ཤེས་རབ་སྒྲོན་མེའི་འོད་སྣང་གི་གཞུང་ཚིག་གི་གསལ་བཤད།
༄༅། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །
ཉེ་ཆར་ཁོ་བོས་བྲིས་པའི་རྒྱ་ཡིག་གི་དཔེ་ཆ་ཤེས་རབ་སྒྲོན་མེའི་འོད་སྣང་ཞེས་པ་ དེའི་ནང་དུ་བན་བོན་གྱི་ཁྱད་པར་ཅུང་ཟད་ཅིག་སྨྲས་པ་ལ་གང་ཟག་འགའ་རེས་བོན་གྱི་ ཆོས་ལ་སྐུར་བ་བཏབ་ཡོད་པར་འདུག་སྙམ་དུ་དོགས་པ་ཟ་བ་ཡོད་མཆི་བས་དེ་དག་གི་དོགས་སེལ་དུ་བརྗོད་པ། ཐོག་མར་ཤེས་རབ་སྒྲོན་མེའི་འོད་སྣང་གི་གཞུང་ཚིག་ཇི་ལྟ་བ་བཞིན་དུ་དགོད་པར་བྱ་སྟེ། དེ་ཉིད་ལས། དགེ་བསྙེན་མང་བོ་ཞིག་གི་བསམ་པ་ལ་བོན་ཡང་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ཡིན་བསམ་གྱིན་འདུག དོན་དངོས་ལ་བོན་འདི་མ་གཞི་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ཀྱི་ནང་དུ་མི་གཏོགས། བོད་ཡུལ་གྱི་ཆོས་ལུགས་ཤིག་ཡིན། འོ་ན་བོན་གྱི་ཆོས་བསླབ་རུང་ངམ་མི་རུང་ཞེ་ན། ཅིས་ཀྱང་རུང་སྟེ། མི་སོ་སོའི་ཁམས་དབང་དང་དད་པ་མི་འདྲ་བས་རང་གིས་བསླབ་པར་འདོད་ཕྱིན་ཆོས་ལུགས་གང་ལའང་བསླབ་ཏུ་རུང་། འདི་སངས་རྒྱས་ཀྱིས་ཀྱང་འགོག་པར་མི་མཛད་ན་ཁོ་བོ་ཅག་གིས་ལྟ་ཅི་སྨོས། འོན་ཀྱང་བོན་གྱི་ཆོས་འདི་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ཡིན་པར་བཟུང་ནས་བསླབས་ན་ནོར་བ་རེད། དཔེར་ན་རུའུ་ལུགས་དང་ཏའོ་ལུགས་རྣམས་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་མ་ཡིན་པ་བཞིན་དུ་བོན་ཡང་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་མིན། བོན་གྱི་དགོན་པ་དག་གི་བླ་མ་དང་གྲྭ་བ་འགའ་རེས་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་གསུངས་པའི་རྫོགས་པ་ཆེན་པོ༼བོན་པོའི་བཀའ་ནའང་དེའི་རྫོགས་པ་ཆེན་པོ་ཡོད། མཆན༽སོགས་སངས་རྒྱས་པའི་ཆོས་སློབ་པར་མཛད་པ་དང་ཐུགས་ཉམས་སུ་བཞེས་པ་ཡོད་ཀྱང་། དེ་ནི་གང་ཟག་སྒེར་གྱི་ཉམས་ལེན་ཡིན་གྱི། བོན་པོའི་ཆོས་ཀྱི་ངོ་བོའི་ཚབ་བྱེད་མི་ཐུབ། འདིའི་དབྱེ་བ་ལེགས་པར་འབྱེད་དགོས་སོ། །
