སྲོང་བཙན་སྒམ་པོའི་དམག་འཁྲུག་གི་བརྒྱུད་རིམ་རགས་ཙམ་གླེང་པ།
རྫ་ཚེ་དབང་བསྟན་འཛིན། སི་ཁྲོན།
སྤུ་རྒྱལ་སྲོང་བཙན་སྒམ་པོ་ནི་རབ་བྱུང་མ་ཚུགས་གོང་སྟེ་སྤྱི་ལོ་༦༡༧་ལོར་མལ་དྲོ་གུང་དཀར་རྫོང་རྒྱ་མ་ཁྲི་ཁང་གི་ཕོ་བྲང་དུ་སྐུ་འཁྲུངས་པ་ནི་ལོ་རྒྱུས་མང་ཆེ་ཕྱོགས་གཅིག་མཐུན་རེད། གཞན་ད་དུང་ཤོད་རྒྱུན་གཞན་དུ། ཁྲི་ཁང་གི་ནུབ་ངོས་རི་འདབས་སུ་སྔོན་ཆེད་ཆོས་ཁང་དམར་པོ་ཟེར་བ་ཞིག་ཡོད་པ་དེར་སྐུ་འཁྲུངས་པ་རེད་ཅེས་བཤད་སྲོལ་ཞིག་ཡོད་ཀྱང་། དོན་དུ་ཆོས་ཁང་དམར་པོ་ཟེར་བ་དེ་ནི་ཞང་བཟའ་ལི་ཐིག་སྨན་བཙུན་མོར་བསུས་ཏེ་རྒྱལ་པོ་ཡབ་ཡུམ་ཟུང་གིས་མཆོད་འབུལ་བྱེད་གནས་ཀྱི་བོན་གྱི་ལྷ་ཁང་རྟེན་དང་བཅས་པ་ཞིག་སྐབས་དེར་གསར་བསྐྲུན་བྱས་པའི་ལོ་རྒྱུས་གསལ་བས་དོན་དུ་ལྷ་ཁང་འདི་ཡིན་ནམ་དཔྱད། ཁོང་ནར་མ་སོན་པའི་སྐབས་དེར་ཁོའི་མིང་ལ་སློན་བཙན་ཟེར་འདུག དེ་ནས་དགུང་ལོ་བཅུ་གསུམ་ཐོག་མཁར་ཕྱི་དབང་སྟག་རྩེ་རུ་རྒྱལ་སྲིད་ལ་དབང་བསྐུལ་ཏེ་མཚན་ལ་ཡང་སྲོང་བཙན་སྒམ་པོ་གསོལ། ཁོང་ནར་མ་སོན་པའི་སྐབས་ཏེ་སྤྱི་ལོ་༦༢༩་སྟེ་དགུང་གྲངས་བཅུ་གསུམ་ཐོག་རྒྱལ་སྲིད་ལ་དབང་བསྐུལ་དོན་ཡང་། ཏུན་ཧོང་ནས་ཐོན་པའི་བོད་ཡིག་གི་ལོ་རྒྱུས་ཤོག་དྲིལ་དུ་འཁོད་དོན། ཡབ་འབངས་ཀྱིས་ནི་འཁུས། ཡུམ་འབངས་ཁྱིས་ནི་ངོ་ལོག་གཉེན་ཞང་ཞུང་། མཛོ་སུམ་པ། ཉ་གཉིས་དྭགས་པོ། པོང་པོ་ཉང་པོ་ཀུན་ངོ་ལོག་ཡབ་གནམ་རི་སྲོང་བཙན་ལ་དུག་བོར་ནས་བཀྲོངས་སོ་ཞེས་པ་ལྟར། སྤྱི་ལོ་༦༢༩་ལོར། ཡབ་གནམ་རི་སྲོང་བཙན་གི་བློན་འབངས་འགའ་ངོ་ལོག་སྟེ་ཁོང་ཚོས་ལྐོག་དུ་དུག་དྲངས་ནས་བཀྲོངས་རྗེས་བོད་ཀྱི་རྒྱལ་སྲིད་ཉམས་ལ་ཉེ་བས་རེད། གོང་གི་ཏུན་ཧོང་ཡིག་རྙིང་དུ་དཔྱད་ན