ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
བོད་སྲིད་བློན་ནང་འགལ་སོང་བ། | 2015/10/25 20:08:00

 

 བོད་སོག་འགལ་འདུའི་དབང་གིས་བོད་སྲིད་བློན་

        རྣམས་ནང་འགལ་སོང་བ།

  —སྤྱི་ལོ་༡༧༠༤———༡༧༢༨་བར་གྱི་ཡོ་ལང་།

     

 རྫ་ཚེ་དབང་བསྟན་འཛིན།   སི་ཁྲོན།

  • ཧ་ལམ་སྤྱི་ལོ་༡༧༠༤་ནས་བོད་སོག་གཉིས་ལ་འགལ་འདུ་དང་འཁྲུག་རྩོད་ལང་བའི་མགོ་བརྩམས།འགལ་རྐྱེན་སློང་དོན་ཡང་སོག་པོ་ལྷ་བཟང་ཧན་གྱིས་གསང་བའི་དམིགས་ཡུལ་འགྲུབ་དོན་དུ་གཡོ་ཐབས་སྣ་ཚོགས་ཀྱིས།རྒྱལ་བ་ཚངས་དབྱངས་རྒྱ་མཚོ་དང་སྡེ་སྲིད་སངས་རྒྱམ་གཉིས་ཀྱི་བར་དུ་འགལ་བ་བཟོ་ཅི་ཐུབ་གང་ཐུབ་བྱས་པར་བསྟན་རྒྱལ་དབང་དང་སྡེ་སྲིད་བར་དུ་ལྟ་ཚུལ་འདྲ་མིན་བྱུང་སྟེ་ཕན་ཚུན་གཅིག་གིས་གཅིག་ལ་ཟུར་ཟ་དང་འཁང་ར་སྣ་ཚོགས་བྱས།  གོ་སྐབས་དེ་དང་བསྟུན་ནས་སོག་པོ་ལྷ་བཟང་ཧན།རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་ཕྱོགས་སུ་ལངས་ཁུལ་བྱས་ཏེ་སྡེ་སྲིད་ཀྱི་ཕྱོགས་སུ་ངོ་སྒོལ་གྱི་གཏམ་འདྲ་མིན་གླེང་བས།  རྒྱལ་བ་ཚངས་དབྱངས་རྒྱ་མཚོ་དང་སྡེ་སྲིད་བར་དུ་དེ་ལས་རྙོག་འཛིང་ཅན་དུ་གྱུར།
  • སྤྱི་ལོ་༡༧༠༥་ལོར་རྒྱལ་དབང་ལྔ་བའི་གསེར་གདུང་མདུན་དུ་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་གཙོས།སྐྱིད་ཤོད་སྡེ་བ།ལ་མོ་ཆོས་རྗེ།པཎ་ཆེན་སྐུ་ཚབ་སོགས་སྲིད་འཛིན་འབྲེལ་ཡོད་མི་སྣ་མང་པོ་ལྷན་འཛོམ་གྱི་ཚོགས་ཐོག་ཏུ།རྒྱལ་བ་ཚངས་དབྱངས་རྒྱ་མཚོ་དང་།སྡེ་སྲིད་སངས་རྒྱས་རྒྱ་མཚོ།སོག་པོ་ལྷ་བཟང་ཧན་གསུམ་གྱི་འགལ་འདུའི་སྐོར་ལ་མཐའ་མའི་གྲོས་ཐག་བཅད།སྡེ་སྲིད་སངས་རྒྱས་རྒྱ་མཚོ་ལ་བོད་སྲིད་གཞུང་གི་འགན་བཞེས་གོ་གནས་བླངས་ཏེ་གོང་དཀར་རྫོང་གསོལ་སྐལ་དུ་གནང་།སོག་པོ་ལྷ་བཟང་ཧན་མདོ་སྨད་མཚོ་སྔོན་དུ་གནས་སྤོར་བྱེད་ཐོག།།ལོ་