ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ཕྱྭ་དམུ་གཙུག་གསུམ་ལས་དམུ་ལ་དཔྱད་པ།  -དྲ་ལམ་དུ་གསར་སྤེལ- | 2016/12/14 22:20:00

              ཕྱྭ་དམུ་གཙུག་གསུམ་ལས་དམུ་ཞེས་པའི

སྐོར་རགས་ཙམ་གླེང་པ།                         

                                     རྫ་ཚེ་དབང་བསྟན་འཛིན།  སི་ཁྲོན།

 

ཐོག་མ་དམུ་ཞེས་པའི་ཐ་སྙད་དེ་ཧ་ཅང་ལོ་རྒྱུས་རིང་པོ་ཞིག་ནས་ཡོད་པར་མ་ཟད་ཞང་སྐད་ཀྱི་ཟུར་ཆག་པ་ཞིག་ཀྱང་རེད།དཔེར་ན།དམུ་ཁྲབ།དམུ་རྨོག།དམུ་མདོང་།དམུ་ཕུབ།དམུ་སྐས།དམུ་འབྲང་།དམུ་ཡད།དམུ་རྗེ།དམུ་རིགས་སོགས་དམུ་ཞེས་པའི་ཡིག་འབྲུ་དེ་ཚིག་ཟིན་དུ་ཐོན་པ་མང་མོད།འོན་ཀྱང་མཐའ་གཅིག་ཏུ་དུས་རབས་དང་ལོ་རབས་འདི་ཙམ་ནས་དམུ་ཞེས་པའི་ཐ་སྙད་དེ་ཡོད་ཅེས་ངོས་འཛིན་དཀའ་ཚོད་འདུག།དེ་ལས་དམུ་ཁྲབ་ཞེས་པ་ནི་སྔོན་དུས་སུ་དམུ་ཡི་ཡུལ་ནས་གཡུལ་འགྱེད་དུ་ཞུགས་སྐབས་རང་གི་ལུས་སྐྱོབ་བྱེད་ཀྱི་གོ་ཆ་དང་།དམུ་རྨོག་ནི་མགོ་སྐྱོབ་བྱེད་ཀྱི་ལྕགས་ཞྭ་དང།དམུ་མདུང་ནི་གཡུལ་དུ་ཞུགས་ཚེ་ཕ་རོལ་བོ་གསོད་བྱེད་ཀྱི་མཚོན་ཆ།དམུ་ཕུབ་ནི་མདའ་སོགས་མཚོན་ཆ་འགོག་བྱེད།དམུ་སྐས་ནི་སྔོན་དམུ་རིགས་ཀྱི་མེས་པོ་ཚོ་ཤུ་རྗེས་མི་མ་ཡིན་ནམ་གཞི་བདག་དུ་གྱུར་ནས་དེ་དག་གི་རྫུ་འཕྲུལ་ལས་བཟོས་པའི་འོད་སྣང་གི་སྐས།དམུ་འབྲང་ནི་སྔོན་ཆད་དམུ་རྒྱལ་སོགས་དམུ་ཡི་རྗེ་བོ་རྣམས་བཞུགས་ཁྲི་ལ་གོ་བར་བཤད་མཁན་ཡོད།ཅུང་བསམ་དགོས་པ་ཞིག་ལ་རྒྱུ་ཆ་ཟངས་ལས་བཟོས་པའི་དམུ་ཐག་ལ་གོ་དགོས་པར་སྣང་།རྒྱུ་མཚན་ནི་[1]དམུ་འབྲང་ཟངས་ཡག་ལ་ཕྱག་འཇུས།དམུ་སྐས་རིམ་དགུ་ལ་ཞབས་བརྟེན་ནས།ནམ་མཁའ་འཕྲུལ་ཙམ་དུ་གཤེགས་པ་དང་གཅིག་ཅེས་བཤད་པས་སོ།དམུ་ཡད་ནི་སྟོབས་འབྱོར་རྒྱས་པའམ་ནོར་གཡང་འཕེལ་བྱེད་ཀྱི་དངོས་གྲུབ་དང་།དམུ་ཞག་ནི་ཚེ་ཐག་རིང་བའམ་ཚེ་གཡང་འགུག་བྱེད་ཀྱི་རྟེན་རྫས་སོགས་ལ་[1]གོ་བ་རེད།རྗེས་སུ་གཉའ་ཁྲིའི་དུས་རབས་ནས་དམུ་ཡུལ་གྱི་དམག་ཆས་ཏེ་གོ་ཁྲབ་མཚོན་ཆའི་རིགས་དང་། དམག་སྒར་སྐོར་ཚུལ།དམག་བརྡ་གཏོང་ཚུལ།དམག་འཐབ་བྱེད་ཚུལ་སོགས་མི་ཡུལ་གྱི་རྒྱལ་ཁག་སོ་སོར་དར་བ་ཡིན་པར་བཤད་ཆོག་པ་རེད།དམུ་ཡི་རུས་རྒྱུད་ནི་འགྲོ་བ་མིའི་ཚེ་ཚད་འབུམ་ཐུབ་པའི་དུས་ཏེ་སྔོན་སྲིད་པ་སངས་པོ་འབུམ་ཁྲི་[2]ལས་གྲོལ་བ་ཡིན་ཚོད་སྣང་།རྒྱུ་མཚན་ནི།དབུ་ནག་མིའུ་འདྲ་ཆགས་ཞེས་པའི་གཞུང་ལས།སྲིད་པ་སངས་པོ་འབུམ་ཁྲིའམ་སྲིད་པ་ཡེ་མོན་རྒྱལ་པོ་དེས་གཡས་སུ་གསེར་དང་གཡུ་བཞག་ནས་སྨོན་ལམ་བཏབས་པས།གསེར་རི་གཡུ་ལུང་གཉིས་སུ་སྲིད།ཕྱྭ་རྒྱུད་ཐམས་ཅད་དེ་ལས་གྲོལ།གཡོན་དུ་དུང་དང་མཆོང་བཞག་ནས་སྨོན་ལམ་བཏབས་པས།དུང་རི་མཆོང་ལུང་གཉིས་སུ་སྲིད།དམུ་རྒྱུད་ཐམས་ཅད་དེ་ལས་གྲོལ།ཐད་དུ་ཤེལ་དང་རག་འོད་བཞག་ནས་སྨོན་ལམ་བཏབས་པས།ཤེལ་བྲག་དང་འོ་མཚོ་གཉིས་སུ་སྲིད།གཙུག་རྒྱུད་ཐམས་ཅད་དེ་ལས་གྲོལ་ཞེས་བཤད་ཡོད་པས་དེར་བལྟས་ན།ཕྱྭ་དམུ་གཙུག་གསུམ་གྱི་རྒྱུད་ཁུངས་ཐོག་མ་དེ་སྲིད་པ་ཡེ་སྨོན་རྒྱལ་པོ་ཡིན་པ་གསལ།[3]དེ་དང་ཡུམ་གྱི་ཐོག་མ་ཆུ་ལྕམ་རྒྱལ་མོ་གཉིས་གཉེན་ལྡེབ་ཀྱི་ཚུལ་སྤྲུལ་བ་ལས་སྲས་མིང་སྲིང་བཅོ་བརྒྱད་བྱུང་།སྲས་དེ་དག་གི་གཅེན་པོ་ལྷ་སྲས་སྲིད་རྗེ་འབྲང་དཀར་བྱ་བ་དང་།  ཡོད་ཀྱི་ལྷ་མོ་གོང་གྲག་མ་གཉིས་བཤོས་པ་ལས་ལྷ་རབས་གཉན་རུམ་རྗེ་བྱུང་།རྗེ་དེ་དང་སྲིད་ལྕམ་ལེ་དུར་མ་བཤོས་པ་ལས་མ་མྱེས་གནམ་ལྷ་དཔར་གསུམ་བྱུང་།དེ་དང་སྲིད་ཟ་ལྷ་མོ་ཐང་གཉིས་བྱོས་པ་ལས་རྗེ་ལྷ་བུ་གནམ་ཐེན་བྱ་བ་བྱུང་།སྲས་དེ་དང་གཡུང་དྲུང་ཡ་རབས་རྒྱལ་མོ་གཉིས་བཤོས་པ་ལས་སྲས་ལྷ་བུ་རྒྱང་ཐེན་བྱ་བ་བྱུང་།སྲས་དེ་དང་ལྷ་མོ་གསས་སྐྱེད་མ་གཉིས་བཤོས་པ་ལས་ལྷ་བུ་སྤྲིན་ཐེན་བྱ་བ་བྱུང་། དེ་དང་ལྷ་མོ་དཔལ་སྐྱེད་མ་གཉིས་བཤོས་པ་ལས་སྲ་ལྷ་བུ་ཆར་ཐེན་བྱ་བ་བྱུང་། སྲས་དེ་དང་ལྷ་མོ་གོས་དཀར་མ་གཉིས་བཤོས་པ་ལས་ལྷ་བུ་མདའ་ཐེན་བྱ་བ་བྱུང་།སྲས་དེ་དང་ལྷ་མོ་ཚེ་འཛིན་མ་གཉིས་བཤོས་པ་ལས་ལྷ་བུ་དྲུམ་ཐེན་བྱ་བ་བྱུང་།  སྲས་དེ་དང་ལྷ་མོ་རྩ་དཀར་བདག་མོ་གཉིས་བཤོས་པ་ལས་ལྷ་བུ་མོང་ཐེན་བྱ་བ་བྱུང་།དེ་དང་ལྷ་མོ་ཕྱྭ་གཡང་དཀར་མོ་གཉིས་བཤོས་པ་ལ་ལྷ་བུ་བལ་ཐེན་བྱ་བ་བྱུང་།དེ་དང་ལྷ་མོ་ཞིམ་དགུའི་བདག་མོ་བཤོས་པ་ལས་སྲས་ལྷ་བུ་གཙུག་ཐེན་རྒྱལ་བ་བྱུང་། དེ་དང་དམུ་ཟ་དུང་ལྕམ་རལ་མོ་ཆེ་གཉིས་བཤོས་པ་ལས་སྲས་སྟག་ཆ་འལ་ལོལ་བྱ་བ་བྱུང་།[3]སྲས་དེ་དང་འཚམས་ཟ་བཤོས་པའི་སྲས་ཕྱྭ་རྗེ་ཡབ་བླ་བདལ་དྲུག་[5]བྱ་བ་བྱུང་།སྲས་དེ་ལ་བཙུན་མོ་སུམ་བཅུ་རྩ་གཉིས་དང་དམུ་བཙན་རྒྱལ་མོ་མཛེས་ལྡ་མ་དང་སུམ་བཅུ་རྩ་གསུམ་ཡོད་པར་[6]གྲགས་སོ།།བཙུན་མོ་དམུ་བཙུན་རྒྱལ་མོ་མཛེས་ལྡན་མ་ལ་སྲས་བདུན་འཁྲུངས་ཏེ་ཡར་གྱི་གཅེན་པོ་གསུམ་ནི་བསམ་གཏན་གོང་མར་གཤེགས་པ་དང་།མར་གྱི་གཅུང་གསུམ་ནི་ཐུགས་དཀར་ལྷ་རྒྱུད་དང་།ཐུགས་དམར་སྤྲིན་རྒྱུད།གཉན་ལྷ་མ་སང་གི་རྒྱུད་དང་གསུམ་ནི་སྲིད་པའི་ཡུལ་ལྷར་གྲོལ་ཏེ། གངས་རི་གཡའ་བྲགས་སོགས་ཀྱི་བདག་པོར་གྱུར།སྲས་བར་བ་ལྷ་རབས་གཉན་རུམ་མམ་ཁྲི་སད་འབར་བ་ཞེས་བྱ་བ།ཞང་པོ་དམུ་རྗེ་བཙན་པོའི་ཡུལ་ངམ་འབྲང་ལྕང་འབྲང་གི་ཡུལ་དུ་གཤེགས་ཏེ་དམུ་ཟ་གཉིས་མཐིང་མ་དང་བཤོས་པ་ལས་བོད་རྒྱལ་གཉའ་ཁྲི་བཙན་པོ་བྱུང་བ་ལགས་སོ།། དེ་ནས་གཉའ་ཁྲི་བཙན་པོ་ཁོང་ཐོག་མ་མི་ཡུལ་དུ་བྱོན་སྐབས་ཨ་ཞང་དམུ་རྗེ་བཙན་པོས་དམུ་སྐས་དང་།དམུ་ཐག་གནང་བ་བརྟེན་ཏེ་ཀོང་པོ་ན་ཡོད་པའི་ལྷ་རི་རྒྱང་ཐོའི་རྩེར་བབས་པ་གཏམ་རྒྱུད་དུ་གྲགས།དམུ་གཤེན་གྱི་མཆེད་ཁུངས་ནི།ཁྲི་ཤེས་དཀར་པོའི་ཐུགས་ཀྱི་སྤྲུལ་བ་ལ་གདུང་བརྒྱུད་འཛིན་པའི་རྒྱལ་པོ་དྲུག་ཏུ་བྱུང་ཡོད་པ་ནི།དམུ་གཤེན་ལྷའི་གདུང་བརྒྱུད་དང་།ཤག་རིགས་གར་གསས་ཀྱི་གདུང་བརྒྱུད།ཧོས་རིགས་གནམ་གསས་ཀྱི་གདུང་བརྒྱུད། དཔོ་རིགས་གསས་རྗེའི་གདུང་བརྒྱུད།རྒྱ་ཧ་ཤང་རྒོད་གསས་ཀྱི་གདུང་བརྒྱུད།གཉན་མཁའ་འགྱིང་གི་གདུང་བརྒྱུད་དང་དྲུག་བྱུང་།དང་པོ་དམུ་གཤེན་ལྷའི་གདུང་བརྒྱུད་ནི།ཀུན་བཟང་གཤེན་ལྷའི་[1]ཐུགས་ནས་འོད་ཟེར་དམར་ལ་སྨུག་པ་ཞིག་ཞང་དམུ་རི་སྨུག་པོའི་རྩེ་ལ་བབས[2]དེ་ལས་ཟིལ་བ་ཆགས་ཤིང་སྒོང་ངར་འདྲིལ།སྒོང་ང་དེའི་སྙིང་པོ་ལས་རིན་ཆེན་སྣ་ལྔའི་བརྒྱན་ཆས་སྤྲས་ཤིང་ཐོད་དཀར་མདའ་གང་བཅིངས་བ་ཞིག་བྱུང་། དེ་ལ་མེས་པོ་དམུ་ཕྱུག་སྐྱེར་ཞོན་ཞེས་མིང་གིས་གསོལ།དེ་དང་ལྷ་མོ་གང་དྲག་མ་གཉིས་བཤོས་པ་ལས།སྲས་དམུ་བཙན་བཞེར་གྱི་རྒྱལ་པོ་བྱུང་།སྲས་དེ་དང་ཕྱྭ་ལྕམ་རྒྱལ་མོ་བཤོས་པ་ལས།སྲས་དམུ་བཙན་རྒྱལ་བ་བྱུང་།སྲས་དེ་དང་རིང་ནམ་རྒྱལ་མོ་བཤོས་པ་ལས།དམུ་རྒྱལ་ལེན་གྱི་ཐེམ་སྐས་བྱུང་། སྲས་དེ་དང་ལྷ་ཟ་འཕྲུལ་མོ་བཤོས་པ་ལས།སྲས་རྒྱལ་བོན་ཐོད་དཀར་བྱུང་། དམུ་རྒྱལ་དེ་དང་ཡུམ་རྒྱལ་བཞད་མ་གཉིས་བཤོས་པ་ལས་སྲས་གཤེན་རབ་མི་བོ་བྱུང་བ་སོགས་དམུ་བརྒྱུད་རིམ་པར་གྲོལ་ནས་ད་ལྟའི་བར་མ་ཆད་པར་ཡོད་པ་མངོན་ནོ།།  དེང་དུས་ཀྱི་ལི་ཡུལ་དང་།བལ་བོ།དབྱི་རན་[3]གྱི་མི་བརྒྱུད་སོགས་འབྱུང་ཁུངས་དམུ་ཡིན་པ་བཤད་སྲོལ་ཆོད་ཅེས་མཁར་རྨེའུ་བས་བཤད་འདུག།  གང་ལྟར་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོའི་མ་དམུ་རིགས་དང་།སྟོན་པ་གཤེན་རབ་ཀྱི་ཕ་དམུ་རིགས་ཡིན་པ་ལོ་རྒྱུས་དེབ་ཐེར་དུ་གསལ་བས་དམུ་ཡི་ཤ་རུས་གཉིས་ཀྱི་བརྒྱུད་ལས་མི་སྣ་གྲགས་ཅན་གཉིས་བྱུང་ཡོད་པ་ནི།བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་དང་།སངས་རྒྱས་གཤེན་རབ་མི་བོ་གཉིས་རེད།



