གྲི་གུམ་བཙན་པོའི་སྐབས་སུ་བོན་ལ་ཆགས་འཇིག་
ཤོར་རྐྱེན་དང་འབྲེལ་བའི་གཏམ།
རྫ་ཚེ་དབང་བསྟན་འཛིན།
ངས་ནམ་རྒྱུན་རྒྱུ་མཚན་དང་གནད་དོན་ཞིག་ལ་འཕྲད་ན། དགག་སྒྲུབ་ཀྱི་སྤོབས་པ་དང༌། མི་རིགས་ཀྱི་འདུ་ཤེས། གོ་རྟོགས་ཀྱི་བསམ་བློ་ཆེ་རུ་བསྐྱེད་དེ་དྲང་བདེན་སྤྲོས་བརྗོད་ཀྱི་སྐད་ཆ་བཤད་རྒྱུ་གཙོ་བོ་རེད་ཅེས་ཡིག་ཐོག་ཏུ་བྲིས་མྱོང་ལ་ཚོགས་ཐོག་ཏུ་གླེང་ཡང་མྱོང༌། དེ་རིང་ཡང་བོད་ཆོལ་ཁ་གསུམ་ལ་ཤེས་རིག་གི་ལས་དོན་གཉེར་ཞིང༌། རླབས་ཆེན་གྱི་བསམ་བློ་ལྡན་པའི་གྲོགས་པོ་སྤུན་ཟླ་ཡོངས་ལ་གཏམ་གླེང་གི་ཚུལ་དུ་འདི་ལྟར་ཞུ། དེ་ཡང་བོད་རྒྱལ་གཉིས་པ་མུ་ཁྲི་བཙན་པོ་དགུང་ལོ་བརྒྱ་དང་བརྒྱད་བཞེས་པའི་ཆུ་གླང་ལ་ལྷ་སྲས་ཏིང་ཁྲི་བཙན་པོ་སྐུ་བལྟམས། དེ་ནས་མི་ལོ་ཉིས་བརྒྱ་དང་བདུན་ལྕགས་རྟ་ལ་བོད་རྒྱལ་གྲི་གུམ་བཙན་པོ་ཡབ་སྲིབས་ཁྲི་བཙན་པོ་ཡུམ་ས་བཙུན་ཀླུ་རྗེ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཚུལ་ལོ་རྒྱུས་ཕལ་ཆེར་ཞལ་ཕྱོགས་གཅིག་ཏུ་མཐུན་པར་རིགས། བོན་གྱི་ལོ་རྒྱུས་ལྟར་ན།“སྲས་ཐེའུ་རང་མང་སྙ་ཡུ་ཐེར་གྱི་སྤྲུལ་བ་ཞུགས་ཏེ་ཟླ་དགུ་ངོ་བཅུར་སྲས་ཤིག་སྐུ་འཁྲུངས། དེ་ཡང་ཟླ་ལས་ལོ་གྲངས་སུ་སྐྱེད་ཙམ་ན། སྐྲ་དམར་ལ་མིག་ཟླུམ་པ། ལག་མཐིལ་གཡས་པ་ན་སྨེ་བ་ནག་པོ་ཡོད་པ། ཁ་ནས་བསད་བཅད་དུ་སྨྲ་བ། སྡིག་པ་ལ་མོས་ཤིང་གོ་མཚོན་ལ་མོས་པ་ཞིག་བྱུང་སྟེ། དེར་མའི་རུམ་ནས་གྲི་རྟགས་ལུས་ལ་ཚང་བ་ཞིག་འདུག་པས། སྐུ་གཤེན་ཕ་བ་ཚེ་གཅོ་ཡིས། མཚན་ཡང་གྲི་རུམ་བཙན་པོར་བཏགས་སོ”ཞེས་པ་དང༌། ཡང་ལོ་རྒྱུས་ལ་ལར། “བཙན་པོ་འདི་བཙས་མ་ཐག་ནས་སྐུ་ལུས་ལ་གྲི་ཤུལ་བཅུ་གསུམ་ཡོད་པས་ན། མ་མ་གྲོ་ཞ་མས་ཁོང་གི་མཚན་ལ་གྲི་རུམ་བཙན་པོར་མཚན་གསོལ”ཞེས་པ་སོགས་ངེས་པ་དོན་གྱི་ལོ་རྒྱུས་ཡིན་མིན་མཐའ་མི་ཆོད་ནའང༌། ཏུན་ཧོང་གཏེར་ཡིག་ལས། “གྲི་གུམ་བཙན་པོ་སྐུ་ཆུང་བའི་དུས་ན་མཚན་ཇི་ལྟར་གདགས་ཞེས་མ་མ་གྲོ་ཞ་མ་སྐྱི་བརླང་མ་ལ་དྲིས་ན། མ་མའི་མཆིད་ནས། སྐྱི་བྲག་དམར་བསྙིལ་ཏམ་མ་བསྙིལ། དམ་མ་འབྲི་སྤང་ནི་མྱེས་ཚིག་གམ་མ་ཚིག