༢ མཚོ་ཆེན་གྱི་ལམ་ཀ།
གསལ་འདེབས། གཤམ་དུ་བཏབས་པའི་ཟིན་ཐོ་མཐའ་དག་པ་སྐབས་དེའི་ངའི་དངས་གཙང་གི་བསམ་བློ་དང་
ཤེས་རྟོགས་ཁོ་ན་ཡིན་པ་ལས་ཕྱིས་ཀྱི་དྲི་མས་བརྫད་མེད། སྨྱུག་ཁས་བསྒྱུར་མེད་དེ་དེ་ཡང་དགོས་པ་ཁྱད་པར་
ཅན་ལ་དམིགས་ཡིན་གྱི་འདིར་ཞིབ་ཏུ་མི་སྤྲོ།
ཚེས་༡༧ཉིན། གྲང་རླུང་ལྡང་།
རླངས་འཁོར་གྱིས་ང་རོ་རྣར་གཟན་པ་ཞིག་སྒྲོག་བཞིན་མདུན་གྱི་ས་ཆེན་གཤགས་
ནས་བསྐྱོད་ཚེ། མངའ་རིས་འདི་ནི་ཕ་མཐའ་བྲལ་བའི་རྒྱ་མཚོ་ཇི་བཞིན་ཧ་ཅང་ཆེ།
གནས་འདི་དག་ནི་གནའ་བོའི་ཞང་ཞུང་བར་པའི་ཡུལ་ལུང་དག་ཡིན་སྐད། ཡིན་
ནའང་ཡོད་ཚད་ཀྱི་ཡོད་ཚད་ལ་སྐྱོ་ཉམས་ཅུང་ཟད་དོད་འདུག ས་ཤུན་མེད་པའི་
ཐལ་བ་རྣམས་ལྷགས་རླུང་གྲང་མོའི་རྟ་ལ་བཅིབས་ཏེ་གང་སར་འཕུར།མཚམས་རེར་
ཤུགས་གླུ་སྒྲོག་པའི་འཇག་གསེབ་ན་ཨ་བྲ་རེ་གཉིས་རྩེད་འཇོར་རོལ་བ་མཐོང་སྲིད།
ཧ་ཅང་སྔ་མོའི་དུས་ཤིག་ལ་གནས་འདི་དག་ནི་ཡུལ་ཆེན་དབང་དུ་བསྒྱུར་བའི་ཞང་
ཞུང་བ་ཚོས་རྐང་རྗེས་ཅི་དགར་བཀོད་པའི་གནས་ཡིན་ཟེར་ན་རྣར་ཅུང་འགྲོ་དཀའ་
བར་སྣང་།ངོ་མ་ཚོར་བ་འདི་ནི་དཔེ་ཆའི་ནང་དུ་གསུངས་པ་དང་ཆེས་རྒྱང་ཐག་རིང་
བ་ལའང་སྙམ།
བསམ་བློ་ཞིག་བཏང་རྗེས་མཚོ་ཆེན་གྱི་ལམ་ཁ་ནས་བྲིས།
ཚེས་༡༩ཉིན། ཞོགས་པར་གྲང་ངར་ཆེ།
མངའ་རིས་སྐོར་གསུམ་ཤྭ་རྐྱང་རི་དྭགས་གླིང་ཟེར་བ་ཅིས་མ་བདེན། གཞུང་ལམ་
གྱི་གཡས་གཡོན་དག་ནས་ཀྱང་རྩྭ་ཆུ་ལ་རོལ་བའི་རི་དྭགས་མང་པོ་མཐོང་སྲིད། རྒན་
པོ་དེའི་ངག་ལས་ཡུལ་འདི་ན་གཙོད་དང་རྒོ་བ། གནའ། གཉན། རྐྱང་། དྲེད། གཡི།
སྤྱང་འཕར། གསའ། ཝ་སོགས་རི་དྭགས་དང་གཅན་གཟན་མང་པོ་ཡོད་པ་རྟོགས། ཤྭ་
ནི་ད་ལྟ་མཐོང་རྒྱུ་ཆེར་མེད། གནའ་བོའི་ཞང་ཞུང་སྐབས་ཧ་ཅང་མོད་ཤས་ཆེ་སྟེ་ཚོ་
བ་རེ་འགར་ཤྭ་ར་མང་པོ་བརྩིགས་པའི་མཆོད་རྟེན་ཡོད། འོན་ཀྱང་དེང་གི་མངའ་
རིས་པའི་སེམས་ངོགས་ནས། གནའ་བོའི་ཞང་ཞུང་རིག་གནས་ཀྱི་སྲོལ་ཤུགས་སྔ་མོ་
ནས་ཡལ་ཚར། སྤུར་རྒྱལ་བཙན་པོའི་གདུང་རྒྱུད་ཆད་རྗེས་བོད་ཡུལ་འདིར་མི་འདོད་
པའི་ནང་དམེ་ནང་འཛིང་མང་དུ་བྱུང་། སངས་ཆོས་ཀྱི་བསྟན་པ་དར་སྤེལ་རྒྱ་ཆེར་
བྱུང་བས་སྔོན་གྱི་ཞང་ཞུང་གི་ཡུལ་ལུང་འཁྲུལ་མེད་དག་ནའང་། གེ་སེར་གཙོ་བྱས་
གླིང་གི་དཔའ་རྟུལ་བརྒྱད་ཅུའི་མཁར་ཤུལ་དང་ཞབས་རྗེས་སོགས་ཅི་རིགས་མཆིས་
པ་ནི་ཤིན་ཏུ་མཚར་ཆེ། སྔོན་ཚེ་ཞང་ཞུང་གི་གཤེན་ཆེན་དམ་པ་རྣམས་གཤེགས་ཤུལ་
གྱི་གནས་ཆེན་མང་པོའང་ད་ཆར་སློབ་དཔོན་པདྨའི་སྒྲུབ་ཕུག་ཏུ་བཀུར་ཡོད།
དམངས་ཁྲོད་ནའང་ལྷ་བ་དང་མོ་བ་ལྟ་བུའི་ཞང་ཞུང་རིག་གནས་ཀྱི་ཆོ་ག་མི་ཉམས་
བཞེས་མཁན་ཉུང་ངུ་ཙམ་ལས་ཤུགས་ཆེར་ལུས་མེད་དོ།
སྒེར་རྩེ་རུ་འཁྱམ་ཉུལ་སྐབས་བྲིས།