ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །
ང་ཉིད་མི་འབྱོན་ཡིག་འབྲུ་འབྱོན། །
ཕྱི་རབས་རྗེས་འབྲང་གང་ཟག་རྣམས། །
གསུང་རབ་ཡི་གེའི་འབྲུ་རྟོགས་ལ། །
བཀའ་ལུང་ཅི་ལྟར་འབྱུང་བཞིན་སྤྱོད། །
ཁེའུ་ཁེའུ། 826677980
ཁ་པར།13909043403
18502863326
གློག་རྡུལ་ཡིག་སྒམ།

༄༅་།འགྲོ་མགོན་ཤེས་རབ་གཡུང་དྲུང་དབང་གི་རྒྱལ་པོའི་ཉམས་མགུར་གསལ་འདེབས་བཞུགས་སོ།
སྐྱོབ་དྲིན་ཅན་བླ་མ་འགྲོ་བའི་མགོན། །བདག་སྙིང་ནས་མོས་པས་གསོལ་བ་འདེབས། །བུ་སོད་ནམས་དབང་དྲག་ཚུལ་གསོན་དང་། །ཁྱོད་མི་རྟག་རྒྱུ་མ་དྲན་ནས་སུ། །རང་གཅིག་བུ་རི་ཁྲོད་འགྲིམས་པར་ལེགས། །རྟེན་རྣལ་འབྱོར་མི་ལུས་ཐོབ་དུས་འདིར། །ལས་མཐོ་རིས་ངན་སོང་རང་ལག་ཡོད། །འདི་གདམ་ཀ་རང་ལག་ཡོད་པའི་དུས། །འཕྲལ་གྱི་སྡུག་བསྔལ་མི་ལྟོས་ཤིང་། །གཏན་གྱི་འདུན་མ་སྒྲུབ་ན་ལེགས། །གཏན་གྱི་མདུན་མ་བསྒྲུབ་པ་ལ། །སྙིང་ལ་རུས་པ་སྐྱེ་དགོས་པས། འཁོར་བ་བློ་ཡི་བཏང་ནས་སུ། །བཀའ་ཐུབ་འཕྲང་ལས་བསྒྲོལ་པར་བྱ། བསམ་པ་བཟང་པོ་གཞི་བཟུང་ནས། །སེམས་བསྐྱེད་དོན་དང་ལྡན་པ་དགོས། དེ་ཡི་ངང་ནས་འདི་ལྟར་དཔྱད། །དོན་དུ་ལང་བྱ་མི་རྟག་པ། །སྐྱེ་བ་ཐམས་ཅད་འཆི་བའི་རྒྱུ། །བསགས་པ་ཐམས་ཅད་ཟད་པའི་རྒྱུ། །འདུས་པ་ཐམས་ཅད་བྲལ་བའི་རྒྱུ། །བྱ་བ་ཐམས་ཅད་འཁྲུལ་བའི་ལས། །འདུ་བྱས་ཀུན་ལ་རྟག་པ་མེད། །དར་ཙམ་མི་ལུས་ཐོབ་དུས་འདིར། །ཕྱི་མའི་དོན་གཅིག་མ་བསྒྲུབ་ན། །མི་ལུས་ཐོབ་ཀྱང་བྱོལ་སོང་འདྲ། །དེས་ན་བྱང་ཆུབ་བསྒྲུབ་པར་བྱ། །བྱང་ཆུབ་བསྒྲུབ་པའི་འཇུག་སྒོ་ཡང་། །བསམ་གྱི་མི་ཁྱབ་ཡོིད་གྱུར་ཏེ། །དེ་གད་ནང་ནས་མཆོག་གྱུར་པ། །སྐད་ཅིག་སངས་རྒྱས་བསྒྲུབ་པའི་ཐབས། །ཐེག་པ་ཆེན་པོའི་སྒོར་ཞུགས་ནས། །རང་སེམས་གནས་ལུགས་རྟོགས་པ་དགོས། །རང་སེམས་གནས་ལུགས་མ་རྟོག་ན། །མཚན་བཅས་དགེ་བ་འབད་གྱུར་ཀྱང་། །མྱུར་དུ་མངོན་སངས་རྒྱས་མི་ནུས། །མྱུར་དུ་སངས་རྒྱས་ཐོབ་འདོད་ན། །གཙུག་ཏུ་འབྲལ་མེད་བླ་མ་བསྒོམ། །རྟག་ཏུ་གསོལ་བ་དྲག་པོ་ཐོབ། །གསོལ་བ་བཏབ་དང་བྱིན་རླབས་འཇུག །དེ་ནས་རིག་པ་རྐྱང་དེད་བྱ། །དང་པོ་སེམས་འདི་གར་འདུག་ལྟོས། །ལྟོས་པའི་མཐོང་བར་མ་གྱུར་ན། །ལྟས་མཁན་དེ་ཡང་རང་རིག་ཡིན། །ལྟས་མཁན་དེ་ཉིད་ངོ་ཟིན་ན། །དེ་བས་སེམས་ཞེས་ལོག་ན་མེད། །དེ་ལ་རིག་པའི་ཡེ་ཤེས་ཟེར། །རིག་པ་ཉིད་ལ་བལྟས་པས་ཀྱང་། །འདི་ཡིན་བྱ་བ་མི་གདའ་ན། །རིག་ངོ་བོ་སྟོང་པ་ཡིན། །དེ་ལ་རང་གི་སེམས་ཞེས་བྱ། །སེམས་དང་རིག་པ་ཐ་དད་མིན། །དབྱེད་མེད་ངོ་བོ་ཉག་གཅིག་སེམས། །འདི་ལ་ཀུན་བཟང་དགོངས་པ་ཟེར། །འདི་ལ་ཡིད་ཆེས་ཐག་ཆོད་དགོས། །དེ་ཡང་དོན་དུ་འདི་ལྟ་སྟེ། །སེམས་ཞེས་བྱ་བ་སྟོང་པ་ཡིན། །དེ་ལ་བོན་གྱི་སྐུ་ཞེས་བྱ། །སྡིག་པ་བྱ་བ་དྲན་པ་ཡིན། །དེ་ལ་རྫོགས་པའི་སྐུ་ཞེས་བྱ། །དྲན་སེམས་ངོ་བོ་དབྱེར་མེད་ཡིན། །དེ་ལ་སྤྲུལ་པའི་སྐུ་ཞེས་བྱ། །སྐུ་གསུམ་རྫོགས་པའི་སངས་རྒྱས་ཀྱང་། །རང་གི་སེམས་ལ་རྫོགས་པ་ཡིན། །སངས་རྒྱས་གཞན་ལ་ཡོད་པ་མིན། །དེ་ཡང་ཉམས་སུ་ལེན་ཚུལ་ནི། །མ་བཅོས་ངང་ནས་བསམ་གཏན་བསྒོམ། །མི་གཡེངས་ངང་ནས་སེམས་ལ་ལྟོས། །འདི་ཞེས་བྱ་བ་མི་སྣང་ཀྱང་། །སྟོང་པ་ཁྱབ་བདལ་ཧར་རེ་བ། །གཞི་ཉིད་ཡེ་སངས་རྒྱས་པ་ཡིན། །དེ་ནི་ངང་ནས་ཁྱུག་གེ་བ། །དྲན་པ་ལྷང་ངེ་བྱུང་བ་དེ། །ལམ་ལས་མངོན་སངས་རྒྱས་པ་ཡིན། །དྲན་སྟོང་དབྱེད་མེད་ལྷན་ནེ་བ། །སྟོང་གསལ་འཛིན་མེད་སང་ངེ་བ། །འབྲས་བུ་རྫོགས་སངས་རྒྱས་པ་ཡིན། །ཀ་དག་དྲི་མེད་སེམས་ཉིད་འདི། །ཡེ་སྲུང་ཁྲིམས་དང་ལྡན་པ་ཡིན། །འདི་དག་ངེས་ཤེས་ཐག་ཆོད་ན། །སེམས་ཀྱི་གཞི་རྩ་ཆོད་པ་ཡིན། །གསལ་་ཆ་དག་ལ་མཆོག་འཛིན་ཅིང་། །དྲན་པ་བློ་ཡིས་དགག་གྱུར་ན། །ལྷ་ཁང་སྒོ་མེད་དག་དང་མཚུངས། །སྟོང་པ་ཕྱལ་ཕྱལ་གོལ་ས་ཡིན། །གཟུགས་མེད་ཁམས་སུ་ལྷུང་དོགས་ཡོད། །གསལ་ཆ་དྲན་པས་རྗེས་འདེད་ཅ། །ཉོན་མོངས་རྣམ་དོག་རླུང་བསླང་ན། །ཐང་སྟོང་མར་མེ་དག་དང་མཚུངས། །གསལ་བ་ཡུལ་འཛིན་གོལ་ས་ཡིན། །གཟུགས་ཁམས་གནས་སུ་ལྷུང་དོགས་ཡོད། །གསལ་སྟོང་རེས་མོ་སོ་འཛུག་ཅིང་། །མ་རིག་འཁྲུལ་པའི་གཞི་བཟུང་ན། །