མཚོ་དམ་ལེ་དབལ་མཚོ་ནི་བསྐམས་སམ་མ་བསྐམས་ཞེས་མཆི། བྲག་མ་བསྙིལ། མཚོ་ཡང་མ་བསྐམས། སྤང་ཡང་མྱེས་མ་ཚིག་ཅེས་བགྱིས་ན། མ་མ་གྲོ་ཞ་མ་རྒས་ནས་རྣ་བའི་གོ་ལོག་བྱུང་ནས། འོན་དང་ཆུ་དགུམ་སྲི་དགུམ་གྱིས། གྲི་གུམ་བཙན་པོར་མཚན་བཏགས”ཞེས་པའི་ཚིག་ལ་འགྲེལ་ནས་གྲི་གུམ་གྱི་ཡབ་དུས་སུ་སྐུ་གཤེན་མཐུ་རྩལ་ཆེ་བ་ཞིག་གིས་སྐྱི་བྲག་དམར་ལ་གནས་པའི་ཀླུ་བཙན་དྲག་ཏུ་བཏུལ་བའི་ཚེ་བྲག་བསྙིལ་ས་གཡོ་ཞིང་བར་སྣང་སྟོང་བའི་དབྱིངས་ནས་རྒྱལ་རབས་ཕྱི་མར་བོན་བསྟན་བསྣུབ་ཅེས་པའི་བྲག་ཆ་བརྡབས་པ་ལ་འབྲེལ་ནས་མཚན་གསོལ་བ་སོགས་འདི་ཡིན་འདི་མིན་ཞེས་མཐའ་ཆོད་པར་དཀའ་བས་ཕྱི་རབས་གཞོན་སྐྱེས་རྣམས་ལ་དཔྱད་བྱའི་ལས་སྐལ་དུ་འཇོག་པ་ལགས། བཙན་པོ་འདིའི་སྐུ་རིང་ལ་བོན་བསྟན་ཆགས་འཇིག་ཤོར་བའི་རྐྱེན་ལ་ཅུང་དཔྱད་ན། བོན་བསྟན་བསྣུབས་པའི་དོན་རྐྱེན་ལ་ལོ་རྒྱུས་མཁན་མང་པོ་ཞིག་ལ་ལྟ་བ་ཐ་དད་པས་མཐུན་པར་མ་བྱུང༌། བོན་གྱི་སྐུ་གཤེན་རྣམས་དབང་ཆེ་དྲགས་པས་རྒྱལ་སྲིད་བོན་ལ་ཤོར་ཉེན་ཡོད་པས་བོན་བསྟན་བསྣུབས་ཚུལ་བཤད་པ་དང་གཅིག རྒྱལ་པོའི་ཡིད་ལ་གདོན་ཞུགས་ཏེ་དྲེགས་པ་ཆེ་ནས་བསྣུབས་ཚུལ་བཤད་པ་དང་གཉིས།བོད་མི་ཡོངས་བསོད་ནམས་ཟད་པའི་དབང་གིས་བསྣུབས་ཚུལ་བཤད་པ་འདི་གསུམ་མང་ཕྱོགས་ཡིན་པར་སྣང༌། འོན་ཀྱང་བདག་གི་བསམ་ཚུལ་ལྟར་ན། བོན་བསྟན་བསྣུབས་པའི་ཆ་རྐྱེན་གཙོ་བོ་ནི་སྐུ་གཤེན་རྣམས་དང་བོད་རྒྱལ་བར་དུ་སྲིད་དབང་འཕྲོག་རྩོད་ཚབས་ཆེན་ཞིག་བྱུང་ཡོད་ན་ཐང་གི