་བཙན་པོ་སྲོང་བཙན་གྱི་བཙུན་མོ་ང་ཞུང་བཟའ་ལི་ཐིག་སྨན་དེར་ཁོང་གི་ཡབ་གནམ་རི་སྲོང་བཙན་སྐུ་ངོས་སུ་འཚོ་བཞུགས་ཀྱི་དུས་ནས་གཉེན་རྟགས་རྒྱབ་ཡོ་པ་ཐག་གིས་ཆོད་འདུག་པ་རེད། འདི་ཡང་སྲིད་དོན་གྱི་ཆེད་ཡིན་ཀྱང་དེར་དོན་འབྲས་ཆེར་མ་སོན་པར་མ་ཟད། ཞང་ཞུང་གིས་བོད་ལ་ངོ་ལོག་སྟེ་བོད་ཀྱི་བཙན་རྫོང་ལ་ཚུར་རྒོལ་བྱས། ད་དུང་སྲོང་བཙན་གྱིས་རྒྱལ་སྲིད་བཞེས་མ་ཐག་གི་སྐབས་ཐོག་ཏུ་བོད་རང་ས་ནས་རྒྱལ་བློན་བར་གྱི་འཐབ་རྩོད་དང་། རྒྱལ་པོ་དང་འབངས་ཀྱི་བར་ལ་འཐབ་རྩོད། བློན་དང་བློན་གྱི་བར་ལ་འཐབ་རྩོད་བཅས་འཐབ་རྩོད་ཀྱི་རྣོ་ངར་ཆེས་ཆེ་བའི་དུས་ཡིན་པས། སྐབས་དེར་བོད་བཙན་པོའི་སྲིད་དབང་ཐོར་ལ་ཉེ་བའི་ཉན་ཁའི་གནས་སུ་ལྷུང་ཡོད་ནའང་། ཤེས་རིག་དང་བློ་སྟོབས་ལྡན་པའི་བཙན་པོ་འདི་ཉིད་ཀྱི་ཐབས་བརྒྱ་སྣ་ཚོགས་ཀྱིས་ཡབ་གནམ་རི་སྲོང་བཙན་ལ་བློ་མ་ལོག་པའི་བློན་འགའ་དང་། ཞང་ཞུང་རུ་རིང་སོགས་ཞང་ཞུང་པ་གྲུབ་དབང་འགའ་དང་། ད་དུང་འབངས་ཀྱི་ནང་ནས་བཙན་པོ་ཁོང་ལ་བློ་དཀར་བའི་གཞོན་སྐྱེས་པ་འགའ་ལ་མནའ་འབྲེལ་བཙུག་ནས་ཡབ་ལ་དུག་བཏང་མཁན་གྱི་བློན་པོའི་ཚོགས་འབངས་འཁོར་དང་བཅས་ཚར་བཅད་དེ་རྩ་མེད་དུ་བཟོས། སྤྱི་ལོ་༦༣༠་ལོར་བལ་པོའི་རྒྱལ་པོ་གཡང་ཧྲུའུ་ཧྥ་རྨོས་ཀྱིས་བོད་ལ་ཕོ་ཉ་མངགས་ཏེ་མཛའ་མཐུན་གྱི་འབྲེལ་བ་བཙུགས། སྤྱི་ལོ་༦༣༥་ལོར་བོད་ཀྱིས་ཕོ་ཉ་རྟ་བ་བརྒྱ་ལྷག་ཙམ་མངགས་ཏེ་བལ་བཟའ་ཁྲི་བཙུན་བཙུན་མོར་སློང་དུ་སོང་། ཀྲེན་ཀོན་ཁྲི་ལོ་བརྒྱད་པའི་སྐབས་ཏེ་སྤྱི་ལོ་༦༣༤་ལོར་སྲོང་བཙན་གྱིས་ཐང་རྒྱལ་རབས་ལ་ཕོ་ཉ་མངགས་ཏེ་གཉེན་བསྡེབ་ཞུས། སྤྱི་ལོ་༦༣༦་ལོར་ཐང་བོད་གཉིས་ལ་གཉེན་སྒྲིག་ཐད་ནས་ཕན་ཚུན་མཐུན་པ་མ་བྱུང་བས་སྲོང་