མངའ་རིས་མྱུལ་བའི་གཏམ།
མུ་འགོད་ཟིན་ཐོ།
ཕྱི་ལོ་ཉིས་སྟོང་བདུན་ལོའི་སྟོན་མཇུག་ཏུ། སློབ་ཆེན་མཐར་ཕྱིན་མ་ཐག་པའི་ང་རང་
བོན་གྱི་ཞིབ་འཇུག་པ་ཆེན་མོ་ཞུང་རྒྱལ་མཚན་གྱི་ཕྱི་རྗེས་འབྲངས་ཏེ་མངའ་རིས་སུ་རེབ་དེའི་
ལས་གཞི་བསྒྲུབ་པར་ཟླ་བ་གཉིས་ཙམ་ཉུལ། རེབ་དེའི་འགྲུལ་བཞུད་ནི་ངའི་མི་ཚེ་འདིའི་ལས་
དབང་ལ་མགོ་རྟིང་སློག་པའི་དུས་ཤིག་ཡིན་ལ། རྣམ་ཀུན་ངའི་ཡ་ཆུང་སེམས་པའི་ངོས་ནས་
ཆེས་བསྐྱུད་དུ་མ་ནུས་ལ་ཆེས་བརླག་ཏུ་སྙམ་པའི་ཕྱིར་དྲན་རིང་མོ་ཞིག་ཀྱང་ཡིན་སོང་།
གསལ་འདེབས། གཤམ་དུ་བཏབས་པའི་ཟིན་ཐོ་མཐའ་དག་པ་སྐབས་དེའི་ངའི་དངས་གཙང་གི་བསམ་བློ་དང་ཤེས་རྟོགས་
ཁོ་ན་ཡིན་པ་ལས་ཕྱིས་ཀྱི་དྲི་མས་བརྫད་མེད། སྨྱུག་ཁས་བསྒྱུར་མེད་དེ་དེ་ཡང་དགོས་པ་ཁྱད་པར་ཅན་ལ་དམིགས་ཡིན་གྱི་
འདིར་ཞིབ་ཏུ་མི་སྤྲོ།
༡ རྫི་བོ་ལུག་ཁལ་ཅན།
ཚེས་༡༦ཉིན། གནམ་གཤིས་དྭངས་ཤིང་གསལ།
སྐྱ་རེངས་མ་ཤར་གོང་དུ་མལ་ལས་ལངས་ཏེ་ལམ་དུ་བཞུད།སྨག་རིམ་མོག་པོའི་ཀློང་ནས་
ལྷ་རྩེ་རྫོང་འདིའི་མཛེས་སྡུག་གསལ་པོ་ཞིག་ཀྱང་མཐོང་མ་སོང་། ཉི་གཞོན་ཤར་རིའི་རི་རྩེ་ལ་
རིང་བར་འཁྱུད་སྐབས་ང་ཚོ་རྩྭ་ཐང་ཆེན་པོར་སླེབས། གནས་འདི་ནི་གསེར་མདོག་གི་ཞིང་
ཁམས་ཤིག་སྟེ་ཉག་ཕྲ་བའི་སྣང་བྱེད་ཀྱི་ཟེར་འོག་ན་ལྷགས་རླུང་གིས་བདས་པའི་རྩྭ་ལོ་སེར་པོ་
ཅི་དགར་རྩེན།
རྒྱང་རིང་ནས་བཞུད་འོངས་པའི་ལུག་ཁྱུ་དེ་ནི། ཆུ་ཕྲན་དང་མཚེའུ་རྩྭ་ཐང་བརྒལ་ནས་ཕ་
རོལ་གྱི་གྲོང་བརྡལ་འཛོམས་པོ་དེར་ཚོང་བརྗེ་བར་འགྲོ་བའི་ཁལ་མ་སྐོར་ཞིག་རེད། ངས་དང་
པོར་ཧ་མ་གོ ལུག་རེའི་རྒྱབ་ཏུ་ཁུར་ཙ་ཆུང་ངུ་རེ་བཞག་འདུག་པས་ཡ་མཚན་སྐྱེས།མཐར་རྫི་