རྒྱུ་མཚན་ནི།བོད་རྒྱལ་ཐོག་མ་གཉའ་ཁྲི་བཙད་པོའི་དུས་རབས་ནས་བོད་དུ་བོན་བསྟན་དར་ཁྱབ་ཆེ་ཞིང་རྒྱལ་པོ་རེ་རེའི་སྐུ་གཤེན་བོན་གྱི་རིག་འཛིན་ཁོ་ན་ལས་གཞན་མེད་ན། བོན་གཤེན་རྣམས་ཀྱིས་ཁྲི་སྲོང་ལྡེ་བཙན་དང་ཁྲི་རལ་དུས་ཀྱི་ཆོས་པ་ལྟར་བོད་ཀྱི་སྲིད་དབང་ལ་ལག་བརྙབས་པ་མང་ཡོད་ཤས་ཆེ།《མཛོད་སྒྲ་འགྲེལ》ལས།གསུང་ལ་གཙིགས་བྱིན་པ། གཤེན་རབ་ཚིག་གསུམ་མ་བྱུང་བར། རྒྱལ་པོས་བཀའ་མི་གསོལ་ལ། བློན་པོས་གྲོས་མི་འཆའ། གཤེན་གླུ་དེང་གསུམ་མ་བླངས་པར། རྒྱལ་བློན་གླུ་བྲོ་མི་རོལ་ལོ། །ཞེས་དང་《ཏུན་ཧོང་གཏེར་ཡིག》ཏུ་ཡང༌། དེ་ལྟར་བཤད་པར་དཔྱད་ན། བོན་གཤེན་རྣམས་ཀྱིས་རྒྱལ་པོའི་སྲིད་དབང་ལ་ཐེ་གཏོགས་མང་པོ་བྱས་མཐར་བློན་པོ་ཕྲ་མར་མཁས་པ་དག་གིས། དབུའི་ཞྭ་ཆེ་ན་ལུས་པོ་རྔུལ་གྱིས་ལྩི། ཟས་ཞིམ་པོ་ཟོས་དྲགས་ན་སྐྱུགས་བྲོ། ཤིག་འཁྱག་རྐང་ལ་ཞུགས་ན་སྤྱི་བོའི་གཙུག་སྙོག བོན་པོ་མགོ་མཐོ་ན་རྗེ་ཡི་མངའ་ཐང་ཤོར་ཞེས་གཡོ་ཐབས་སྣ་ཚོགས་ཀྱི་སྒོ་ནས་འགལ་རྐྱེན་བཟོས་པར། རྒྱལ་པོས་ཀྱང་ཐབས་བརྒྱ་ཞི་དྲག་ཅི་རིགས་ཀྱི་སྒོ་ནས་བོན་གཤེན་རྣམས་ལ་འགྲན་དུ་བཙུག བོན་གཤེན་རྣམས་ཀྱིས་ཀྱང་བོན་གཞུང་ཉམས་ལེན་ཟུར་དུ་བཞག་ནས་སྲིད་དོན་ལ་གཙོ་བོར་དམིགས་པའི་དབང་གིས་སྐུ་གཤེན་དང་རྒྱལ་པོའི་བར་ཕན་ཚུན་འགལ་བའི་འཐབ་རྩོད་ཤུགས་ཆེན་ཞིག་ལངས་ཡོད་པར་དོགས་སྣང་མི་འདུག རྒྱུ་མཚན《བསྒྲག་བྱང》ལས་ཀྱང་ཆེ་གསུམ་དབང་གིས་མེ་འབར་བ། ཆུང་གསུམ་ཕྲ་མའི་ཤིང་བསྣན་ནས། ཞེས་པའི་ལུང་ལ་འབྲེལ་ནས།《ལེགས་བཤད་མཛོད》དུ“རྒྱལ་པོ་ཀུན་ཀྱི་གཙོ་བོར་གྱུར་པས། མངའ་ཐང་གི་དྲེགས་ཆེ་སྟེ་ཞེ་སྡང་གི་མེ་འབར། གཤེན་པོ་རྣམས་ཡོན་ཏན་གྱི་དྲེགས་ཆེ་སྟེ་ང་རྒྱལ་གྱི་མེ་འབར།བློན་པོ་རྣམས་བློའི་དྲེགས་ཆེ་སྟེ་ཕྲག་དོག་གི་མེ་འབར་ཞིང༌། ཆུང་གསུམ་ནི་བློན་པོ་རྣམས་ཀྱིས་ཕྲ་མ་སྐྱེལ་བ་དང༌།རྒྱལ་པོའི་ཐུགས