བཙན་སྒམ་པོ་སྐུ་དངོས་ཀྱིས་དམག་སྣ་དྲངས་ཏེ་ཐང་བོད་གཉིས་བར་དམག་འཁྲུག་ལངས་དགོས་བྱུང་། དེབ་སྔོན་ལྟར་ན་རྒྱ་ཟ་བོད་དུ་མ་བྱིན་པས་ལོ་ངོག་བརྒྱད་ཙམ་ལ་དམག་འཐབ་བྱེད་དགོས་བྱུང་ཞེས་ཀྱང་བཤད་ཡོད། སྐབས་དེར་ཐ་ལུ་ཧུན་གྱི་རྒྱལ་པོ་ཐོ་ཀི་ཀི་ནས་ཀྱང་ཐང་ཐའི་ཙོང་གི་སྲས་མོ་ཝིན་ཅང་ཀོང་ཅོ་སློང་བར་བཏང་བ་བོད་རྒྱལ་གྱིས་གསན་ཏེ་སེམས་འཁྲུགས་ནས་ཐུ་ལུ་ཧུན་ལ་ཡང་དམག་བཏང་སྟེ་ཡུལ་དེའི་རྒྱལ་པོ་མཐར་སྐྲོད་བྱས། བོད་ནི་ཐུ་ལུ་ཧུན་གྱི་ལྷོ་ནུབ་དུ་ས་འདྲེས་ཀྱི་ཚུལ་དུ་ཡོད། དེ་ནས་བོད་དམག་གིས་ཅང་དང་། སྦའི་ལང་། ཐང་ཤང་སོགས་རྒྱལ་ཕྲན་ཁག་ནས་དམག་བསྡུས་ཏེ་རྒྱའི་གྲོང་ཁྱེར་སུང་ཅུ་བླངས། སྤྱི་ལོ་༦༣༨་པའི་ཟླ་བདུན་པའི་ནང་དུ་སུང་ཀྲོའུ་སྟེ་ད་ལྟའི་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཟུང་ཆུ་རྫོང་ལ་དམག་དྲངས་ཏེ་བོད་ཀྱི་མངའ་འོག་ཏུ་བཅུག སྤྱི་ལོ་༦༣༩་ལོར་བལ་ཟ་འཁོར་དང་བཅས་ལྷ་སར་ཐོན། སྤྱི་ལོ་༦༤༠་ལོར་ཁོང་གི་གཅུང་གུང་སྲོང་གུང་བཙན་དང་སྲིད་དབང་ཐད་ལ་བློ་མ་འཆམ་པས་ལྷོ་ཁ་གཉལ་གྱི་རྩྭ་ཐང་དུ་གཅུང་གོང་སྲོང་གོང་བཙན་བཀྲོངས། བོད་ཀྱི་ལོ་རྒྱུས་ཕྱི་རབས་པ་མང་ཕྱོགས་ཤིག་གིས་གུང་སྲོང་གུང་བཙན་དེ་སྲོང་བཙན་སྒམ་པོ་དང་མོང་བཟའ་ཁྲི་ལྕམ་གྱི་སྲས་ཡིན་པ་བཤད་འདུག་མོད་ཀྱང་ལོ་རྒྱུས་དེ་དག་གི་རིགས་ནི་བདེན་པ་མ་མཐོང་ངོ་། ལོ་རྒྱུས་ཁུངས་ལྡན་དག་ཏུ་སྲོང་བཙན་ལ་སྐུ་སྲས་ཡོད་ཚུལ་བཤད་མེད་པ་འདྲ། སྤྱི་ལོ་༦༤༠་ལོར་བལ་བོའི་རྒྱལ་པོ་ན་རན་ངྷའི་ཚ་བོ་ལྷ་ན་རན་ངྷས་བོད་ལ་སྐྱབས་བཅོལ་ཞུས། དེ་ནས་བོད་ཀྱི་དམག་སྣ་བལ་ཡུལ་ལ་དྲངས་ཏེ་བལ་ཡུལ་གྱི་སྲིད་བློན་ཡུ་ན་ཀུག་ཏི་རྩ་བརླགས་བཏང་། དེ་ནས་བལ་བོའི་རྒྱལ་པོ་ན་རན་ངྷ་རའི་རྒྱལ་རྒྱུད་ལམ་སྲོལ་སླར་གསོ་བྱས། དེར་བརྟེན་ནས་བལ་ཡུལ་ནི་བོད་ཀྱི་ཁོངས་གཏོགས་རྒྱལ་ཕྲན་དུ་གྱུར་ཡོད་པ་བཤད་འདུག