རེ་རེའི་འཚོ་རྟེན་བོད་གཞུང་ནས་དུས་ལྟར་འབུལ་རྒྱུ་བཅས་གཏན་འཁེལ་བྱས།སྡེ་སྲིད་སངས་རྒྱས་རྒྱ་མཚོའི་ཚབ་ཏུ་ངག་དབང་རིན་ཆེན་སྡེ་སྲིད་དུ་བསྐོས་བཞག་མཛད་མོད།ཡིན་ནའང་ད་དུང་སྲིད་ཕྱོགས་ཀྱི་དབང་ཆ་ཡོངས་རྫོགས་སངས་རྒྱམ་ལ་ཡོད་པས་སྡེ་སྲིད་གསར་བ་ངག་དབང་རིན་ཆེན་གྱིས་སངས་རྒྱམ་གྱི་བཀོད་འདོམས་ལྟར་བསྒྲུབ་དགོས་པར་བཤད་འདུག།།སོག་པོ་བློ་བཟང་ཧན་གྱིས་མདོ་སྨད་མཚོ་སྔོན་ཕྱོགས་སུ་འགྲོ་ཁུལ་བྱས་ནས་འདམ་གཞུང་དང་
  • ནག་ཆུའི་ཕྱོགས་སུ་ཡོད་པའི་སོག་དམག་བསྡུ་རུབ་བྱས་ཏེ་གློ་བུར་དུ་དམག་དཔུང་ལྷ་སར་ལོག་སྟེ་སྡེ་སྲིད་འཁོར་དང་བཅས་ཕམ་པར་བྱས།སྐབས་དེ་ཙམ་ནས་སྡེ་སྲིད་ཀྱི་དབང་ཆ་ཡོད་ཚད་སོག་པོ་བློ་བཟང་ཧན་གྱིས་བདག་དབང་བྱས་ཤིང་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་ཡང་ནུས་མེད་དུ་བྱས།
  • དེ་ནས་སྤྱི་ལོ་༡༧༠༦་ལོར་རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་ལ་མ་ཉེས་ཁ་གཡོགས་ཀྱིས་ཁྲི་ལས་ཕབ་སྟེ་རྒྱ་ནག་པེ་ཅན་དུ་སྐྱེལ་ཕེབས་བྱེ་སྐབས་མཚོ་སྔོན་པོའི་ཉེ་འགྲམ་ནས་སྐུ་གཤེགས་སོང་བར་ལོ་རྒྱུས་དེབ་ཐེར་དུ་མར་གསལ་ཡང་རྒྱུ་སྐྱེན་ཅི་ཞིག་གིས་སྐུ་གཤེགས་སོང་པ་ཁ་གསལ་དུ་མེད་མོད།ཧ་ལམ་སོག་པོ་ལྷ་བཟང་ཧན་གྱིས་གཡོ་ཐབས་ཀྱིས་བཀྲོངས་འདུག་པར་བཤད་ཆོག་པར་སྣང་།སྐབས་དེར་སོག་པོ་ཇུན་གར་པས་རང་གི་མངའ་ཁོངས་རྒྱ་སྐྱེད་པའི་དུས་ཡིན་པར་མ་ཟད་ཇུན་གར་ཚེ་དབང་རབ་བརྟན་སོག་པོ་ཨོ་རོད་ཚ་བཞིའི་ཡ་གྱུར་ཇུན་གར་བའི་དཔོན་པོ་ཡིན།སྐབས་དེར་སོག་པོ་ལྷ་བཟང་ཧན་གྱི་བུ་དགའ་ལྡན་བསྟན་འཛིན་ཟེར་བ་དེ་ཇུན་གར་ཚེ་དབང་རབ་བརྟན་གྱི་བུ་མོ་མཛེས་མ་ཞིག་ཡོད་པར་སེམས་ཆགས་ནས།ཁོས་ཆུང་མ་ལ་ལེན་འདོད་ཡོད།ཕ་ལྷ་བཟང་ཧན་ཞེ་ནས་མ་འཐད་པར་ཐབས་
  • ཤེས་གང་ཡོད་ཀྱིས་བཀག་ནའང་ཁོས་མནའ་མར་ལེན་རྒྱུ་གཏན་འཁེལ་བྱས།ཇུན་དཀར་ཚེ་དབང་རབ་བརྟན་ལ་སྔོན་ནས་ལྷ་བཟང་ཧན་གྱི་ལག་ནས་བོད་ཀྱི་སྲིད་དབང་འཕྲོག་འདོད་ཡོད་སྟབས།ཚེ་དབང་རབ་བརྟན་གྱིས་ཁོའི་བུ་མོ་མཛེས་མ་དེ་དགའ་ལྡན་བསྟན་འཛིན་ལ་མནའ་མ་སྤྱིན་རྒྱུ་ཐག་བཅད་ཡོད་པར་མ་ཟད།གཡོ་ཐབས་སྣ་ཚོགས་ཀྱིས་དགའ་ལྡན་བསྟན་འཛིན་ཁོའི་བུ་མོའི་ཕྱོགས་སུ་བློ་ཁ་འཁོར་གང་ཐུབ་བྱས།དེ་ནས་སོག་པོ་ཚེ་དབང་རབ་བརྟན་གྱི་དམག་གི་དཔུང་སྡེ་གཉིས་སུ་བྱས་ནས།ཕྱོགས་གཅིག་གིས་བུ་མོ་མནའ་མར་གཏོང་ཁུལ་གྱི་གོ་སྐབས་བཟུང་ནས་བུ་མོ་སྲུང་སྐྱེལ་ལ་ཁ་གཡར་ནས་དམག་དཔུང་ཕོན་ཆེ་བ་ཞིག་མཉམ་དུ་བཏང་བ་དང་།གཉིས་ནས་སྟོད་མངའ་རིས་རྒྱུད་ནས་དམག་དཔུང་ཞིག་ཉིན་མོ་ཡིབ་ལ་མཚན་བསྐྱོད་ཀྱིས་འདམ་གཞུང་དང་ཉེ་སར་དམག་དཔོན་ཁག་གཉིས་དུས་གཅིག་ཏུ་འཛོམས། སྟོད་མངའ་རིས་བརྒྱུད་པའི་དམག་དཔུང་གིས་ལམ་ཁེལ་བོད་ཀྱི་ཞིང་འབྲོག་མི་དམངས་ལ་འཚོ་བའི་ཁ་སྣོན་ཡིན་ཁུལ་གྱིས་དངོས་རྫས་ཕུལ་ཞིང་། རང་གི་ཕ་མེས་གོང་མ་དང་རྒྱལ་དབང་སྐུ་འཕྲེང་ལྔ་བ་ལ་འབྲེལ་བ་ཟབ་པའི་ལོ་རྒྱུས་དང་ད་ཐེངས་ཡང་ང་ཚོ་བོད་དུ་འགྲོ་དགོས་དོན་རི་བོ་དགེ་ལྡན་པའི་ཆོས་ལུགས་སྲུང་སྐྱོབ་དང་།ཏཱ་ལའི་བླ་མའི་ཡང་སྲིད་གདན་འདྲེན་ཞུ་བའི་དོན་ཡིན་ཚུལ་བེད་སྤྱོད་ནས་བོད་ས་མཚམས་སྲུང་དམག་རྣམས་ལ་བློ་ཁ་བསྒྱུར་ཏེ་ཇུན་གར་གྱི་དམག་དཔུང་འགོག་པའི་སེམས་ཤུགས་མེད་པར་བྱས་ནས་གློ་བུར་དུ་ཇུན་གར་ཚེ་དབང་རབ་བརྟན་གྱི་དམག་དཔུང་ལྷ་སར་ཐོན།
  • སྤྱི་ལོ་༡༧༡༧་ལོར་སོག་པོ་ཇུན་གར་བས་ལྷ་བཟང་ཧན་འཁོར་དང་བཅས་ཚར་བཅད་ནས་བོད་ཆོས་སྲིད་གཉིས་ཀྱི་དབང་ཆ་བཙན་འཕྲོག་བྱས་ཤིང་སྟག་རྩེ་ལྷ་རྒྱལ་རབ་བརྟན་བོད་ཀྱི་སྲིད་དཔོན་དུ་བསྐོས།སོག་པོ་ཇུན་གར་བས་རྒྱལ་དབང་སྐུ་འཕྲེང་ལྔ་བར་དགེ་ལུགས་པའི་བསྟན་པར་རྒྱབ་སྐྱོར་བྱེད་རྒྱུ་ཁས་ལེན་ཡོད་པས།སྐབས་དེ་དང་བསྟུན་ཇུན་གར་དམག་དཔུང་གིས་དགེ་ལུགས་པ་མ་ཡིན་པའི་དགོན་པ་མང་པོ་མེ་སྲེག་བཏབ་ཞིང་བོད་མི་སྐྱ་སེར་མང་པོ་བཙན་ཤད་ཀྱིས་དགེ་ལུགས་པའི་གྲུབ་མཐའ་སྤྱོད་དུ་བཅུག།།དེའི་ཚེ་དགེ་ལུགས་པའི་གྲུབ་མཐའ་མི་སྤྱོད་མཁན་ཡོད་ན་དམར་གསོད་བྱས་པ་དང་ཁྱིམ་གྱི་རྒྱུ་ནོར་ཡོད་ཚད་གཞུང་བཞེས་མཛད་པའི་ཁྱབ་བསྒྲག་གནང་།འདི་འདྲའི་བོད་བཙན་བཟུང་བྱས་རྗེས་སི་ཁྲོན་དང་།ཡུ་ནན་སོགས་རྒྱ་ནག་གི་ས་མང་པོར་གནོད་འཚེ་བྱུང་སྟབས་རྒྱ་ནག་ཆིང་གོང་མས་ཀྱང་ཐུགས་ལ་མ་བབས་ནས་ཡོད།དུས་དེ་དང་བསྟུན་ནས་མངའ་རིས་ཁང་ཆེན་པ་དང་།གཙང་གི་ཕོ་ལྷ་བ་སོགས་ཀྱིས་ཆིང་གོང་མར་ལྐོག་ཏུ་འབྲེལ་གཏུགས་བྱས་ཏེ་སོག་པོ་ཇུན་གར་བས་ཆིང་གི་ས་དུ་མའི་བདེ་འཇགས་ལ་གནོད་འཚེ་ཕོག་གི་ཡོད་ཚུལ་དང་།བོད་མི་མང་པོ་སྡུག་ལ་སྦྱར་ཚུལ་གྱི་རྣམ་པ་དང་གོ་རིམ་སྙན་ཞུ་ཡང་ཡང་ཞུས།
  • སྤྱི་ལོ་༡༧༡༨་ལོར་ཆིང་གོང་མས་བཀོད་འདོམས་འོག་སོག་པོ་ཇུན་གར་བཏུལ་བར་བོད་ལྗོངས་སུ་རྒྱ་དམག་ཐེངས་གཅིག་བཏང་བ་བོད་ཡུལ་ས་མཐོ་ཞིང་གྲང་བར་ཆེ་བ་དང་།དམག་མཁོའི་ཡོ་བྱེད་དུས་ལྟར་འབྱོར་མ་ཐུབ་པ་སོགས་ཀྱིས་རྐྱེན་གྱིས་རྒྱ་དམག་ནག་ཆུ་ལས་མ་ཐོན་པར་སོག་དམག་གིས་ཕམ།
  • ཡང་བསྐྱར་སྤྱི་ལོ་༡༧༡༩་ལོར་རྒྱ་དམག་ཐེངས་གཉིས་པ་བོད་དུ་བཏང་བར་ཕོ་ལྷ་བ་དང་ཁང་ཆེན་པ་སོགས་ཀྱིས་ལྐོག་གྲོས་ཀྱིས་རྒྱལ་དབང་སྐུ་འཕྲེང་བདུན་པ་ཕེབས་བསུ་གནང་ཁུལ་གྱིས་གོང་མའི་དམག་ལ་འབྲེལ་གཏུགས་བྱས་ཏེ་གོང་དམག་བོད་དུ་སྣ་འདྲེན་བྱས།
  • དེ་ནས་སྤྱི་ལོ་༡༧༢༠་ལོའིཟླ་༨་པའི་ནང་དུ་སོག་པོ་ཇུན་གར་ལ་འཁོན་ལན་ཆེ་བའི་བོད་དམག་འགའ་དང་གོང་དམག་ཉམས་འབྲེལ་གྱིས་སོག་པོ་ཇུན་གར་མཐར་སྐྲོད་བཏང་ཞིང་སོག་
  • པོའི་ས་འབྲེལ་དང་བཅས་ཁྲིམས་ལ་སྦྱར།ལྷ་བཟང་ཧན་གྱི་བུ་ཆུང་བ་སུརྱ་བཟུང་ནས་དྲི་རྟོག་བྱས་མཐར་སོག་པོ་ཇུན་གར་ལ་བོད་རྩིས་སྤྲོད་མཁན་སྟག་རྩེ་བ་ཡིན་པའི་གནས་ཚུལ་ཤེས་ཏེ།སྟག་རྩེ་བ་ལྷ་རྒྱལ་རབ་བརྟན་དང་།གུང་བློན་བཀྲ་ཤིས་རྩེ་པ་སོགས་ནག་ཉེས་ཅན་དུ་མར་སྐྱིད་ཆུའི་འགྲམ་དུ་སྐེ་བཅད་ཅེས་བཤད་འདུག་གོ།དེའི་རྗེས་སུ་ཇུན་གར་ཚེ་དབང་རབ་བརྟན་གྱིས་ཁུ་
  • བོའི་ཤུལ་བཟུང་ནས་ཡང་བསྐྱར་ཇུན་གར་བའི་དམག་དཔུང་ཁ་འཐོར་རྣམས་བསྡུ་རུབ་བྱས་ཏེ་ཆིང་གོང་མའི་དམག་ལ་འཐབ་འཛིང་བྱས་མོད་ཀྱང་ཕམ་རྒྱལ་གྱི་གསལ་ཁ་ཚད་ལྡན་ཅན་གྱི་ཡིག་ཚང་མ་མཐོང་།འོན་ཀྱང་ལོ་རྒྱུས་མང་པོ་ཞིག་གི་ཁ་བསྒྲིགས་ནས་བལྟས་ཚེ་ཇུན་གར་ཚེ་དབང་རབ་བརྟན་གྱི་དཔུང་དམག་གིས་རྒྱལ་ཁ་མ་ལོན་པར་སྣང་།སྐབས་དེ་ཙམ་ནས་ཁང་ཆེན་པ་དེའི་ཆིང་བ་དུར་བསོད་ནམས་རྒྱལ་པོ་བཀའ་བློན་གཙོ་བོ་བྱས་ཐོག།ང་ཕོད་པ་རྡོ་རྗེ་རྒྱལ་པོ་དང་།གོང་ལུམ་པ་བཀྲ་ཤིས་རྒྱལ་པོ།ཕོ་ལྷ་བསོད་ནམ་སྟོབས་རྒྱལ།སྦྱར་ར་བ་བློ་གྲོས་རྒྱལ་པོ་བཅས་སྲིད་རོགས་སུ་བསྐོས་ཏེ་བོད་ས་གནས་སྲིད་གཞུང་གི་ལས་ཁུངས་བཙུགས་སོ།།སྐབས་ཤིག་ནས་སྲིད་འཛིན་པ་འདི་དག་ལ་ནང་འགལ་ཚབས་ཆེན་བྱུང་།རྒྱུ་རྐྱེན་ནི་ཁང་ཆེན་པ་གྲུབ་མཐའ་དགེ་ལུགས་པ་མ་གཏོགས་གཞན་ལ་མི་དགའ་བའི་ཐོག་རྙིང་མ་བ་ལ་ལྷག་པར་སྡང་སེམས་ཆེ།ང་ཕོད་དང་ལུམ་པ་སྦྱར་ར་གསུམ་ནི་རྙིང་མ་བ་མ་གཏོགས་ཆོས་ལུགས་གཞན་ལ་མི་དགའ།ཕོ་ལྷ་བ་ནི་ཆོས་ལུགས་རིས་མེད་ཡིན་ཁུལ་གྱི་གནས་སྟངས་འོག།ཁང་ཆེན་པས་རྩེ་རྣམ་རྒྱལ་གྲྭ་ཚང་དུ་རྙིང་མའི་སྒྲུབ་མཆོད་དང་དུས་མཆོད་ཆེ་ཆུང་གང་ཡིན་ཀྱང་འཚོགས་མི་ཆོག་པར་ཐག་བཅད་ཡོད་པར་མ་ཟད།གྲྭ་ཚང་དེར་གནས་པའི་རྙིང་མ་སྤྱོད་མཁན་གྱི་བླ་གྲྭ་ཡོད་ཚད་གཞན་རྩེ་ཐང་དུ་གནས་སྤོར་བྱས།དེ་སྔོན་ཇུན་གར་བས་གཏོར་བའི་རྙིང་མའི་དགོན་པ་རྣམས་བསྐྱར་གསོ་བྱེད་མི་ཆོག་པའི་བརྡ་ཁྱབ་བཏང་རྗེས་མི་སེར་མང་པོའི་བློར་མ་བབས་ཤིང་།ལྷག་པར་ང་ལུམ་སྦྱར་གསུམ་མི་དགའ་བར་གྱུར་ནས་འགལ་བ་བྱུང་།ཁང་ཆེན་པ་དང་ཕོ་ལྷ་བ་ཕྱོགས་གཅིག་དང་།ང་ཕོད་པ་དང་།ལུམ་པ་བ། སྦྱར་ར་བ་གསུམ་ཕྱོགས་གཅིག་ཏུ་གྱུར་བ་ལ།ཕོ་ལྷ་བས་ང་ཕོད་པའི་ཕྱོགས་ཀྱི་གསང་བ་མང་པོ་གཞན་གྱི་རྣ་ལམ་ནས་ཧ་གོ་སྟེ་ཁང་ཆེན་པ་ལ་དོགས་ཟོན་བྱ་དགོས་ཚུལ་ཡང་ཡང་གླེང་ན་ཡང་ཁང་ཆེན་པས་དོ་སྣང་མ་བྱས།ཉིན་ཞིག་ལ་གོང་མ་གཡུང་ཊེང་གིས་ཁང་ཆེན་པ་ལ་དགེ་ལུགས་པའི་བསྟན་པ་རྒྱ་ཆེར་བཏང་བར་གཟེངས་བསྟོད་ཀྱི་བཀའ་ཤོག་དང་།ཤེལ་གྱི་ཐམ་ག་སོགས་ཕུལ་བའི་བཀས་མངགས་བློན་ཆེན་གཉིས་ལྷ་སར་མ་འབྱོར་གོང་སྟེ།སྤྱི་ལོ་༡༧༢༧་ལོའི་ཟླ་༦་པའི་ནང་ང་ལུམ་སྦྱར་གསུམ་གྱིས་ལྷ་སའི་གཙུག་ལག་ཁང་གི་སྒོ་མཆོར་གྱི་ཡང་སྟེང་ཚོམས་ཆེན་ཁམས་གསུམ་དུ་ཁང་ཆེན་པ་སྐུ་བགྲོངས།ད་དུང་ཞབས་ཕྱི་བ་དང་།གཉེར་བ།རི་མོ་མཁན།བཙུན་མོ་ཆེ་ཆུང་སོགས་སྐུ་འཁོར་ཚང་མ་གྲི་རུབ་བརྒྱབ་སྟེ་བསད།དེབ་ཐེར་ལ་ལར་སྐབས་དེར་ཕོ་ལྷ་བ་གཙང་དུ་བཞུགས་ཡོད་པར་བཤད་འདུག།དེ་རྗེས་གོང་མ་གཡུང་ཊེང་གིས་མངག་པའི་བློན་ཆེན་གཉིས་ལྷ་སར་ཐོན་མོད་ཀྱང་ཁོང་གཉིས་ལ་སྣེ་ལེན་དང་གསོལ་སྟོན་བཤམས་པ་པོ་ང་ལུམ་སྦྱར་གསུམ་ཡིན་པར་མ་ཟད་ང་ལུམ་སྦྱར་གསུམ་གྱིས་གོང་མ་གཡུང་ཊེང་ལ།ཁང་ཆེན་བསོད་ནམས་རྒྱལ་པོས་ཏཱ་ལའི་བླ་མར་དད་གུས་མི་བྱེད་པའི་ཁར་འཚོགས་པ་ཆེ་ཆུང་ཚོག་ཐོག་ཏུ་ཁོང་ལ་མཐོང་ཆུང་དང་ཟུར་ཟ་མང་པོ་གླེང་པ་དང་།བོད་ཀྱི་སྲིད་དབང་སྒེར་གཅོད་བྱེད་པ་དང་།ད་དུང་ཕྱོགས་ཀྱི་རྒྱལ་ཁག་མང་པོ་ཞིག་ལ་ངན་འབྲེལ་བྱེད་ཀི་ཡོད་ཚུལ་གྱི་ནག་ཉེས་སྙན་ཞུ་ཕུལ་ནའང་སྣང་མེད་བྱས།འདི་འདྲའི་དོན་རྐྱེན་བྱུང་རྗེས་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱས་ཀྱིས་སྟོད་མངའ་རིས་ན་ཁང་ཆེན་གྱི་གཅེན་པོ་མངའ་རིས་སྒར་དཔོན་དགའ་བཞི་པ་དང་།ས་དགའ་ཕྱོགས་ཀྱི་དཔོན་རིགས་སོགས་སྔོན་ཆད་ཁང་ཆེན་པ་དང་འབྲེལ་བ་ཟབ་པའི་དམག་དཔུང་སྐོར་ཞིག་ལ་ཁང་ཆེན་པའི་དགྲ་ཤ་རྩོད་