་ལ་གདོན་ཞུགས་པ་དང༌། བོད་འབངས་ཀྱི་ཁ་སྨྲས་ངན་པ་མཆེད་པ་དེ་གསུམ་པོ་མེ་ཐོག་ཏུ་ཤིང་བསྣན་པ་ལྟ་བུར་གྱུར་ནས་གཡུང་དྲུང་གི་བོན་བསྣུབས་སོ།།”ཞེས་པས་ཀྱང་ཕན་ཚུན་འཐབ་རྩོད་ལངས་ཡོད་པ་ཤེས་སླ། ཡང་ན་བཙན་པོ་འདིའི་སྐུ་རིང་ལ་སྤྱི་ཚོགས་ཐོག་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་ནི།འགྲོ་བ་མིའི་རིགས་ཀྱིས་རི་དྭགས་ཁྱིམ་དུ་བཀུག་སྟེ་འབྲོག་ལས་ཀྱི་ཐོག་མ་འདི་ནས་དར། ལྕགས་རྡོ་དང་ཟངས་རྡོ་དངུལ་རྡོ་སོགས་བཞུས་ཏེ་ལྕགས་དངུལ་ཟངས་གསུམ་བཏོན། གཤོལ་དང་གཉའ་ཤིང་བཟོས་ཏེ་ཐང་རྣམས་ཞིང་དུ་རྨོས་ནས་ས་བོན་བཏབ་པས་ཞིང་ལས་ཀྱི་ཐོག་མའང་འདི་ནས་དར་ཞིང་སྤྱི་ཚོགས་ལ་འཕེལ་རྒྱས་ཆེན་པོ་ཕྱིན་ཡོད་ཁར། ཕྱི་ཡུལ་གྱི་འབྲེལ་བ་ཡང་ཇེ་མང་དུ་སོང༌། དེ་དང་བསྟུན་ནས་ཕྱི་ཡི་རིག་གནས་གང་མང་པོ་ཞིག་བོད་དུ་དར་འགོ་ཟིན། སྐབས་དེར་ཁ་ཆེ་དང༌། བྲུ་ཤ ཞང་ཞུང༌། རྒྱ་གར་སོགས་ནས་འགྲན་མེད་རྫུ་འཕྲུལ་གྱིས་མཁའ་ལ་འགྲོ་ཞིང་ས་ལ་འཛུལ་བའི་ནུས་པ་ཡོད་པའི་བོན་པོ་རེ་སྐུ་གཤེན་གྱི་ཚུལ་དུ་བསུས་ཏེ་ཞང་ཞུང་དང་སྟག་གཟིག་རྒྱ་གར་སོགས་ཀྱི་རིག་གནས་བསྒྱུར་ཡོང་བའི་གཞུང་ལུགས་ལ་འཁྱར་བོན་ཞེས་བཏགས་པ་ཨེ་ཡིན་སྙམ། རྒྱུ་མཚན་སྐབས་དེར་བོད་ཡུལ་དུ་བོན་ཞེས་པའི་ཐ་སྙད་ལས་ཆོས་ཞེས་པའི་ཐ་སྙད་དཀོན་འདུག་ས་རེད། ངས་གོང་བཤད་ལྟར་རྒྱལ་པོ་དང་སྐུ་གཤེན་བར་གྱི་ཕན་ཚུན་འཐབ་རྩོད་ཀྱི་སྐབས་དང་བསྟུན།ཕྱི་ནས་ནང་འདྲེན་བྱས་ཡོང་བའི་རིག་གནས་ལ་འཁྱར་བོན་ཞེས་མིང་བཏགས་ཡོད་པ་མ་ཟད། མིང་འདོགས་པ་པོ་སྐབས་དེའི་བོད་རང་སའི་སྤྱི་ཚོགས་ཐོག་གི་བོན་པོ་རྣམས་ཡི་མ་རང་པའི་གཏམ་ཡིན་ཤས་ཆེ་ཨང༌། དྲང་མོར་བཤད་ན་སྐབས་དེར་རང་སའི་བོན་པོ་རྣམས་ལ་ཆགས་འཇིག་ཤོར་བའི་རྐྱེན་གཙོ་བོ་བོན་གྱི་སྐུ་གཤེན་རྣམས་ས་མཐར་བསྐྲད་པའི་