བོན་པོའི་བླ་མ་འགའ་རེས་བོན་ཆོས་དང་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་གཅིག་མཚུངས་རེད། ཁྱོད་ཀྱིས་གང་ལ་བསླབ་ཀྱང་ཆོག་ཟེར། དོན་ལ་བོན་པོའི་ཆོས་དང་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ཀྱི་ཆེས་འགག་རྩར་གྱུར་བའི་མི་འདྲ་ས་ནི། དེ་ཉིད་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ཀྱི་མཆོག་གསུམ་ལ་སྐྱབས་སུ་མི་འགྲོ་བ་དེ་རེད། གལ་ཏེ་བོན་པོའང་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ཀྱི་མཆོག་གསུམ་ལ་སྐྱབས་སུ་འགྲོ་ན་ནི་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་པ་ཡིན་ལ། མི་འགྲོ་ན་ནི་མ་ཡིན་ཏེ། དེ་ལྟར་ཡིན་མིན་གྱི་དབྱེ་བ་འབྱེད་བྱེད་ཀྱི་ཚད་དེ་ཤེས་ན་གནད་དོན་ཤིན་ཏུ་སླ་མོ་ཡིན་ནོ། །
སྔོན་གྱི་ལོ་རྒྱུས་ལ་གཞི་བྱས་ན། རྒྱ་ཡུལ་དུ་ཏའོ་ལུགས་བཞིན་དུ་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་བོད་ཡུལ་དུ་ད་དུང་མ་བྱུང་བའི་གོང་རོལ་ནས་བོན་གྱི་ཆོས་འདི་ཡོད་འདུག སློབ་དཔོན་ཆེན་མོ་པདྨ་འབྱུང་གནས་བོད་དུ་བྱོན་པའི་རྗེས་སུ་དེའི་ནང་ནས་ཁག་གཅིག་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལ་སྐྱབས་སུ་སོང་། ཁག་གཅིག་གིས་སྔར་གྱི་དད་པའི་རྒྱུན་བསྐྱངས་པར་མཛད་དེ། འདི་ད་ལྟའི་གཡུང་དྲུང་བོན་པོའི་ཆོས་ཀྱི་འབྱུང་ཁུངས་ཡིན་ནོ། །བོན་པོའི་ཆོས་འདི་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་མ་ཡིན་པ་དེ་ལྟ་ན་འདི་ལ་ཐར་བ་ ཡོད་དམ་ཞེ་ན། ཁོང་ཅག་གི་རང་གཞུང་ན་གསུངས་པའི་མཐར་ཐུག་གི་ཐར་བ་ཡོད་ཀྱང་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་གསུངས་པའི་མཐར་ཐུག་གི་ཐར་བ་ནི་མེད་དེ། རྒྱུ་གང་ལ་བསླང་པ་དེ་ལ་དེའི་འབྲས་བུ་འབྱུང་དགོས་ཀྱི། རྒྱུ་གཞན་ལ་བསླབས་ནས་འབྲས་བུ་གཞན་འབྱུང་བ་རྒྱུ་འབྲས་འཛོལ་བ་ནི་མི་སྲིད་པའི་ཕྱིར་རོ། །གལ་ཏེ་བོན་གྱི་བླ་མ་སྔོན་བྱོན་དག་གིས་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ཐུགས་ཉམས་སུ་བཞེས་ནས་རྟོགས་པ་རྒྱུད་ལ་འཁྲུངས་ཏེ། དེའི་ཉམས་སུ་ལེན་ཐབས་ཀྱི་ཆོས་དར་སྤེལ་མཛད་པ་ཡིན་ན་ནི། དེའི་རྟོགས་པ་དེ་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་བྱུང་བ་ཡིན་པས་ཆོས་དེ་ལ་བརྟེན་ནས་གྲུབ་པ་ཐོབ་པ་ལ་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་གསུངས་པའི་ཐར་བ་ཡོད་དུ་རུང་ངོ་། །ཞེས་སྨྲས་སོ། །
དེ་ལ་འདིར་ཐོག་མར་ངེས་པར་གོ་དགོས་པ་ནི་སྔོན་གྱི་ཤེས་རབ་སྒྲོན་མའི་འོད་སྣང་གི་དེབ་རྣམས་ཀྱི་གོང་གི་གཞུང་ཚིག་ནང་ན་སངས་རྒྱས་པའི་ཆོས་ཞེས་པའི་ཚིག་བྱུང་བ་ཐམས་ཅད་སངས་རྒྱས་ཤྭཀྱ་ཐུབ་པས་གསུངས་པའི་ཆོས་ཞེས་པའི་དོན་དུ་གོ་དགོས་ཏེ། ཁོ་བོའི་ཞེ་འདོད་འདི་ཉིད་ཡིན། དེ་ཡིན་པར་གོང་དུ་སངས་རྒྱས་པའི་ཆོས་བོད་དུ་ད་དུང་མ་བྱུང་བའི་གོང་རོལ་ནས་བོན་གྱི་ཆོས་འདི་ཡོད་འདུག་ཅེས་པ་འདིས་ཀྱང་བདེ་བླག་ཏུ་གོ་ཐུབ་བོ། སྔར་གྱི་རྒྱ་ཡིག་གི་མ་དཔེ་ན། ༼苯教本身不属于佛教༽ ཞེས་པ་ལྟ་བུའི་ཚིག་རྣམས་ཀྱི་ནང་གི་༼佛教༽ཞེས་པ་དག་ཀྱང་སངས་རྒྱས་ཤྭཀྱ་ཐུབ་པས་གསུངས་པའི་ཆོས་ཁོ་ན་ལ་གོ་བར་འགྱུར་བ་ཡིན་ཏེ། རྒྱ་ནག་ན་ཡོངས་གྲགས་སུ་༼佛教༽ཞེས་པ་སངས་རྒྱས་ཤྭཀྱ་ཐུབ་པའི་ཆོས་ལ་གོ་བ་ལེན་པ་ཡིན། རྒྱ་ཡིག་གི་སངས་རྒྱས་ཆོས་ལུགས་ཀྱི་རྒྱུན་མཐོང་ཚིག་མཛོད་༼陈义孝 《佛学常见辞汇》༽ཅེས་པ་ལས། ༼佛教༽ ཞེས་པ་འགྲེལ་བ་ན། འཛམ་གླིང་ཆོས་ལུགས་ཆེན་པོ་གསུམ་གྱི་ཡ་གྱལ། སངས་རྒྱས་ཤྭཀྱ་ཐུབ་པ་ཆོས་གཙོ་རུ་འཛིན་ཅིང་། བྱམས་སྙིང་རྗེ་དང་འདྲ་མཉམ་དགོས་པར་འདོད་ཅིང་། ཧན་རྗེས་མའི་མིང་ཏིའི་སྐབས་སུ་ནུབ་ཕྱོགས་ནས་ཀྲུང་གོར་བྱུང་ཞིང་། ད་ལྟ་འཛམ་གླིང་གི་ཡུལ་གྲུ་ཀུན་ཏུ་དར་བའོ་ཞེས་སྨྲས་པ་བཞིན་ནོ། ༼世界三大宗教之一,以萨迦牟尼佛教为教主,主张慈悲平等,在后汉明帝时,由西域传入中国,今盛行于世界各地༽ གཞུང་ཚིག་འདི་རྣམས་ཀྱི་བརྗོད་བྱ་གཙོ་བོ་མདོར་བསྡུས་ན་བོན་གྱི་ཆོས་འདི་སངས་རྒྱས་ཤྭཀྱ་ཐུབ་པས་གསུངས་པའི་ཆོས་མ་ཡིན་ཞེས་པ་དང་། སམས་རྒྱས་ཤྭཀྱ་ཐུབ་པའི་རྗེས་འཇུག་ཡིན་མིན་གྱི་ཁྱད་པར་ནི་གཙོ་བོ་སངས་རྒྱས་ཤྭཀྱ་ཐུབ་པའི་ཆོས་ཀྱི་མཆོག་གསུམ་ལ་སྐྱབས་སུ་འགྲོ་མིན་གྱི་སྒོ་ནས་འབྱེད་དགོས་ཞེས་པ་དང་། བོན་ལ་རང་གཞུང་ནས་བཤད་པའི་མཐར་ཐུག་གི་ཐར་བ་ཡོད་ཀྱང་སངས་རྒྱས་ཤྭཀྱ་ཐུབ་པའི་ཆོས་ལས་གསུངས་པའི་ཐར་བ་ནི་དེའི་མཆོག་གསུམ་ལ་སྐྱབས་སུ་སོང་ན་ཡོད་ལ་མ་སོང་ན་མེད་ཅེས་པ་འདི་གསུམ་ཡིན་ནོ།།
དེ་ལས་དང་བོ་བོན་གྱི་ཆོས་ནི་རྒྱལ་བ་གཤེན་རབ་ཀྱིས་ཆེས་སྔ་མོའི་དུས་ནས་གསུངས་པ་ཡིན་པར་བཤད་ལ། སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ནི་ཕྱིས་སུ་སྟོན་པ་ཤཱཀྱ་ཐུབ་པས་གསུངས་པ་ཡིན་པས་དེ་གཉིས་ཐ་དད་ཡིན་པར་ཡོངས་སུ་གྲགས་པ་དེར་ཟད་ལ། གཉིས་པ་སྟོན་པ་དེའི་རྗེས་འཇུག་ཡིན་མིན་ནི་དེ་ལ་སྐྱབས་སུ་འགྲོ་མི་འགྲོའི་སྒོ་ནས་འབྱེད་དགོས་ཞེས་བན་བོན་གཉིས་ཀས་ཁས་ལེན་པ་དང་། གསུམ་པ་ཆོས་ལུགས་གང་ཡིན་ཡང་རུང་དེའི་གཞུང་ལས་གསུངས་པའི་ཐར་བ་འཐོབ་མི་འཐོབ་ཀྱང་དེ་ལ་སྐྱབས་སུ་འགྲོ་མི་འགྲོ་ལ་རག་ལས་པ་ཡིན་ཏེ། སྐྱབས་སུ་འགྲོ་བའི་དོན་ནི་ཆོས་དེའི་གཙོ་བོ་ལ་སྟོན་པ་དང་ཆོས་དེ་ཉིད་ལ་ལམ་དང་ཆོས་དེ་ཉམས་སུ་ལེན་པའི་དགེ་འདུན་ལ་གྲོགས་སུ་འཛིན་པ་ཡིན་ལ། དེ་གསུམ་པོ་ལ་དེ་ལྟར་དུ་མི་འཛིན་ན་ཆོས་དེ་ཉམས་སུ་ལེན་པར་མི་འདོད་པ་ཡིན་ཅིང་། ཆོས་དེ་ཉམས་སུ་མ་བླངས་ན་དེའི་འབྲས་བུའང་འཐོབ་རྒྱུ་མེད་པར་བླང་དགོས་ཏེ། འདི་དག་ནི་བོད་གངས་ཅན་གྱི་བན་བོན་གྱི་མཁས་པ་རྣམས་ལ་སྔར་ནས་རླུང་ལྟར་དུ་གྲགས་པའི་གཏམ་དེ་དག་ཡིན་གྱི་གསར་དུ་སྨྲས་པ་ཅི་ཡང་མེད་དོ། །