[1] མཁར་རྨེའུ་བསམ་གཏན་དང་ཡ་སུ་ཧི་ཀོ་ན་ག་ནོ་གཉིས་ཀྱིས་བསྒྲིགས་པའི་ཁུ་བྱུག་སྔོན་མོའི་གསུང་སྙན་ལས།

[1] མུ་ཡེ་པྲ་ཕུད་ཕྱའི་མཐར་ཐུག་ཅེས་པ་ལས།

[2] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་བསྐྲུན་པའི་གངས་ཅན་རིག་མཛོད་དེབ་འཕྲེང་༥༥་བར་གསལ།

3 ཁོད་པོ་བློ་གྲོས་ཐོག་མེད་ཀྱིས་གཏེར་ནས་བཏོན་པའི་སྲིད་པ་རྒྱུད་ཀྱི་ཁ་བྱང་ལྟར་ན།

[3] དེ་ཡན་ཆད་ཀྱི་སྐུ་བསྲུངས་ནི་བ་རབ་གླིང་གི་གཤེན་དགུས་མཛད་ཟེར།

[5] ལྷ་ཡི་དབང་པོ་རྒྱ་བྱིན་ཞེས་ཀྱང་བྱ།

[6] བསྒྲགས་པ་རིན་པོ་ཆེའི་གླིང་གྲགས་སོགས་ལས།

[1] ཕྱྭ་ཡེ་ཤེས་འཕྲུལ་གྱི་རྒྱལ་པོ་ངོས་འཛིན་བྱེད་མཁནའང་ཡོད།

[2] གནས་འདི་ལྷ་རི་གྱང་ཐོ་ལ་ངོས་འཛིན་མཁན་ཡང་ཡོད་པ་ཐོས་སོ།

[3] སྔོན་ཆད་སྟག་གཟིག་ཅེས་པའི་རྒྱལ་ཁབ་དེ་རེད།

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.