ལས་བྱེད་པ། རྒྱ་གར་བ་རཏྣ་སི་ཏི་དང༌། ཞང་ཞུང་པ་ཟིངས་པ་རཏྣ་སོགས་ཀྱིས་རྒྱལ་པོ་ལ་སྙན་ཕྲ་མང་པོ་གླེང་བ་ལས་ཀྱང་ལན་མོད། བོན་བསྣུབས་ཅེས་པའང༌། ཡར་ཀླུང་ཕུག་གི་བོན་བསྣུབས་པ་ཙམ་ལས། སྟོད་ཕྱོགས་ཀྱི་བོན་ཡོངས་རྫོགས་བསྣུབས་ཐུབ་མ་བྱུང་ངོ༌། །གང་ལྟར་གྲི་གུམ་བཙན་པོས་བོན་བསྣུབས་པའི་འགོ་རྩོམ་དུས་ཁོང་དགུང་ལོ་ཉེར་བརྒྱད་དེ་མེ་བྱ་ཡིན་པར་བཤད། དེ་ནས་ལོ་གསུམ་འདས་པའི་ལྕགས་བྱི་ལ་ལོ་ངམ་གྱིས་བཀྲོངས་པ་ཡིག་ཐོག་ཏུ་གསལ། ལོ་ངམ་ནི་ལོ་རྒྱུས་ཐོག་མི་སྣ་སྐད་གྲགས་ཅན་ཞིག་རེད། རྒྱུ་མཚན་ནི། དཔལ་འབྱོར་དང་སྟོབས་ཤུགས་ཆེ་བའི་བོད་བཙན་པོའི་རྒྱལ་རབས་བརྒྱད་པ་གྲི་གུམ་བཙན་པོའི་འཐབ་ཡ་བྱས་པར་མ་ཟད།བཙན་པོ་འདིར་ཁོས་གཡོ་ཐབས་སྣ་ཚོགས་ཀྱི་སྒོ་ནས་འཇིགས་སྣང་བསྐུལ་བ་དང༌། རྒྱལ་སྲིད་ལ་ཐེ་གཏོགས་བྱས་ཏེ་སྐུ་བཀྲོངས་པར་དཔྱད་ན། མངའ་ཁོངས་དང་སྟོབས་འབྱོར་ཤིན་ཏུ་ཆེ་བའི་མི་སྣ་ཞིག་ཡིན་པ་ཐག་གིས་ཆོད། འོན་ཀྱང་ལོ་ངམ་ཞེས་པའི་མི་སྣ་འདི་ལ་མཚན་ཐོབ་ཚུལ་དང༌། སྤྱི་ཚོགས་གོ་གནས་ཀྱི་ཕྱོགས་ལ་ལྟ་ཚུལ་མི་མཐུན་པར་ཅུང་ཡོད་པར་སྣང༌། ལོ་རྒྱུས་ལ་ལར་བློན་ལོ་ངམ་ཞེས་མིང་ཐོབ་ཅུང་མཐོན་པོར་སྨྲས་ཡོད། ལོ་རྒྱུས་ལ་ལར་འབངས་ལོ་ངམ་ཞེས་སྨྲས་པ་དང༌། ཡང་ལ་ལར་རྟ་རྫི་ལོ་ངམ་ཞེས་འབོད་པ་རེད། རྟ་རྫི་ལོ་ངམ་ཞེས་མིང་འཁོད་པའི་ལོ་རྒྱུས་མང་ཕྱོགས་སུ་ཁོ་རྒྱལ་པོའི་བྲན་གཡོག་གི་ཁྲོད་དུ་རྟ་རྫིའི་ལས་གཉེར་བ་ཞིག་ཏུ་མཐའ་གཅིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་མོད། ངོ་མ་བཤད་ན་ཁོས་རྒྱལ་སྲིད་ལ་ཐེ་གཏོགས་བྱེད་པའི་ནུས་པ་དང༌། མངའ་ཁོངས་དང་སྟོབས་འབྱོར་ཆེ་བའི་རྒྱུ་མཚན་ལ་གཞིགས་ན། རྒྱལ་པོའི་བྲན་གཡོག་རྟ་རྫི་ཞིག་མིན་པ་སུས་ཀྱང་ཤེས་པས་དཔྱད་རིན་མི་སྣང༌། ལོ་ངམ་ལ་འབངས་ཞེས་པའི