གཡུང་དྲུང་ལྷུན་འགྲུབ་ཀྱི་ཟིན་བྲིས།
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
བླ་མ་གུང་ཐང་འཇིགས་མེད་བསྟན་པའི་དབང་ཕྱུག་མཆོག་རྒན་གྱའི་རྩེ་དབུས་ལ་ཆིབས་ཁ་བསྒྱུར་བ
[ 2014/6/2 15:27:00 | By: yongzhong ]
 

འཇམ་མགོན་བླ་མ་གུང་ཐང་འཇིགས་མེད་བསྟན་པའི་དབང་ཕྱུག་མཆོག་རྒན་གྱའི་རྩེ་དབུས་ལ་ཆིབས་ཁ་བསྒྱུར་བའི་ཟིན་ཐོ།

                                                               བཤད་མཁན།སྟོང་དཔོན་ཚེ་རིང་སྐྱབས།

                                                                ཡིག་ཕབས་པ།གཡུང་དྲུང་ལྷུན་འགྲུབ།

གཅིག

1983ལོའི་དབྱར་ཁ་ཞིག་ལ་ཁོ་བོ་རྒན་གྱའི་རྒན་པོ་སྐོར་ཞིག་དང་མཉམ་དུ་བསང་ཆུ་རྫོང་ལ་རྒན་གྱ་སྤྱིའི་ས་དོན་ག་གེ་མོ་ཞིག་བཤད་དུ་སོང་བ་ཡིན་ལ།སྐབས་དེར་གློ་བུར་དུ་རྒན་གྱའི་རྒན་པོ་ཚོ་ལ་སྐད་ཞིག་ཐོན་ནས་བླ་མ་འཇམ་དབྱངས་བཞད་པ་དང་སྐུ་གུང་ཐང་རིན་པོ་ཆེ་གཉིས་བྲག་དཀར་གནས་རིའི་འདབས་རོལ་དུ་ཤིང་སློང་ལ་ཡོང་རྒྱུའི་གནས་ཚུལ་གློ་བུར་མ་ཞིག་འབྱོར་བྱུང་།དེ་དུས་རྒན་མོ་རྣམས་ཀྱིས་ཁོ་བོར་བཤད་རྒྱུར་ད་ཐེངས་གི་དོན་འདི་ཧ་ཅང་གལ་ཆེན་ཞིག་ཡིན་པས་ང་ཚོ་ཕྱིར་ལ་མི་འགྲོ་ལས་ཀྱི་རང་འགྲོ་རེད།ང་ཚོ་སོང་ཤུལ་ནས་ས་དོན་སྐོར་གྱི་བྱ་བ་ཅི་ཞིག་ཡོད་ན་འགན་ལེན་བྱེད་རྒྱུ་ཁྱོད་ཐུག་ཅེས་བཤད།སྐབས་དེར་རྒན་པོ་གཞན་ཞིག་གིས་བཤད་རྒྱུར་ང་ཚོ་འདི་ལྟར་ཕྱིར་ཕ་ཡུལ་ལ་སོང་ནས་བླ་མ་རྣམ་གཉིས་ཀྱི་ཆིབས་བསུ་སོགས་བཀོད་སྒྲིག་བྱས་ན་ཁྱོད་ལ་ཡང་བསམ་ཚུལ་