གསེར་དང་རག་གན་ནོར་བ་འདྲ། །གསལ་སྟོང་མཚམས་སུ་གོལ་ས་ཡིན། །འདོད་ཁམས་གནས་སུ་ལྷུང་དོགས་ཡོད། །སེམས་འདི་སྟོང་པ་གཅིག་ལས་མེད། །ཉམས་ལེན་བྱེད་རུ་མེད་བསམ་ཞི། །སེམས་ལ་ལོག་པར་བཟུང་གྱུར་ན། །སྡིག་ཅན་དམྱལ་བར་ལྷུང་དང་མཚུངས། །གཏན་དུ་འཁོར་བར་འཁྱམས་དོགས་ཡོད། །འདི་བཞི་རྣལ་འབྱོར་གོལ་ས་ཡིན། །འདི་དག་སེམས་ལ་ངེས་པར་བྱ། །མ་ནོར་ངེས་པའི་བསམ་གཏན་ནི། །གོང་བཞིན་སེམས་འདི་མི་བཅོས་ཤིང་། །ལུས་སེམས་གཉིས་ཀ་ལྷོད་དེ་ངང་། །དྲན་མེད་སྟོང་པ་ཧར་རེ་བ། །དེ་མ་ལྟ་བ་ཟེར་བ་ཡིན། །དེ་ལ་མ་གཡེངས་བསྒོམ་པ་ཡིན། །དེ་དང་མི་བྲལ་སྤྱོད་པ་ཡིན། །དེ་ཉིད་མངོན་གྱུར་འབྲས་བུ་ཡིན། །དེ་དག་མཐར་ཕྱིན་དམ་ཚིག་ཡིན། །ལྟ་བསྒོམ་སྤྱོད་འབྲས་དམ་ཚིག་བཞི། །རྣལ་འབྱོར་སེམས་ལ་ངེས་གྱུར་ན། །སངས་རྒྱས་ལག་ཏུ་ལེན་པ་ཡིན། །ད་རང་སྣང་བ་ལམ་ཁྱེར་བཤད། །ཕྱི་སྣོད་ནང་བཅུད་མཚན་མ་ཀུན། །གསལ་ཆ་འདི་ཡི་རང་མདངས་ཡིན། །དོན་དུ་གསལ་ཆ་ཉིད་ལས་བྱུང་། །གསལ་ཆ་ངོ་བོ་སྟོང་པ་ཡིན། །དེ་བཞིན་མཚན་མ་ཀུན་ཀྱང་སྟོང། །བདེན་མེད་སྤྲོས་དང་བྲལ་བ་ཡིན། །ཐམས་ཅད་རང་སྣང་མ་གཏོགས་པ། །གཞན་ཞེས་བྱ་བ་མིང་མ་གྲུབ། །སྣང་བ་སེམས་ཀྱི་རང་བཞིན་ཡིན། །སེམས་ཀྱང་སྣང་བའི་རང་བཞིན་ཡིན། །སྣང་སེམས་དབྱེར་མེད་ལྷན་ནེ་བ། །འདི་ལ་བདེ་གསལ་མི་རྟོགས་ཟེར། །གདོད་མའི་གོང་ནས་སངས་རྒྱས་པ། །འདི་ཉིད་རྟོགས་ན་རྒྱས་པ་ཡིན། །གཉན་ས་ལྷ་འདྲེའི་ཆོ་འཕྲུལ་ཡང་། །གོང་གི་ལམ་ཁྱེར་དག་དང་མཚུངས། །ལྷ་འདྲེ་གཞན་ན་ཡོད་པ་མིན། །རང་སེམས་འཁྲུལ་པའི་མདངས་ལས་བྱུང་། །འཁྲུལ་པ་བྱ་བ་རྣག་མོ་ཡིན། །རྣག་མོ་བྱ་བ་འགྱུར་བ་ཡིན། །རྣམ་རྟོག་འཁྲུལ་པ་ཙམ་མ་གཏོགས། །རྣག་རྟོགས་ངོ་བོ་སྟོང་པ་ཡིན། །སྟོང་པའི་རང་བཞིན་གསལ་བ་ཡིན། །གསལ་སྟོང་དབྱེར་མེད་ཉག་གཅིག་སེམས། །རྟོགས་ན་སངས་རྒྱས་ཐོབ་པ་ཡིན། །མ་རྟོག་འཁོར་བ་འཁྱམས་པ་ཡིན། །རང་སེམས་ཀུན་གཞི་ཀ་དག་འདི། །འཁོར་འདས་ཀུན་གྱི་གཞི་མ་ཡིན། །འཁོར་བ་མྱང་འདས་ཐམས་ཅད་ཀྱང། །ཀུན་གཞི་རྩལ་ལས་བྱུང་བ་ཡིན། །རྩལ་ཞེས་བྱ་བ་དྲན་པ་ཡིན། །དྲན་པའི་ངོ་བོ་སྟོང་པ་ཡིན། །དྲན་སེམས་དབྱེར་མེད་བོན་སྐུ་ཡིན། །བོན་སྐུ་ཐོབ་པའི་ངོ་བོ་ལས། །འཁོར་འདས་གཉིས་སུ་མིང་བ་གྲུབ། །མིང་ལ་ཉམས་ལེན་འདི་ལས་མེད། །འགྲོན་པོ་ཤེས་རབ་གཡུང་དྲུང་ངས། །མཚན་བཅས་ཚིག་ལ་མ་སྦྱང་ཡང་། །སྦྱང་བྱ་སྦྱང་བྱེད་མི་སྣང་ཞིང་། །མཚན་མེད་ཉམས་མྱོང་འདི་ཀ་རང། །དཀའ་བ་དཔྱད་ལོང་མ་བྱུང་ཡང་། །སྔོན་སྦྱངས་ལས་ཀྱི་འཕྲོ་སད་ནས། །ད་ལྟ་གཞི་རྩ་ཆོད་ན་འདུག །ཉམས་ལེན་འདི་རང་ཆོག་པར་གདའ། །བསོད་དབང་ཁྱོད་ཀྱི་གསལ་འདེབས་མཛོད། །སྐལ་ལྡན་བསྒོམ་ཕྲུག་ཁྱོད་གསོན་དང་། །རྟོགས་གསར་སེམས་ཀྱང་དབྱར་ཁའི་གནམ། །དབྱར་ཁའི་གནམ་ལ་ཆ་བཞག་མེད། །རྟོགས་གསར་སེམས་ཡང་དེ་དང་མཚུངས། །རྟོགས་གསར་སེམས་དང་དབྱར་ཁའི་སྤང་། །དབྱར་ཁའི་སྤང་ལས་ཅི་ཡང་སྐྱེས། །རྟོགས་གསར་སེམས་ལ་ཅི་ཡང་དྲན། །ངུས་ཐེན་བརྒྱ་དང་བྲོད་ཐེན་བརྒྱ། །ཞེས་པ་གོང་མ་ཀུན་གྱིས་གསུངས། །སྡུག་བསྲན་ཅན་གྱི་དགེ་ནོར་ཡིན། །ཚེ་དང་ཉམས་ལེན་མ་བསྐྱལ་ན། །ལོ་གྲངས་འགའ་ལ་བསྒོམ་ནས་སུ། །སངས་རྒྱས་རེ་བ་འཁྲུལ་བ་ཡིན། །སྐད་ཅིག་དར་ཙམ་ཡུད་ཙམ་ལ། །སྤྲང་བཞིན་དམན་པའི་ཆས་བཟུང་ནས། །མི་ཚེ་སྡུག་ཟད་བསྐྱལ་ནུས་ན། །ཚེ་གཅིག་སངས་རྒྱས་ཐོབ་པ་ཡིན། །རང་རེ་བུ་སློབ་རྣམ་གཉིས་ཀྱང། །ཕྱི་མར་ལྷན་ཅིག་འཕྲད་དེ་འོང། །དེ་མིན་དཀོར་ནག་རྗེས་འབྲེང་ཞིང་། །ཕྱི་མའི་དགེ་བ་མ་དྲན་ན། །ང་དང་གཏན་ཏུ་འཕྲད་མི་འགྱུར། །འདི་རྣམས་སེམས་ལ་ཞོག་ནས་སུ། །ཉམས་ལེན་རེམ་ཅིག་རིམ་ཅིག་བུ། ཞེས་པའི་ངོ་སྤྲོད་གསལ་འདེབས་ཀྱི་མགུར་མ་འདི་ནི་སློབ་བུ་བསོད་ནམས་དབང་དྲག་ཞེས་པས་རི་ཁྲོད་དུ་གཅིག་བུས་ཉམས་ལེན་སྐྱོང་བ་ལ་འདི་ཡིན་གྱི་ཡིད་ཆེས་ཙམ་མ་བྱུང་བས་འདི་ཞེས་བྱ་བའི་གསལ་འདེབས་གནང་རོགས་ཞེས་ཡི་གེ་འབྱོར་བས་དེ་ཕྲལ་དུ་འགྲོ་མགོན་ཤེར་གཡུང་མིང་པས་ཉམས་མྱོང་གླུ་རུ་བླངས་ཏེ་གདམས་པའོ། བཀྲ་ཤིས།
- ཟིན་ཐོ་གོང་མ།རྟེན་འབྲེལ་ཞུ་ཚིག
- ཟིན་ཐོ་འོག་མ།ཕྲེང་བའི་ངོ་སྤོད།