ཤེས་བྱ་གནས་ལ་བློ་གྲོས་མཆོག་ཏུ་ཡངས། །
རབ་བྱུང་ངུར་སྨྲིག་འཆང་བ་ཡོངས་ཀྱི་རྗེ། །
བསྟན་པ་རིན་ཆེན་ཐབས་དང་ཐུགས་རྗེ་ཡིས། །
འཛིན་སྐྱོང་སྤེལ་བ་མཛད་ལ་གསོལ་བ་འདེབས། །
བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་རབ་ལེགས་གཡུང་དྲུང་གླིང་གི་༧དགེ་སློང་ཤེབ་རབ་བསྟན་འཛིན་རིན་པོ་མཆོག་ནི་བོད་ལྕགས་རྟ༼སྤྱི་ལོ་༡༩༣༠༽ལོར་མདོ་སྨད་ཤར་དུང་རིའི་མདུན། རྒྱ་བོད་གཉིས་ཀྱི་ས་མཚམས་ཁྲི་རྗེ་ཞེས་པའི་སྡེར་སྐུ་འཁྲུངས། སྐུ་གཞོན་དུས་ནས་བྱམས་དང་སྙིང་རྗེ་ལྡན། དགུང་ལོ་བརྒྱད་ཀྱི་སྟེང་དུ་རིན་སྤུངས་དགོན་ལ་ཕེབས་ནས་ཡོན་ཏན་ཀུན་གྱི་གཞི་མ་འབྲི་ཀློག་ནས་འགོ་རྩོམ་སྟེ་མདོ་སྔགས་ཀྱི་ཕྲིན་ལས་སོགས་ལ་མཐར་ཕྱིན་པར་སྦྱངས། དེ་ནས་དགུང་ལོ་བཅུ་གཅིག་སྟེང་སྐྱང་སྤྲུལ་བསྟན་འཛིན་དབང་རྒྱལ་མདུན་ནས་ཚངས་པར་སྤྱོད་པའི་དགེ་བསྙེན་གྱི་སྡོམ་པ་ཞུས་ནས་ཚུལ་མིང་དུ་ཤེས་རབ་བསྟན་འཛིན་ཞེས་མཚན་གསོལ། དེ་ནས་རིན་སྤྲུངས་ཨ་ལགས་ཚང་ཤེས་རབ་རྣམ་རྒྱལ་གྱི་མདུན་དུ་དག་ཡིག་ནས་བཟུང་སྟེ་ཐུན་མོང་གི་རིག་གནས་སྤྱི་ལ་སྦྱངས། དགུང་ལོ་བཅུ་དགུའི་སྟེང་དུ་ཀུན་མཁྱེན་ཤར་རྫ་པའི་ཕྱག་སྲོལ་བཞིན་སྒྲུབ་གྲྭར་བཞུགས་ནས་སྔོན་འགྲོ་འབུམ་དགུ་བསགས་སྦྱོང་དང་ཁྲེགས་ཆོད་ཐོད་རྒལ་རྩ་རླུང་མུན་མཚམས་སོགས་ཉམས་ལེན་མཛད་དེ་ལོ་ངོ་གསུམ་གྱི་རིང་ལ་བཞུགས། དགུང་ལོ་ཉེར་གཉིས་སྟེང་དགོན་པའི་བཤད་གྲྭར་བཞུགས་ནས་ཚད་མ་ཕར་ཕྱིན་སོགས་སྦྱངས། བཤད་གྲྭ་བཞུགས་སྐབས་ཟུར་དུ་སྒྲུབ་གྲྭའི་དཔོན་སློབ་ཀྱི་འགན་བཞེས། དགུང་ལོ་ཉེར་བརྒྱད་སྟེང་བོན་གྱི་གདན་ས་ཁག་ལ་ཕེབས་ནས་དབང་ཁྲིད་སོགས་གང་མང་ཞུས། དེ་ནས་སླར་ཡང་རབ་ལེགས་གཡུང་དྲུང་གླིང་གི་བཤད་གྲྭར་བཞུགས་ནས་མདོ་སྔགས་སེམས་གསུམ་གཙོས་རིག་པའི་གཞུང་ལུགས་ཀུན་ལ་མཐར་ཕྱིན་པར་བྱས། སྐབས་དེར་གཡུང་གླིང་མཁན་པོ་ཤེས་རབ་བསྟན་པའི་རྒྱལ་མཚན་མདུན་ནས་མདོ་སྔགས་སེམས་གསུམ་གྱི་དབང་ལུང་མན་ངག་དུ་མ་ཞུས། བར་དེར་སྨན་རིའི་མཁན་ཆེན་བསྟན་པ་བློ་གྲོས་ཀྱི་མདུན་ནས་དྲང་སྲོང་གི་སྡོམ་པ་ཞུས། དགུང་ལོ་སོ་དགུའི་སྟེང་དུས་འགྱུར་གྱི་ནང་དུ་ཉེས་མེད་ཉེས་འདོགས་ཀྱིས་ཁྲིམས་འོག་ཏུ་བཅུག་ནས་ལོ་ངོ་བཅུའི་རིང་ལ་བོན་བན་གཉིས་ཀྱི་དགེ་བྱེད་པ་མང་པོ་ཞིག་དང་ལྷན་དུ་དཀའ་ངལ་མཛད། དགུང་ལོ་ང་གཉིས་སྟེང་༼སྤྱི་ལོ་༡༩༨༡༽ལོར་གཞིས་རྩེ་ས་ཁུལ་དང་རང་སྐྱོང་ལྗོངས་སོགས་གོང་རིམ་ལ་དགོན་བཞེངས་སྙན་ཞུ་ཕུལ་འབྲས་ཀྲུང་དབྱང་གིས་ཆོག་ཆེན་གནང་བ་ལྟར་གཡུང་གླིང་གསར་བཞེངས་ཀྱི་ཐུགས་འགན་བཞེས་ཏེ་སྒྲུབ་ཁང་དང་། མཐོང་གྲོལ་ལྷ་ཁང་། འཚོགས་ཁང་ཆེན་མོ་སོགས་གསར་བཞེངས་མཛད། དེང་གི་སྐབས་སུ་གདན་ས་གཡུང་དྲུང་གླིང་ཞེས་ཀུན་གྱིས་མཐོང་ཐོས་སུ་གྱུར་བ་འདི་ཡང་དགེ་སློང་རིན་པོ་ཆེ་ཁོང་གི་བཀའ་དྲིན་ལས་བྱུང་བ་ཞིག་ཡིན་ནོ། །