དགོས་ཚུལ་གླེང་ནས།ཕོ་ལྷ་བ་རང་གི་མངའ་འོག་གི་གཙང་དམག་སྐོར་ཞིག་དང་མཉམ་དུ་བསྡེབས་ཏེ་སྤྱི་ལོ་༡༧༢༧་ལོའི་ཟླ་༡༡་པའི་ནང་དུ་ང་ལུམ་སྦྱར་གསུམ་གྱི་དམག་དཔུང་ལ་འཐབ་འཛིང་བྱས་ནས་རེ་ཞིག་ཕོ་ལྷ་བའི་ཕྱོགས་ཀྱི་དམག་སྒར་ཕྱིར་འཐེན་བྱས་སོ།།དེ་ནས་ཕོ་ལྷ་བས་ལྷ་རྩེ་དམག་སྒར་ནས་མན་ཆིང་རྒྱལ་རབས་ཀྱི་གོང་མ་ཁྲི་ཐོག་གསུམ་པ་གཡུང་ཊིང་ལ་དཔུང་རོགས་སུ་ཞུ་ཡིག་བཏང་རྗེས་ཁོང་གི་ནང་བློན་ཨ་ལི་ཧན་སོགས་སྐུ་ཚབ་དཔོན་རིགས་འགའ་དང་།དམག་དཔུང་ཁྲི་གཅིག་ལྷག་ཙམ་བོད་ས་གནས་སུ་མངགས་ཏེ་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱས་ལ་དམག་རོགས་བྱས་ནས་ང་ལུམ་སྦྱར་གསུམ་གྱི་དམག་དཔུང་རྣམས་རིམ་གྱིས་ཕམ་པར་བྱས་ཤིང་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱས་བོད་ས་གནས་ཀྱི་སྲིད་སྐྱོང་དུ་བསྐོས་ཐོག།།ཧྥུ་ཏུ་ཐུང་མཱ་ལ་དང་།ཞུའི་ཧྲི་སེང་གེ་གཉིས་བོད་དུ་གཏན་སྡོད་ཨམ་བན་ལ་བསྐོ་གཞག་བྱས།བོད་སྲིད་གཞུང་གི་ལས་དོན་གལ་ཆེའི་རིགས་ཨམ་བན་ལ་སྙན་ཞུ་དགོས་པའི་གཏན་འབེབས་བཟོས།ཕོ་ལྷ་བསོད་ནམས་སྟོབས་རྒྱས་ཀྱིས་སྔོན་ཆད་ལྷ་རྩེ་ནས་གོང་མར་སྙན་ཞུ་ཕུལ་བའི་ནང་ཏཱ་ལའི་བླ་མ་དང་།ཡབ་རྗེ་བསོད་ནམ་དར་རྒྱས་གཉིས་ཀ་ང་ལུམ་སྦྱར་གསུམ་གྱི་འཁྲུག་ཟིང་ནང་ཐེ་ཇུས་ཡོད་ཚུལ་གྱི་སྙན་ཞུ་ཕུལ་ཡོད་པར་བརྟེན།དབུས་གཙང་ཟིང་འཁྲུག་ཐག་ཆོད་པའི་རྗེས་སྤྱི་ལོ་༡༧༢༨་ལོ་ནས་མི་ཉག་གི་ཡུལ་མགར་ཐར་ཞེས་པ་དེར་ཏཱ་ལའི་བླ་མ་མཆོག་གོང་མས་བཟང་བཙོན་བྱས་སོ།།དེབ་ཐེར་ལ་ལར་རྒྱལ་དབང་ཁོང་མགར་ཐར་དུ་ཕེབས་ཏེ་ལོ་ངོ་ལྔ་ལ་བཞུགས་ནས་ཆོས་གསུང་ཞིང་དགོན་སྡེ་བཏབ་པ་སོགས་བསྟན་འགྲོའི་དོན་རྒྱ་ཆེར་མཛད་ཡོད་ཅེས་བཤད་འདུག།གང་ལྟར་ལོ་ངོ་ལྔ་ཙམ་ལ་ཁོང་ལྷ་ས་ནས་བཞུགས་ཐབས་མ་བྱུང་།
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.