སྤྱི་ལོ་༦༤༡་ལོར་བློན་ཆེན་མགར་སྟོང་བཙན་སོགས་བོད་དམག་གིས་རྒྱ་ཟ་བོད་དུ་བསུས་ནས་ལྷ་སར་ཐོན། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ལགས་ལ་བཅར་འདྲི་ཞུས་པའི་ཟིན་ཐོ་ལྟར་ན། སྐབས་དེ་དུས་ཀྱི་ལོ་རྒྱུས་ཐོག་བཙན་པོ་སྲོང་བཙན་སྒམ་པོས་ཀྱང་ཉི་ཟླའི་འོག་གི་ཡུལ་ཚང་མ་ཐང་རྒྱལ་རབས་ཀྱི་མངའ་འོག་ཏུ་གཅིག་གྱུར་ཡིན་པ་ངོས་འཛིན་པས་ན་སྐབས་དེའི་རིང་གི་ཐུ་བོད་ཀྱང་ཉི་ཟླའི་འོག་གནས་པས་ཐང་རྒྱལ་རབས་ཀྱི་མངའ་འོག་ཏུ་འདུས་པ་ནི་ཐེ་ཚོམ་བྱེད་མི་དགོས་པ་ཞིག་ཡིན་པར་གོང་གསལ་ལོང་དོན་དེས་གསལ་བྱེད་བྱས་ཡོད་ལ། ཡིག་ཚང་དེ་ནི་སྲོང་བཙན་སྒམ་པོས་འབྲི་གནང་མཛད་པའི་འཕྲིན་ཡིག་གི་དོན་ཞིག་ཡིན་པས་དེ་བས་ཁུང་བཙན་པ་སྟེ། ལུང་དོན་འདིས་མཚོན་ཞིང་གསལ་བཤད་བྱེད་ཐུབ་པ་ནི་སྲོང་བཙན་སྒམ་པོའི་དུས་བོད་ཀྱི་ཆབ་དཔལ་རིག་གསུམ་དར་རྒྱས་ཆེ་ནའང་རང་བཙན་གྱི་རྒྱལ་ཁབ་ཅིག་མིན་པར་ཐང་གོང་མའི་མངའ་འོག་ཏུ་འདུས་པའི་རྒྱལ་ཕྲན་ཞིག་ཡིན་ཚུལ་དེ་རེད་ཅེས་བཤད་ཡོད་། འདི་ནི་ངོ་མས་ཐལ་ཆེ་ཞིང་དགོད་བྲོ་བ་ཞིག་གི་གཏམ་དུ་སྣང་མོད་ཀྱང་ཕྱི་རབས་ལོ་རྒྱུས་པ་དག་གིས་དཔྱད་དགོས་ས་ཞིག་ཀྱང་རེད། ད་དུང་བཤད་ཕྱོགས་གཞན་ཞིག་ལ་བློན་པོ་མགར་སྟོང་བཙན་ནི་རྒྱ་ནག་རྒྱལ་པོས་གོང་ཅོའི་སྐྱིན་ཚབ་དུ་བཟུང་ནས་བོད་ལ་མ་བཏང་ཟེར་སྲོལ་ཡང་ཡོད་དོ།། རྒྱ་བཟའ་བོད་དུ་ཐོན་སྐབས་དེར་བར་བཟའ་ཁྲི་ལྕམ་དབང་ཆེ་བས། རྒྱ་བཟའ་སྐུ་འཁོར་དང་བཅས་ཕོ་བྲང་ཕྱི་སྒོ་ལ་ཟླ་གཅིག་ཙམ་དུ་མགོན་མེད་