ཞིག་ཡོད་རྒྱུ་རེད་ལ་ཞེས་དྲིས་བྱུང་།དེ་དུས་ཁོ་བོས་ལོས་ཡོད་ད་ཐེངས་ཁོང་རྣམ་གཉིས་འདི་ལྟར་རང་རེའི་ཕ་ཡུལ་རྒན་གྱ་ལ་ཆིབས་ཁ་བསྒྱུར་ན་རང་རེའི་རྒན་གྱའི་གཞུང་ལ་ཁྲལ་རུས་མཐའ་བྱས་ནས་འབུལ་བ་འབུལ་རྒྱུ་དང་སྤྲོ་སེམས་འཁོལ་བའི་ངང་ནས་ཆིབས་བསུ་གྱ་ནོམ་པ་ཞིག་བྱེད་དགོས་རྒྱུ་རེད།དེ་ལྟར་བྱས་ན་ང་ནི་རྩེ་དབུས་རུ་སྡེའི་ཚབ་བྱེད་པ་ཞིག་ཡིན་པའི་ཆ་ནས་ངས་ཁྱོད་ཚོར་སྔོན་ཆད་ཡང་བཤད་མྱོང་།ང་ཚོའི་རྩེ་དབུས་རུ་སྡེ་འདིར་གནའ་ནས་བཟུང་དེ་རང་ཉིད་ལ་རང་ཉིད་ཀྱི་དགོན་སྡེ་དང་བླ་བྲང་སོགས་ཡོད་སྟབས།ཁྲལ་རུས་མཐའ་འཇལ་རྒྱུ་དེ་འདྲའི་ལས་སླ་མོ་ཞིག་མ་རེད། རྒྱུ་མཚན་ནི་ང་རང་ཚོའི་སྡེ་བར་མཚོན་ན་ནང་ཆེན་གསུམ་དང་གྲྭ་བ་ལྔ་བཅུ་རྩ་གྲངས་ལྷག་སྐྱོང་དགོས་སྟབས་ལོགས་སུ་འདི་ལྟར་ཁྲལ་དང་རུས་མཐའ་འཇལ་རྒྱུ་ལས་སླ་མོ་ཞིག་མ་རེད།དེ་མིན་གཞན་མི་ཚེགས་དང་རྟ་ཚེགས་ཅི་ཞིག་ཡོད་ན་ང་ཚོ་ནམ་ཡིན་ཡང་གྲལ་ནས་འདུག་ཁོ་ཐག་ཡིན་ཞེས་བཤད།དེ་ལས་ཀྱང་ནན་བཤད་བཤད་དགོས་བ་ཞིག་ལ་གལ་ཏེ་ཆིབས་བསུ་སོགས་ལ་རྒྱན་ཤོག་འཕང་བའི་དབང་དུ་བཏང་ན་རྒན་གྱའི་དབལ་སྡེ་དང་ངེད་ཚང་གཉིས་མཉམ་གཅིག་ལ་མི་འཇོག་རོགས།ངེད་གཉིས་ནི་ས་རྩོད་ལས་དོན་དག་འགྲིག་རིམ་ཡིན་པས་དོན་དག་འདྲ་བྱུང་ན་ཁྱེད་ཚོའི་རྟེན་འབྲེལ་གྱིས་མགོ་སྒྲིག་བཞིན་པའི་སྐབས་ང་ཚོས་ལྟས་ངན་གྱི་སྣ་བརྫད་ན་མི་འགྲིག་པས་འདི་ལ་ཉམས་འཇོག་རེ་བྱེད་རྒྱུ་གལ་ཞེས་བཤད།དེ་ནས་རྒན་པོ་རྣམས་རང་ཡུལ་ལ་བླ་མ་རྣམ་གཉིས་ཀྱི་ཆིབས་བསུ་སོགས་བྱེད་རྒྱུའི་བྱ་བ་བཀོད་སྒྲིག་བྱེད་དུ་བུད་སོང་།

