༥ རི་རྒྱལ་འདབས་ཀྱི་རྡོ་བརྐོས་རི་མོ།
ཚེས་༢༤ཉིན།
ཞོགས་པའི་གྲང་རླུང་རྩུབ་མོས་ངའི་རྣ་འགྲམ་ནས་ཤུགས་གླུ་ལེན། མོ་ཏའི་མཇུག་སྒམ་ནང་
ནས་ངས་གྲང་ནས་ཚོར་བ་སྦྲིད་པའི་རྐང་པ་གཉིས་ལག་པས་བསྡམ་བཞིན་ཉི་འོད་དྲོན་མོ་ཞིག་
ནམ་འཆར་ལ་རེ།
དྲང་མོར་བཤད་ན་སྐབས་དེར་ངའི་མིག་ཆུ་ལྷུང་སོང་།གྲང་ངར་ལ་མ་བཟོད་པ་མ་རེད།
ངས་རང་ཉིད་ཀྱི་ཐོབ་ཐང་མཐོང་བས་ཡིན། སྐྱེས་ནས་ད་བར་དུ་མོ་ཏའི་མཇུག་སྒམ་ལ་འདི་
འདྲའི་ཡུན་རིང་བསྡད་མྱོང་མེད། བྱང་རྩྭ་ཐང་གི་ཞོགས་པ་འདི་འདྲའི་མཛེས་སྡུག་ལྡན་ན་
འང་འདྲེན་བྱེད་དུ་སྤྱོད་འདོད་ན་དེ་འདྲའི་ལས་སླ་མོ་ཞིག་ག་ལ་ཡིན།
རི་རྩེ་ནས་ཉི་མ་ཐག་ཚད་ཙམ་བརྒལ་དུས་ང་ཚོ་གཞི་ནས་རི་རྒྱལ་ཟེར་བའི་གནས་རི་
འགངས་ཆེན་དེར་སླེབས། སྤྱིར་སྒེར་རྩེ་རྫོང་གི་འབྲོག་ས་མང་ཆེ་ཤོས་ཁ་མདོག་དམར་སེར་རེད།
རི་རྒྱལ་གྱི་ཆགས་སྟངས་ཧ་ཅང་ངོ་མཚར་ཆེ། རྒྱང་ནས་བལྟས་ཚེ་གནའ་མིས་ཆེད་དུ་བརྩིགས་
པའི་བང་རིམ་ཅན་གྱི་ཕོ་བྲང་ངམ་ས་མཁར་དམར་པོ་ཞིག་དང་ཀུན་ནས་མཚུངས།
ང་ཚོ་འདིར་ཡོང་དོན་ནི་རི་རྒྱལ་སྐེད་ཀྱི་རྡོ་བསྐོས་རི་མོ་ལ་བལྟ་རྒྱུ་དེ་ཡིན། ས་ཤན་པ་ཆུང་
སྐྱེས་ཞིག་གི་སྣེ་ཁྲིད་འོག་ང་ཚོས་རང་རང་ས་ནས་ཡ་མཚར་ཆེ་བའི་རྡོ་བསྐོས་རི་མོ་དེ་དག་
བཙལ་བ་ཡིན། དུས་ཡུན་ཇི་ཙམ་འགོར་བ་མ་ཤེས། ང་ཚོས་རྨ་བྱ་དང་། འབྲོང་། ཉི་ཟླ་སྐར་
གསུམ། རྔོན་པས་རི་དྭགས་རྔོན་ཚུལ། གཅན་གཟན་འདྲ་མིན་བཅས་ཀྱི་རི་མོ་ངོ་མཚར་ཅན་
མང་པོ་རྙེད། པར་ཅི་ཐུབ་བརྒྱབ་པ་ཡིན།
རོགས་པ་ཚང་མ་ཡ་མཚན་སྐྱེས། ལ་ལས་རང་བྱུང་རེད་ཟེར། ལ་ལས་རང་བྱུང་ནི་ཡིན་མི་
སྲིད་ཀྱང་རི་མོའི་ཚུགས་ཀ་འདི་ཟད་ཟད་ཚོད་ལ་བལྟས་ན་བརྐོས་ཏེ་ལོ་ངོ་ཇི་ཙམ་འགྱངས་
པ་ནི་དངོས་ནས་རྟོགས་དཀའ་མོ་རེད་ཟེར། ངའི་སེམས་ལ་གནས་འདི་སྔོན་ཞང་ཞུང་བར་
པའི་གླིང་ཡིན་ལ་རྡོ་བརྐོས་རི་མོ་འདི་དག་ཁ་ཅིག་ནི་དེའི་སྐབས་ནས་བྱུང་བར་མངོན་ཏེ།
མེས་པོ་ཚོའི་ཕྱག་རྗེས་བཀྲ་བའི་ཡུལ་འདིར་སྔོན་ཆད་ནས་གང་སར་གཅན་གཟན་རི་དྭགས་
བག་གཡེང་གིས་རྒྱུ་ཞིང་འཚོ་བ་ནི་དེབ་ཐེར་དག་ལྷང་ངེར་གསུངས་ཡོད་པ་རེད་ཨང་སྙམ།
ཡིན་ནའང་། རི་མོ་ཁ་ཅིག་ཕྱིས་སུ་བྱུང་བ་བལྟས་པ་ཙམ་གྱིས་ཤེས་ཐུབ་སྟེ། གཅིག་ན་རྡོ་
བརྐོས་རི་མོར་གསར་རྙིང་གི་ཁྱད་ཆེ་ལ། གཉིས་ན་འབྲི་སྟངས་དང་ནང་དོན་ཅུང་མི་འདྲ།
གསུམ་ནི་ཡིག་དྲུག་དང་སྔགས་ཡིག་རེ་འགའ་ཡོད་པས་སོ།
རི་རྒྱལ་འདབས་རོལ་གྱི་ཕ་བོང་སྔོན་པོ་འགའ་ལས་མངོན་སུམ་དུ་འཇལ་ཐུབ་པ་ནི་བོན་
གྱི་གཡུང་དྲུང་རྟགས་卍འདི་ཡིན། དེ་ལྟ་ནའང་ཡུལ་འདིར་བོན་ཆོས་ཏིལ་ཙམ་དར་མེད།
དེ་ནི་འདས་སོང་ཞིག་རེད། ད་སྐབས་རྙིང་མ་བའི་ཆོས་དར་ཆེ། ཡུལ་འདིའི་མང་ཚོགས་
རྣམས་ཀྱིས་ཁམས་ཆབ་མདོའི་བརྒྱུད་ཀྱི་བླ་མ་ཞིག་ལ་དད་གུས་ཆེན་པོ་བྱེད་དེ་སྒེར་རྩེ་དགོན་
ཕྱག་འདེབས་མཁན་ཡང་བླ་མ་ཁོང་ཚང་ཡིན་གསུངས།
རི་རྒྱལ་འདབས་སུ་ཤར་མར་བྲིས།