དེ་ལས་གཞན་དུ་གཞུང་ཞིག་འདི་རྣམས་ཀྱི་ནང་ན་ནང་བ་སངས་རྒྱས་པ་ཡིན་ན་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པའི་ལུགས་འཛིན་པ་ཁོ་ན་ཡིན་དགོས་མི་དགོས་དང་། བོད་གངས་ཅན་ན་སངས་རྒྱས་ཤཱཀྱ་ཐུབ་པའི་ལུགས་འཛིན་པ་མ་ཡིན་པའི་ནང་བ་སངས་རྒྱས་ པའི་ཆོས་ཤིག་ཡོད་མེད་དང་། རྒྱལ་བ་གཤེན་རབ་དང་སངས་རྒྱས་ཤཱཀྱ་ཐུབ་པ་གཉིས་སངས་རྒྱས་གཅིག་གི་སྤྲུལ་བ་ཡིན་མིན་དང་། རྒྱལ་བ་གཤེན་རབ་སངས་རྒྱས་ཡིན་མིན་དང་། བོན་གྱི་ཆོས་ལུགས་མུ་སྟེགས་པའི་ལུགས་ཡིན་མིན་དང་། བོན་གྱི་རང་ལུགས་ལ་རྫོགས་པ་ཆེན་པོ་ཡོད་མེད་དང་། བན་བོན་གཉིས་ཀྱི་ཆོས་ལ་འདྲ་མཚུངས་ཡོད་མེད་སོགས་ལ་བརྟག་དཔྱད་དང་དགག་སྒྲུབ་དང་ཁ་ཚོན་བཅད་པ་གང་ཡང་མེད་ཅིང་། བོན་གྱི་ལྟ་བ་དང་བསྒོམ་པ་དང་། སྤྱོད་པ་སྐྱོན་ཅན་ཡིན་པ་དང་། རང་གཞུང་ནས་བཤད་པའི་འབྲས་བུ་འཐོབ་རྒྱུ་མེད་ཅེས་བརྗོད་པ་ནི་དེ་བས་ཀྱང་མེད་པ་མངོན་སུམ་དུ་བལྟར་ཡོད་པ་འདི་ག་ལགས་པས་མཁས་པ་རྣམས་ཀྱིས་གཟུ་བོའི་སྒོ་ནས་གོ་བ་ལེན་པ་དང་། མི་ཤེས་པ་རྣམས་ཀྱིས་ཀྱང་དམིགས་ཡུལ་སྣ་ཚོགས་པ་ཅན་གྱི་མི་དག་གི་གཏམ་ལ་མི་ཉན་པར་མཁས་པ་གཟུ་བོར་གནས་པ་རྣམས་ལ་བཀའ་འདྲི་ཞིབ་མོ་རེ་ཞུ་དགོས་པར་སྣང་ངོ་། །
དེས་ན་དོན་ལ་རྟོན་ཅིང་ཆགས་སྡང་མི་བྱ་བ་འདི་ཤིན་ཏུ་གལ་ཆེ་སྟེ། བན་བོན་གྱི་རྩོད་པ་དང་བན་དེའི་གྲུབ་མཐའ་སོ་སོའི་བར་གྱི་རྩོད་པ་འདིས་སྔོན་གྱི་དུས་སུ་ཕུང་ཁྲོལ་གྱི་བྱ་བ་མང་དུ་བྱས་པས་ད་ནི་ལོ་རྒྱུས་ཀྱི་ཉམས་མྱོང་བླངས་ནས་ཕྱོགས་སོ་སོ་ནས་གཟབ་པར་བྱ་དགོས་པ་ཡིན། ཁོ་བོ་ལ་མཚོན་ན་བོན་གྱི་ཆོས་དང་གང་ཟག་ལ་སྡང་ཞུགས་བྱས་པ་ཞིག་ནམ་ཡང་དྲན་རྒྱུ་མི་འདུག་གོ །ཁྱད་པར་དུ་ད་ལྟ་རང་རེ་རྣམས་མཐུན་སྒྲིལ་བྱ་དགོས་པའི་དུས་ཡིན་གྱི། ཁ་བྲལ་བྱ་བའི་དུས་མ་ཡིན་པས་བན་བོན་མཐུན་སྒྲིལ་རྡོག་རྩ་གཅིག་དྲིལ་གྱིས་བོད་མི་རིགས་ཀྱི་རིག་གནས་དར་སྤེལ་དང་འདི་དང་ཕྱི་མའི་ཕན་བདེ་བསྒྲུབ་པ་ལ་འབད་བརྩོན་བྱ་བ་འདི་ལས་གལ་ཆེ་བ་ཅི་ཡང་མི་འདུག་པས་མཐུན་བསྒྲིལ་གཞི་རྩར་འཛིན་པ་ལས་གྲུབ་མཐའི་ཚིག་གི་བརྗོད་ཚུལ་ཕྲན་བུ་རེ་ལ་བརྟེན་ནས་ཆགས་སྡང་སྣ་ཚོགས་པ་མི་སྤེལ་བར་སྙིང་ནས་ཞུའོ།
ཚུལ་ཁྲིམས་བློ་གྲོས་ཀྱིས་བྲིས་པའོ།