གཉིས་པ།

ཉིན་འགའི་རྗེས་སུ་ཕ་ཡུལ་ནས་ཧྲོའུ་ཅི་ཨ་སྒང་གིས་སྐད་ཞིག་ཐོན་ཏེ་ཆིབས་བསུ་ལ་རྒྱན་འཕངས་ནས་ང་ཚོའི་སྡེ་བ་དང་བོར་འཁེལ་སོང་ཡིན་ན་ཡང་།རྒན་གྱའི་རྒན་པོ་འགའ་ཡིས་དེ་ལྟར་བྱས་ན་མི་འཐད་པའི་ཚུལ་གྱིས་ཁོ་ཚོའི་རྟ་གྱོ་གྱོ་ཚང་མ་རྩེ་དབུས་སྡེ་བའི་གོང་ནས་འདུག་རྒྱུ་དང་དེའི་འཕྲོ་ནས་རྒྱན་ལྟར་རྟ་མགོ་སྒྲིག་རྒྱུའི་བསམ་ཚུལ་བཏོན་བྱུང་།མཇུག་མཐར་ཞང་མི་དམངས་སྲིད་གཞུང་ནས་ཀྱང་དེ་ལྟར་བྱེད་རྒྱུའི་ཐག་གིས་བཅད་སོང་ཟེར།སྐབས་དེར་ཁོ་བོ་ཡང་གློ་བུར་དུ་འཚབ་འཚུབ་ཀྱི་ངང་ནས་ཕ་ཡུལ་ལ་ལོགས་ཏེ་ཞང་མི་དམངས་སྲིད་གཞུང་ལ་འདི་ལྟར་བྱས་ན་རྒྱུ་འབྲས་དང་མི་མཐུན་ཚུལ་སོགས་གནས་ལུགས་མང་པོ་བཤད་ཀྱང་ཁོ་ཚོ་་དང་ལེན་ནས་བྱས་མ་སོང་།རྗེས་སུ་ཁོ་བོས་གལ་ཏེ་ཁྱོད་ཚོ་རྒྱན་ཤོག་ལྟར་མི་འགྲོ་ན་ང་ཚོས་ཆིབས་བསུ་རང་ས་ནས་བྱེད་རྒྱུ་ཡིན་ཚུལ་སོགས་ཀྱི་བསམ་ཚུལ་བཏོན་པ་དང་།འདི་ལྟར་བྱས་ན་རྒན་གྱའི་ཆིབས་བསུ་བ་རྣམས་ཞང་སྲིད་གཞུང་གི་མན་ལ་ཡོང་མི་ཆོག་པ་སོགས་ཀྱི་གྲོས་གཞི་བཏོན་པ་དང་དེ་ལྟར་བྱེད་རྒྱུའི་ཐག་གི་བཅད་དེ།ཁོ་བོ་ཕྱིར་རང་ཡུལ་ལ་ཡོང་ནས་སྡེ་མི་འགོ་གཙོ་རྣམས་ལ་ཆིབས་བསུའི་ལས་གཞི་དེ་ལྟར་ཐག་གིས་བཅད་སོང་ཚུལ་ཞིབ་རྒྱས་སུ་བཤད་བླ་མ་གུང་ཐང་རིན་པོ་ཆེ་མཆོག་རང་རེའི་དགོན་པར་གདན་འདྲེན་ཞུ་རྒྱུ་བཅས་གྲོས་ཐག་བཅད་ནས་རྩེ་དབུས་རི་སྡེ་ཡོངས་ཀྱིས་བླ་མ་རྣམ་གཉིས་ལ་ཆིབས་བསུ་གང་ལེགས་བྱེད་པར་གྲ་སྒྲིག་བྱས།

 