སྐྱབས་མེད་དུ་འདུག་དགོས་བྱུང་། སྤྱི་ལོ་༦༤༤་ལོར་ཞང་ཞུང་ལ་སླར་ཡང་དམག་རྒྱག་དགོས་བྱུང་སྟེ་ཁྱུང་པོ་སྐུང་སད་ཤུ་ཙེས་མཐུན་འགྱུར་འོག་སྲོང་བཙན་ཁོང་གིས་དངོས་སུ་དམག་སྣ་ཁྲིད་ནས་ཞུང་ཞུང་མངའ་འོག་ཏུ་བཅུག་པ་རེད། སྤྱིར་ན་ཞང་ཞུང་དེ་སྔར་དམག་འབུམ་སྡེ་ཡོད་པ་སྟོབས་འབྱོར་ཆེ་ཞིང་ཤེས་རིག་དར་བའི་རང་བཙན་གྱི་རྒྱལ་ཁབ་ཞིག་ཡིན་པ་ནི་བདེན་པ་ར་སྤྲོད་མི་དགོས་མི་དགོས་པ་ཞིག་རེད། ལྷག་པར་ཞང་ཞུང་རྒྱལ་རབས་བྱ་རུ་ཅན་བཅོ་བརྒྱད་ཀྱི་སྐབས་སུ་སྟོབས་ཤུགས་ཆས་ཆེ་དུས་ཡིན་མོད། དེ་རྗེས་དེའི་སྟོབས་ཤུགས་རིམ་པས་ཉམས་ནས་དམུ་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོའི་དུས་སྐབས་ནས་ཞང་ཞུང་དེ་ཐོག་མར་བོད་ཀྱི་མངའ་འོག་ཏུ་བསྡུས་ནས་གནམ་རི་སྲོང་བཙན་བར་དུ་སྤུ་རྒྱལ་རིམ་བྱོན་གྱི་འཀའ་འོག་ཏུ་ལྷོད་པོར་གནས་ནའང་ཡབ་གནམ་རི་སྲོང་བཙན་གྱི་སྐུ་ཚེའི་སྨད་ཙམ་ནས་ངོ་ལོག་ཚུལ་སོགས་ཏུན་ཧོང་ཡིག་རྙིངལ་གསལ། གང་ལྟར་ཕྱོགས་སོ་སོའི་ངོ་ལོག་གི་རྒྱལ་བློན་འབངས་དང་བཅས་སླར་མངའ་འོག་ཏུ་བཅུག་རྗེས་བོད་ནང་ཁུལ་གྱི་རྒྱལ་ཕྲན་ཁག་དང་། རུས་རྒྱུད་ཚོ་བ། རྒྱལ་བློན་བཅས་ཀྱི་བདག་དབང་ཇེ་ཆུང་དང་། སྒེར་བཙན་དབང་བསྒྱུར་སྟོབས་ཤུགས་མེད་པར་བཏང་བས། འབངས་མི་སེར་གྱིས་དགའ་བསུ་དང་རྒྱབ་སྐྱོར་ཆེན་པོ་ཐོབ་པར་མ་ཟད། ཡབ་གནམ་རི་སྲོང་བཙན་ལ་ངོ་ལོག་གི་རྒྱལ་ཕྲན་འགའ་ཡང་རང་ཤུགས་ཀྱིས་མངའ་འོག་ཏུ་བསྡུས་ནས་ཕྱི་ནང་ཀུན་ལྷིང་འཇགས་སུ་གྱུར། དེ་ནས་སྤྱི་ལོ་༦༤༧་རྒྱའི་གསེར་ཡིག་པ་ཝང་ཞོན་ཚ་ཟེར་བ་དེ་ནུབ་ཕྱོགས་ཁུལ་དུ་བསྐྱོད་པར་རྒྱ་གར་བས་བཅོམ། དེར་བོད་ཀྱི་དམག་དྲངས་ཏེ་རྒྱ་གར་བ་ཕམ་པར་བྱས་ཡོད་པ་མ་ཟད་རྒྱལ་