེའི་གདོང་
ལ་ཡུན་རིང་བལྟ་དགོས་པ་ཞིག་བྱུང་ཞིང་ཁོའི་ནང་སེམས་ཀྱི་འཇིག་རྟེན་ན་འཁྱིལ་བའི་མཚོ་
མོ་དེའང་ཕ་མཐའ་བྲལ་བ་ཞིག་ཡིན་ན་དགའ་ཨང་སྙམ།
ང་འགྲོ་ཁར། རྒད་པོ་སྟོབས་ཅན་ཞིག་སླེབས་བྱུང་། གཞོན་པ་དེ་རྒྱ་རིགས་འདྲ་པོ་མི་གདའ་
འམ་ཞེས་པགས་མཉེད་རྒན་པོས་མཛུབ་མོ་ཀེར་ཏེ་ཤུམ་བུར་སྨྲ་བ་ངའི་རྣ་བུག་ཏུ་ལྗིད་ཏིག་
གེར་ལྷུང་།
རླངས་འཁོར་དུ་སེམས་པ་མུག་མུག་པོར་མི་བསྐྱུད་ཙམ་དུ་བྲིས།
སྒེར་རྩེ་བ།
༤ དཔལ་མོ་མཚམས་ཁང་།
ཚེས་༢༢ཉིན། ཉི་མ་དྲོ།
སྒེར་རྩེ་ནས་ལམ་ལ་ཆས་རྗེས་ང་རླངས་འཁོར་གྱི་མཇུག་སྒམ་དུ་བུད་ནས་གཉིད་ཡུར་
ཡིན། ཉི་འོད་ཀྱིས་གདོང་པ་བསྲེག་ལ་ཁད་བྱེད་ཅིང་ལྷགས་རླུང་བར་མེད་དུ་ལྡང་བཞིན་
འདུག ཕྱི་དྲོ་ང་ཚོ་ཞན་ཆེན་ཤང་སྟེ་སྒེར་རྩེ་ནས་ནུབ་དུ་སྤྱི་ལེ་༢༢༥ཡོད་པའི་སར་འབྱོར།
ལྟོགས་སྐོམ་ཅུང་ཙམ་བླངས་རྗེས་ཤང་གི་རྒྱབ་རིའི་དཔལ་མོ་མཚམས་ཁང་ལ་མཇལ་དུ་སོང་།
གོ་ཐོས་སུ་མཚམས་ཁང་འདི་སྔོན་ཆད་བོན་གྱི་གྲུབ་ཆེན་སྟོང་རྒྱུང་མཐུ་ཆེན་གྱི་སྒྲུབ་ཕུག་
ཡིན་སྐད། ཡིན་ཡང་བདེན་རྟགས་ཆེར་མ་རྙེད། ཉེ་འཁོར་གྱི་འབྲོག་པའམ་ཕྱི་ནང་གི་མི་ཚང་
མས་བྲག་ཕུག་འདི་མི་ལོ་ཇི་ཙམ་བརྒྱུད་མིན་སོགས་ཤེས་རྟོགས་མི་འདུག ད་ལྟ་གཅིག་དུ་སྨྲ་
བ་ནི་མཚམས་ཁང་འདི་སྲུང་ཡུམ་དཔལ་ལྡན་ལྷ་མོ་སྒོམ་སྒྲུབ་བྱེད་ས་ཡིན་ཟེར། དེ་ཡང་གྲུབ་
པ་མངའ་བརྙེས་པའི་མཚམས་པ་མང་པོ་ཞིག་ཐུབ་པའི་ཆོས་ཡུལ་འདིར་དར་ནས་བཟུང་ཕུག་
པ་འདིར་གནས་བཅས་ཡོད་པ་ཐག་གིས་ཆོད།
ཕུག་པའི་ནང་དཀྱེལ་ཤིན་ཏུ་ཆེ་ལ་མ་ནི་ཡིག་དྲུག་དང་སློབ་དཔོན་པད་མའི་གཟུངས་
སྔགས་སྣ་ཚོགས་རྡོ་བྲག་ཆེ་ཆུང་མང་པོར་གསལ་པོར་བསྐོས་འདུག གཞན་གཡག་མགོ་ལུག་
མགོ་སོགས་སེམས་ཅན་དུ་མའི་མགོ་རུས་རྭ་དང་བཅས་པ་བྲག་ཐེམ་གང་རུང་ལ་བཞག་
འདུག མཚམས་ཁང་གི་ཕྱི་ནི་ལྷ་དར་དང་དར་ལྕོག་མང་པོས་རྒྱན་འདུག་ལ་ཁུང་སྒོའི་ཕྱིའི་
བྲག་སྟེང་ན་ངོ་མཚར་ཆེ་བའི་རི་མོ་རང་བྱུང་བ་མང་པོ་མཐོང་རྒྱུ་འདུག ཕལ་ཆེར་མཚམས་
ཁང་ཡོད་སའི་བྲག་རི་འདི་ཅོང་ཞི་སོགས་རྫས་རྡོ་སྣ་ཚོགས་ཀྱིས་གྲུབ་ཡོད་ལས་ཆེ་སྟེ། བྲག་
རིའི་ཆགས་སྟངས་ཐམས་ཅད་སྨྲ་བརྗོད་ཀྱིས་དཀའ་བ་ཧ་ཅང་ཡ་མཚར་དུ་སྣང་།
ང་ཚོས་མཚམས་ཁང་གི་མདུན་གྱི་རྡོ་གསེང་ནས་ཞང་ཞུང་ལྟ་བུ་དང་མིག་འདྲ་བའི་ཡིག་
གཟུགས་དང་རི་མོ་ཁ་ཤས་རྙེད། མུ་འགོད།
ཁྲི་ལྕགས་ནས་ཞན་ཆེན་དུ།