གསུམ་པ།

ཆིབས་བསུའི་ཉིན་མོ་དངོས་སུ་ཐོན་པ་དང་བསྟུན་རྩེ་དབུས་རི་སྡེ་ནས་མི་རྟ་བརྒྱ་དང་ལྔ་བཅུ་ལྷག་འདུས་ནས་སྐུ་རྣམ་པ་གཉིས་ལ་ཆིབས་བསུ་བྱས་ཤིང་།དེ་དུས་ཁོ་བོས་བླ་མ་གུང་ཐང་རིན་པོ་ཆེའི་རླངས་འཁོར་བཀག་ནས་ཆིབས་བསུ་སྐོར་གྱི་གནས་ཚུལ་དང་།སྐུ་ཉིད་རྩེ་དབུས་ལ་ཐེངས་གཅིག་ཕེབས་དགོས་ཚུལ།རྩེ་དབུས་རི་སྡེ་ཡོངས་ནས་ཀྱང་མཆོག་ཉིད་ལ་མཇལ་འདོད་ཀྱི་འདུན་པ་དྲག་པོ་ཡོད་པ་མ་ཟད་མཆོག་ཉིད་རྩེ་དབུས་དགོན་ལ་ཡང་གཟིགས་ཞིབ་དུ་ཕེབས་བར་རེ་བ་ཆེ་ཚུལ་སོགས་ཞུས་མཐར།ཁོང་ཉིད་དགོད་ཞོར་དུ་ཆིབས་བསུའི་གནས་ཚུལ་སོགས་ངས་སྔ་མོ་ནས་གོ་སོང་།ཁྱེད་ཚོ་དང་པོར་འཁེལ་བ་ཡང་ཁག་མི་འདུག་སྟེ་རྒྱུ་མཚན་ནི་ངའི་སྐུ་ཕྲེང་དང་པོ་ཁྲི་ཆེན་དགེ་འདུན་ཕུན་ཚོགས་དང་སྐུ་ཕྲེང་ལྔ་བསྟན་པའི་ཉི་མ་སོགས་ནི་རྩེ་དབུས་ཚང་ལ་འཁྲུངས་སྟབས་དེ་ལ་རྟེན་འབྲེལ་འགྲིག་པ་རེད་ཞེས་བཤད་པ་དང་།གལ་ཏེ་རྩེ་དབུས་ལ་ཅིག་འགྲོ་དགོས་ན་ད་སོང་ཡང་ཆོག་ཞེས་བཤད་།དེ་དུས་ཁོ་བོ་འཚབ་འཚུབ་ཀྱི་ངང་ནས་ད་ཕེབས་དགོས་ནི་མིན་ལ་ཁྱེད་ཉིད་ཀྱི་ཁོམ་སྐབས་ཞིག་དང་བསྟུན་ནས་ཕེབས་དང་ཆོག་ཞེས་ཞུས།

བཞི་པ།

དེ་ནས་ཉིན་འགའི་རྗེས་སུ་ཁོ་བོ་དང་རང་རེའི་སྡེ་བའི་རྒན་པོ་འགའ་བྲག་དཀར་ངོས་ལ་ཁོང་ཉིད་བསུ་རུ་སོང་བ་དང་།དེ་མིན་རང་རེའི་སྡེ་བའི་ཆིབས་བསུ་བ་ཡོངས་ཀྱིས་སེང་གེ་སྡེར་ཐོག་ཞེས་བའི་ས་ནས་གྲ་སྒྲིག་གང་ལེགས་སྒོའི་སྐུ་བླ་མ་གུང་ཐང་མཆོག་གཟི་བརྗིད་ལྡན་དང་དུང་སེམས་ཀྱི་ངང་ནས་རང་རེའི་ཕ་ཡུལ་རྩེ་དབུས་ལ་ཕེབས་རྒྱུར་སྒུག་ནས་བསྡད།དེ་ནས་ཐུན་གཉིས་གསུམ་ཙམ་གྱི་རྗེས་སུ་བླ་མ་གུང་ཐང་མཆོག་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་ནས་ཕེབས་བྱུང་བ་དང་།རྩེ་དབུས་རི་བའི་ཆིབས་བསུ་བ་དང་རྒན་དར་གཞོན་སེམས་རྣམས་ཀྱི་དད་པའི་ཁ་བཏགས་དཀར་བོ་དགུང་ལ་བཏེགས་ནས།བླ་མ་མཆོག་ལ་མཇལ་ཁ་ཞུ་བ་དང་།གཞན་པའི་རྩེ་དབུས་དགོན་པའི་ལས་སྣ་རྣམས་ཀྱིས་མཆོག་ཉིད་རྩེ་དབུས་དགོན་པའི་ཚོགས་ཆེན་འདུ་ཁང་ལ་བསུས།དེ་ནས་མཆོག་ཉིད་རྩེ་དབུས་དགོན་པའི་ཁྲི་སྟེང་ལ་བཞུགས་ཏེ་གསོལ་ཇ་བཞེས་ཞོར།རྩེ་དབུས་རི་སྡེ་ཡོངས་ཀྱི་སྐྱ་སེར་ཕོ་མོ་རྣམས་ལ་བཤད་རྒྱུར་ཏང་གི་སྲིད་ཇུས་ཇེ་བཟང་ལ་སོང་ཡོད་ཚུལ་དང་།ངོས་རྩེ་དབུས་དགོན་པ་ལ་མཚོན་ན་མདོ་སྨད་ཕྱོགས་ཀྱི་བོན་དགོན་གལ་ཆེན་ཞིག་ཡིན་ཚུལ་དང་།གྲྭ་བ་རྣམས་ཀྱི་བོན་ཆོས་ཀྱི་གཞུང་ལུགས་ལ་ཐོས་བསམ་ཡག་པོ་བྱེད་དགོས་ཚུལ།དེ་མིན་གྲོང་བ་རྣམས་ལ་མཚོན་ན་ཡང་རང་རང་ས་ནས་རྒྱལ་ཁབ་ཀྱི་སྒྲིག་ལམ་ཡག་པོ་བརྩི་ནས་རང་ས་ནས་བདེ་སྐྱིད་ཀྱི་བསྐལ་བར་ལོངས་སྤྱོད་དགོས་ཚུལ་སོགས་བཀའ་སློབ་མང་པོ་བསྩལ།

ལྔ་བ།

མཇུག་མཐར་གསུང་རྒྱུར་ང་རང་རྩེ་དབུས་ཚང་གི་བླ་མ་ཡིན་སྟབས་ད་ཐེངས་བླ་མ་རྩེ་ཞིག་ཚང་གི་ཁྲི་སྟེང་ནས་བསྡད་དེ་ཁྱོད་ཚོ་ལ་འདི་འདྲའི་གཏམ་མང་པོ་ཞིག་བཤད་སོང་བ་དང་།གཞན་རྨ་ཆུའི་རྩེ་དབུས་དང་ཁོ་ཚེ་རྩེ་དབུས་སོགས་གང་ལ་མཚོན་ན་ཡང་མཐར་གཏུག་ན་རྒན་གྱའི་རྩེ་དབུས་ནས་ཕར་མཆེད་བ་ཡིན་པས།ང་ད་ཐེངས་རྩེ་དབུས་ལ་ཡོང་དོན་ཡང་རང་ཉིད་ཀྱི་སྐུ་གོང་མ་རྣམས་པའི་ཕ་ཁྱིམ་ལ་ལན་གཅིག་མཇལ་འདོད་པས་ཡིན་ལ།རང་སྒེར་ངོས་ནས་རྗེས་ཕྱོགས་ཡང་ཡང་བསྐྱར་ཐེངས་གཅིག་ཡོང་འདོད་ཀྱི་འདུན་པ་དྲག་པོ་ཡོད་ལ།གལ་ཏེ་ང་ཚོ་ལ་ལས་དབང་ཡོད་ཟིན་ན་ང་རང་སླར་ཡང་ཐེངས་གཅིག་ཡོང་ཁོ་ཐག་ཡིན་ཞེས་གསུངས་སོ།

དྲུག་པ།

དེ་ནས་གསོལ་ཇ་བཞེས་ཚར་བ་དང་བཀའ་སློབ་གནང་ཚར་རྗེས་ཁོང་གིས་དགོན་པའི་ལས་སྣ་ཞིག་ལ་ཁ་བཏགས་ཞིག་བྱིན་ནས་ང་ལ་འཕྲིན་བཅོལ་ཞིག་ཞུ་རོགས་ཞེས་གསུང་བ་དང་།དགོན་པའི་ལས་སྣ་ནས་ཀྱང་དེ་བཞིན་དུ་གཡུང་དྲུང་བོན་གྱི་བསྐལ་བརྒྱར་བསྟན་པའི་སྲུང་མ་དམུ་བདུན་བཙན་གསུམ་ལ་བསྐངས་གསོལ་རྒྱ་ཆེན་པོ་བཏང་བ་དང་ཁོང་ཉིད་ཀྱི་སྐུ་ལ་ན་ཚ་དང་གསུང་ལ་བར་ཆད་ཐུགས་ལ་ཉམས་པ་མེད་པའི་སྐྱབས་འཇུག་དྲག་ཏུ་ཞུས་བ་དང་།ཁོང་ཉིད་ཕྱིར་ཕེབས་རྒྱུའི་སྟ་གོན་མཛད།དེ་དུས་ཁོང་གི་ཞབས་འབྲང་བ་ཞིག་གི་ཁོ་བོར་བཤད་རྒྱུར་མཆོག་ནས་གསུང་དོན་ཆིབས་སྐྱེལ་སྐབས་སུ་ཐག་རིང་སར་མི་སྐྱེལ་བར་ཞུ།གལ་ཏེ་ཐག་རིང་སར་བསྐྱེལ་བའི་དབང་དུ་བཏང་ན་རྗེས་སུ་སླར་མི་ཕེབས་པའི་རྟགས་སུ་མངོན་པས།རྟེན་འབྲེལ་ནི་ཤིན་ཏུ་གལ་ཆེན་ཡིན།ཁྱོད་ཀྱི་ལྷ་སྡེ་མི་སྡེ་ཡོངས་ལ་བརྡ་གསལ་བོ་ཞིག་རྒྱག་རོགས་ཞེས་བཤད།དེ་ནས་སྐད་དེ་བཤད་ཁོམ་མ་བྱུང་བར་ཆིབས་སྐྱེལ་བ་རྣམས་ཕྱོགས་གྲབས་བྱས་ན་ཡང་མཐར་གོ་བརྡ་གསལ་བོ་ཞིག་ཕྲོད་ནས།དགེ་ལྡན་བསྟན་པའི་མཛེས་རྒྱན་འཇམ་མགོན་བླ་མ་མཆོག་སྐུ་བདེ་ལེགས་ངང་བསྐྱལ་སོང་།