པོ་ཧར་ཥ་བསད་ཅེས་བཤད་ཡོད། དེ་ནས་རྒྱ་གར་རྒྱལ་པོའི་བློན་པོ་ཨརྫུ་ཟེར་བ་དེས་རྒྱ་གར་གྱི་སྲིད་སྐྱོང་བའི་སྐབས་དེར་རྒྱ་ནག་གིས་རྒྱ་གར་ལ་མཐུན་ལམ་བཟོ་ཕྱིར་དུ་རྒྱ་ནག་གི་ཕོ་ཉ་མངག་པར་དམར་གསོད་བྱས་སོ། དེ་ནས་སྲོང་བཙན་གྱིས་ཁོའི་བཙུན་མོ་རྒྱ་བཟའི་བཀོད་པ་ལྟར་བལ་བོད་གཉིས་ནས་དམག་དཔུང་བསྡུས་ཏེ་རྒྱ་ནག་གི་དམག་དཔུང་དང་ལྷན་དུ་བསྡེབས་ནས་རྒྱ་གར་གྱི་མངའ་སྡེ་ཨ་སམ་དང་། བང་ག་ལའི་མཁར་དང་གྲོང་ཚོ་མང་པོ་བོད་དམག་གིས་དབང་དུ་བསྡུས། ད་དུང་རྒྱ་གར་བ་སུམ་སྟོང་ཙམ་འཛིན་བཟུང་བྱས་ཏེ་སྐེ་བྲེགས་པ་དང་དམར་གསོད་བྱས་པ་སོགས་ཚུལ་མིན་གྱི་ལས་འདྲ་མིན་བསགས་པ་དང་། རྒྱ་གར་རྒྱལ་པོ་ཨརྫུ་ན་གསོན་བཟུང་བྱས་ནས་རྒྱ་གོང་མའི་གྲོང་དུ་བརྫངས་པས་རྒྱ་གོང་མས་བོད་དམག་ལ་བྱ་དགའ་མང་པོ་སྤྲད་པའི་ལོ་རྒྱུས་གསལ་ལོ། མདོར་ན་བོད་རྒྱལ་སྲོང་བཙན་གྱི་མི་ཚེར་དམག་འཁྲུག་གི་བརྒྱུད་རིམ་མང་པོ་ཞིག་རྒྱུད་མྱོངས་མོད། འོན་ཀྱང་ཁོང་གི་དམག་འཁྲུག་གི་བརྒྱུད་རིམ་ལས་ཆེས་དཀའ་ཁག་ཆེ་ཤོས་དེ་ཞང་ཞུང་ལ་དམག་རྒྱག་པའི་སྐབས་ཡིན་པར་སྣང་། རྒྱུ་མཚན་ནི་ཁོང་གིས་རྒྱལ་ཁག་ཆེ་ཆུང་མང་པོ་ཞིག་ལ་ཕན་ཚུན་དམག་རྒྱག་རེས་བྱས་མཐར་བོད་དམག་གིས་རྒྱལ་ཁ་ཐོབ་པ་མང་ན་ཡང་དམག་གིས་སྟོན་མོ་བྱས་པའི་ལོ་རྒྱུས་མི་གསལ། དམིགས་བསལ་དུ་ཞང་ཞུང་ལ་དམག་འཁྲུག་བྱས་ནས་ཞང་ཞུང་དམག་ལས་རྒྱལ་རྗེས་རྒྱལ་བློན་དམག་དཔུང་དང་བཅས་སྟོན་མོའི་མཛད་སྒོ་རྒྱ་ཆེར་འཚོགས་པའི་ལོ་རྒྱུས་གསལ་བ་སོགས་ལ་བསམ་ན་ཞང་ཞུང་ལ་དམག་རྒྱག་སྐབས་དམག་འཁྲུག་གཞན་ལ་བལྟས་ན་དཀའ་ལས་ཆེ་ཡོད་པ་མཚོན་ཐུབ་བོ།།
- ཟིན་ཐོ་འོག་མ།ཕྱྭ་དམུ་གཙུག་གསུམ་ལས་ཕྱྭ་ཞེས་པའི་སྐོར་ཅུང་གླེང་བ།