་ཐ་སྙད་ལ་ཅུང་དཔྱད་ན།འབངས་ཞེས་པའི་ཐ་སྙད་ནི། རྒྱལ་པོའི་བྲན་གཡོག་ལ་གོ་དུས་དང༌། མངའ་འབངས་ལ་གོ་དུས། ཚོ་བའི་ཁོངས་མི་ལ་གོ་དུས་ཀྱི་རིགས་མང་མོད། དེང་སང་དམངས་ཁྲོད་དུའང་འབངས་འཁོར་གཡོག་དང་བཅས། ཡང་ན་རྒྱལ་འབངས་འཁོར་དང་བཅས་ཞེས་བརྗོད་ཚེ་འབངས་ཞེས་པ་རྒྱལ་པོའི་སྲིད་དོན་ལས་གཉེར་བ་མཐོ་གྲས་ཀྱི་བློན་ཆེན་ནས་དམའ་གྲས་བྲན་གཡོག་ཡན་ཆད་ལ་གོ་བར་རིགས། དཔེར་ན་བློན་པོ་མགར་གྱིས་མགུར་བླངས་པ་ནི། འབངས་ཀྱིས་ནི་རྗེ་མི་བཏང༌། འབངས་ཀྱིས་ནི་རྗེ་བཏང་ན། ཞེས་པ་ལས་རྗེ་ཞེས་རྒྱལ་པོ་སྲོང་བཙན་སྒམ་པོ་དང་འབངས་ཞེས་པ་བློན་ཆེན་མགར་སྟོང་བཙན་སོགས་ལ་གོ་བ་ལོ་རྒྱུས་དེབ་ཐེར་དུ་གསལ། འབངས་ཞེས་བརྗོད་ཚེ་ངེས་ཅན་དུ་མི་སེར་དཀྱུས་མ་དང༌། བྲན་གཡོག་ཞིག་ལ་ངོས་འཛིན་བྱེད་ཀི་ཡོད་ན་ཁྱབ་ཅུང་ཆུང་བར་སྣང༌།《དེབ་ཐེར་དམར་པོ》ལས་བློན་པོས་བཙན་པོ་བཀྲོངས་རྗེས་བུ་གསུམ་པོའི་མ་བྲན་དུ་བཀོལ་ཞེས་པས་ཀྱང་ལོ་ངམ་ནི་བྲན་གཡོག་དང་མི་སེར་ཞིག་མིན་པ་ཤེས་ཐུབ། གང་ལྟར་ལོ་ངམ་ནི་གཙང་མྱང་ཡུལ་ཕྱོགས་ལྷོ་བྲག་གི་རྒྱལ་ཕྲན་ཆུང་ཆུང་ཞིག་གི་འགོ་བ་ཡིན་པ་དེབ་ཐེར་ཕལ་ཆེར་ཞལ་ཕྱོགས་གཅིག་ཏུ་མཐུན། ཁོས་གཡོ་ཐབས་སྣ་ཚོགས་ཀྱི་སྒོ་ནས་སྤུ་རྒྱལ་གྲི་གུམ་བཙན་པོ་བཀྲོངས་ཡུལ་ཀྱང་མྱང་ཡུལ་ཡིན་པར་ངེས། སྤུ་རྒྱལ་གྲི་གུམ་བཙན་པོ་རྒྱལ་ཕྲན་ལོ་ངམ་གྱིས་བཀྲོངས་རྐྱེན་ལྷ་སྒྲུང་གི་རྣམ་པ་ཙམ་ལས་གསལ་པོ་ཞིག་མཐོང་དཀའ་ནའང༌། རྒྱལ་འབངས་འདི་གཉིས་ཕན་ཚུན་འཐབ་དུས་ནི། བོན་གཤེན་རྣམས་མཐར་སྤྱུགས་ཏེ། ཡར་ལུང་ཕུག་པར་བོན་བསྣུབས་པའི་དོན་ཆེན་བྱུང་བའི་རྗེས་སུ་ཡིན་མོད། རྒྱུ་མཚན་དེར་དཔྱད་ན། ལོ་ངམ་བོད་ས་གནས་ཀྱི་བོན་ལ་དད་པ་ཧ་ཅང་ཆེ་སྟབས་བཙན་པོའི་སྲིད་ཁྲིམས་དེར་མི་འདོད་པའི་རྣམ་པ་མངོན་ལྐོག་གཉིས་ཀྱི་ཐོག་བསྟན་པ་དང༌། བཙན་པོས་མཐར་བསྐྲད་པའི་བོན་གཤེན་རྣམས་ལོ་ངམ་དང་ཕན་ཚུན་འབྲེལ་བ་དམ་པོ་ཆགས་ཡོད་ས་རེད། དེ་ནས་བོན་གཤེན་རྣམས་ཀྱིས་ཀྱང་རིམ་པར་ལོ་ངམ་གྱི་རྣ་ལམ་དུ་ཕྲ་མ་སྣ་ཚོགས་འབུལ་བ་ལ། མེ་ཐོག་ཏུ་ཤིང་སྐམ་བསྣན་པ་བཞིན། ལོ་ངམ་གྱི་ཁོག་ལ་ཞེ་སྡང་གི་མེ་ཕུང་དྲག་ཏུ་འབར་བའི་རྐྱེན་བྱས་ཁར། བཙན་པོས་ཀྱང་ལོ་ངམ་ལ་འཐབ་འཁྲུགས་ཀྱི་དམག་བཀོད་ཅུང་སྣང་མེད་བཞག་པར།ཁོས་གཡོ་ཐབས་ཀྱི་སྒོ་ནས་བོད་སྤྱི་ལ་དབང་བའི་སྤུ་རྒྱལ་གྲི་གུམ་བཙན་པོ་གློ་བུར་དུ་བཀྲོངས་པར་སྣང༌།འདི་ནས་སྙིམ་པའི་མེ་ཏོག་སྙིང་ཁར་བཀོད་དེ་ཕངས་སེམས་དང་གདུང་སེམས་ཀྱིས་བཞེངས་པའི་སེམས་ནང་གི་མིག་ཆུ་དྭངས་མོ། བཙན་པོ་འདི་རྗེས་དྲན་གྱི་ཚུལ་དུ་ཐེངས་ཤིག་ཤོམ་དགོས་བྱུང༌། མདོར་ན་བློན་པོ་ལོ་ངམ་དང་མཁན་པོ་ལྷ་ལུང་དཔལ་རྡོར་གཉིས་ཀྱིས་ལོ་རྒྱུས་ཐོག་བཤད་མི་ཕོད་པའི་གྱོང་གུད་ཚབས་ཆེན་པོ་བཟོས་ཡོད་པ་སུས་ཀྱང་ཤེས་ནའང༌། ཆོས་ལུགས་པའི་ལྟ་སྟངས་དང་མཐུན་པའི་ལོ་རྒྱུས་རེ་བཙན་བཟོ་བྱེད་དགོས་ན། བདེན་དོན་དང་གནས་ལུགས་གང་མང་ཞིག་གསང་དགོས་བྱུང༌། དེ་བས་ན་རང་རེའི་ལོ་རྒྱུས་དང་རིག་གནས་ཞིབ་འཇུག་གི་བྱ་བཞག་རྒྱལ་ཕྱི་ནང་ཀུན་ལ་ས་ཁྱབ་རྡོ་ཁྱབ་ཏུ་འགྲོ་བཞིན་པའི་དུས་རབས་འདིར། ང་ཚོས་ད་དུང་ཕྱོགས་ལྷུང་དང་སྒེར་སེམས་ཀྱིས་བཅིངས་པའི་ལོ་རྒྱུས་དཔེ་རྙིང་མང་པོར་ཨ་ལོག་བརྒྱབ་ནས་ཨུ་ཚུགས་ཀྱིས་ཁོངས་སྒྲིག་ཅི་ཙམ་བྱེད་ཀྱི་ཡོད་མོད་ཀྱང༌། མི་རིགས་ཀྱི་རང་ཚུགས་དང༌། གསར་གཏོད་ཀྱི་སྙིང་སྟོབས་མཐོ་བའི་ཕྱི་རབས་གཞོན་སྐྱེས་རྣམ་པ་ལགས་ཀྱིས་ཕྱོགས་འཛིན་དང་སྒེར་སེམས་ཀྱི་ལྟ་སྟངས་མ་ཡིན་པའི་ལོ་རྒྱུས་གཙང་མ་རེ་སྨྲ་བ་སྙིང་ནས་ཐུགས་རྗེ་ཆེ་ཞུ།།
- ཟིན་ཐོ་གོང་མ།དཔེ་བརྗོད་ཅིག་གི་གསལ་བཤད།
- ཟིན་ཐོ་འོག་མ།བོད་སྲིད་བློན་ནང་འགལ་སོང་བ།