གསལ་བཤད༼ཟིན་ཐུང་འདི་ནི་སྤྱི་ལོ་གཉིས་སྟོང་བཅུ་བཞི་ལོའི་ཟླ་ལྔ་བའི་ནང་མདོ་སྨད་རྩེ་དབུས་ཚོ་གསུམ་གྱི་ལོ་རྒྱུས་རྩད་ཞིབ་སྐབས་སུ་མདོ་སྨད་རྩེ་དབུས་ཚོ་གསུམ་གྱི་ཡ་གྱལ་རྒན་གྱའི་རྩེ་དབུས་ནས་སྐབས་དེའི་བླ་མ་སྐུ་གུང་ཐང་རིན་པོ་ཆེ་མཆོག་རྩེ་དབུས་ལ་གདན་འདྲེན་ཞུ་སྐབས་ཀྱི་གནས་ཚུལ་སྟོང་དཔོན་ཚེ་རིང་སྐྱབས་ལ་བཅར་འདྲི་དང་སྒྲ་ལེན་བྱས་པ་ཇི་མ་ཇི་བཞིན་ཡི་གེར་ཕབ་པ་ཡིན་པས་དགེ་སྐྱོན་ཅི་མཆིས་བ་རྣམ་པ་ཚོས་གསུངས་རོགས་ཞུ།༽