བོའི་ངག་ལས་ལུག་ཁྱུ་དེའི་འགྲུལ་བཞུད་ནི་རྩྭ་ཆུ་རོལ་བ་གཅིག་པུ་མིན་པར་བྱང་ཚྭ་སྤོ་མཁན
གྱི་ཚོང་སྐྱེལ་བ་ཆེན་པོ་ཏག་ཏག་ཡིན་པ་རྟོགས།ཕྱི་རོལ་དང་དུས་བསྐལ་གྱིས་ཆོད་པའི་འཛམ་
གླིང་འདིའི་ཡང་རྩེ་ན། སུས་ཀྱང་ཐུགས་མཉམ་འཇོག་མི་སྲིད་པའི་གནའ་བོའི་སྲོལ་ལུགས་རེ་
ཤས། སྔར་བཞིན་ཞིང་ཁམས་འདིའི་གངས་རི་དང་རྩྭ་ཐང་ཡངས་པོའི་ཁོང་སུལ་ན་ད་དུང་མ་
ཉམས་མ་མ་ཡལ་པར་གནས་པ་འདི་མཚར་ཆེ། ངའི་སྣང་ངོ་ཞིག་ལ་མི་ལོ་བརྒྱ་ཕྲག་དུ་མའི་
ཡར་སྔོན་དུ་ནི་རྫི་བོ་དང་ལུག་ཁྱུ་དེ་ཚོ་བོད་ཀྱི་གདོང་མཆོངས་པ་འབའ་ཞིག་ཏུ་སྙམ་སྟེ།བྱང་
གི་བུལ་ཏོག་དང་ལན་ཚ། བལ་དང་སློག་པ། ཤ་མར་ཕྱུར་གསུམ་ལྷོ་རུ་བསྐྱལ། ལྷོ་ཡི་སྣམ་བུ་
དར་གོས། སྨན་དང་འབྲུ་སྣུམ། གཡུ་བྱུར་རྒྱན་ཆ་བྱང་དུ་དྲངས། དེ་ལྟ་བུའི་ཕྱོགས་གཉིས་ལྟོ་
གོས་གཏམ་གསུམ་གྱི་རྒྱུན་གཅིག་ཏུ་སྦྲེལ་པོའང་ཚོང་བ་ལུག་ཁལ་ཅན་དེ་དག་ཡིན་ཕྱིར། ས་
ཁུལ་དེའི་སྤྱི་ཚོགས་འཕེལ་རྒྱས་ལ་དྲིན་ཆེའོ།
དེ་འདྲ་སྙམ་བཞིན་མདུན་གྱི་ཡུལ་ལྗོངས་ལ་རྒྱང་བལྟ་ཡུན་རིང་བྱེད་དགོས་བྱུང་། རི་བོ་
དེའི་པང་ན་མཚེའུ་ཞིག་འཁྱིལ། མཚེའུ་དེའི་འགྲམ་ན་ལུག་ཁྱུ་ཞིག་བརྡལ། ལུག་ཁྱུ་དེའི་
མཐའ་ན་ཚོང་རྫི་ཞིག་འབྲངས། རྫི་བོ་དེའི་ཕྱག་ན་སྐྱིད་སྡུག་ཅིག་བསྣམས། སྐྱིད་སྡུག་དེའི་
རྒྱུན་ན་འཚོ་བ་ཞིག་ཡོད།
__འདི་ནི་གཞིས་རྩེ་ས་མཐོའི་འབྲོག་ཡུལ་ན་རིས་སུ་འགོད་པར་དཀའ་བའི་མཛེས་ལྫོངས་གསོན་པོ་ཞིག་སྟེ་ཡུལ་དེར་དངོས་
སུ་མ་སོང་བར་མི་ཚོར་བའི་ཁོ་བོའི་ཐོལ་བྱུང་གི་སེམས་འགྱུ་ཉག་ཅིག་ལགས། (མུ་འགོད)