མཇུག་མཐའི་ལྷན་ཐབས་ཉུང་ངུ།

གོང་ནས་ཁྲི་བླ་མ་གུང་ཐང་རིན་པོ་ཆེ་མཆོག་ནས་རྨ་ཆུའི་རྩེ་དབུས་དང་ཁོ་ཚེ་རྩེ་དབུས་ལ་སོགས་པའི་རྩེ་དབུས་བ་རྣམས་ནི་རྒན་གྱའི་རྩེ་དབུས་ནས་ཕར་མཆེད་པ་རེད་ཞེས་གསུང་བ་ཇི་ལྟ་བ་ནང་བཞིན།དེང་དུས་རྨ་ཆུའི་དམངས་ཁྲོད་ལོ་རྒྱུ་བ་རྒན་མྱིག་གཅོད་ལགས་ནས་བཤད་རྒྱུར་ཉེ་སྔོན་ཁོ་བོ་སྟོན་མོ་ཞིག་ལ་སོང་ནས་རྒན་པོ་ཞིག་བ་ཁ་བརྡ་བྱེད་སྐབས་རྩེ་དབུས་ནི་རྩེ་ཆུའི་འགྲམ་ནས་རྒན་གྱར་སོང་།དེ་ནས་རུ་སྐོར་ཞིག་ཅོ་ནེ་དང་ཐེ་བོའི་ཁོག་སོགས་ནས་བསྡད།དེ་ནས་རིམ་བཞིན་གཅའ་ཁོག་ལ་ཆད་དེ་ཨ་རྩའི་རི་ཞོལ་ནས་བསྡད།གནས་དེ་ནས་རྩེ་དབུས་རུ་བ་ལ་དགའ་ལྡན་ཁྲི་རབས་ལྔ་བཅུ་བ་ཁྲི་ཆེན་དགེ་འདུན་ཕུན་ཚོགས་འཁྲུངས།རྗེས་སུ་དུས་འགྱུར་གྱི་དབང་གིས་རྩེ་དབུས་རུ་བ་རྨ་ཆུ་དང་རྨེ་ཆུའི་བར་ནས་བསྡད།དེ་ནས་ལོ་འགའི་རྗེས་སུ་རྨ་རྒྱལ་སྐུ་བླ་བྲག་དཀར་གྱི་འདབས་རོལ་ལ་ཡོང་སྟེ་རྩེ་རྨོག་མཁན་གསུམ་ཞེས་བའི་རུ་བ་དང་མཉམ་དུ་ཀུན་མཁྱེན་བླ་མའི་ལྷ་སྡེ་དང་།བླ་ལྷག་རྩེ་དབུས་རུ་ཚོ་གུང་ཐང་བླ་མའི་ལྷ་སྡེ་བྱས།རྗེས་སུ་སྤྱི་ལོ་༡༨༠༢ལོར་རྩེ་དབུས་སྦྲ་རྒན་དང་སྦྲ་གསར་གཉིས་ཀྱི་བར་ལ་འགལ་ཟླ་ཞིག་བྱུང་ནས་སྦྲ་རྒན་ཚང་སོགས་རུ་བ་འགའ་ཁོ་ཚེ་ལ་སོང་བ་དང་།སྦྲ་སར་སོགས་ཁྱིམ་ཚང་འགའ་ཤུལ་ནས་བསྡད་འདི་ནི་དེང་དུས་རྨ་ཆུའི་རྫོང་ཉིན་མ་ཞང་གི་ཁོངས་སུ་ཡོད་པའི་མདོ་སྨད་རྩེ་དབུས་ཚོ་གསུམ་གྱི་ཡ་གྱལ་རྨ་ཆུའི་རྩེ་དབུས་རེད།ཞོར་ནས་རྒན་མྱིག་གཅོད་ལགས་ནས་རྒན་པོ་ཚོའི་ངག་སྒྲོས་འདི་མཁོ་སྤྲོད་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་དང་ཆབས་ཅིག་རྗོགས་སོ།

 
 
Re:བླ་མ་གུང་ཐང་འཇིགས་མེད་བསྟན་པའི་དབང་ཕྱུག་མཆོག་རྒན་གྱའི་རྩེ་དབུས་ལ་ཆིབས་ཁ་བསྒྱུར་བ
[ 2014/7/2 15:38:33 | By: hejtok(སྐུ་མགྲོན) ]
 
hejtok(སྐུ་མགྲོན)ཆོས་ལུགས་ཀྱི་ཕྱོགས་ནས་མྱིག་གཅོད་འདི་དེ་འདྲའི་སེམས་རྒྱ་དོག་མོ་ཞིག་མ་རེད། ཁོ་ལ་ཆོས་ལུགས་འདྲ་མིན་གྱི་དཔེ་ཆ་ཡོད་ཐལ། ཡིན་ཡང་ཁོ་རྩེ་དབུས་ཤིག་མ་རེད།
 
 
Re:བླ་མ་གུང་ཐང་འཇིགས་མེད་བསྟན་པའི་དབང་ཕྱུག་མཆོག་རྒན་གྱའི་རྩེ་དབུས་ལ་ཆིབས་ཁ་བསྒྱུར་བ
[ 2014/6/4 23:22:34 | By: སྐུ་མགྲོན་1JAm15(སྐུ་མགྲོན) ]
 
སྐུ་མགྲོན་1JAm15(སྐུ་མགྲོན)ངོ་མ་ཡག་པོ་བྲིས་འདུག

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.