ལོ་ཟླ་ལང་ཚོ་ཡི་ཁ་ཟས་སྣུམ་པོ
ཉིན་ཞག་དུངས་སེམས་ཀྱི་བཏུང་ཆུ་མངར་མོ
སྐད་ཅིག་རྣམ་ཤེས་ཀྱི་བསྐས་རིམ་རིང་མོ
འདི་ནི་བརྩེ་སེམས་ཀྱི་གླིང་ཀ་རེད
གླིང་ཀ་འདི་ནས་འུ་གཉིས་ཀྱིས་བཏབ་པའི་
བརྩེ་བ་དང་སྙིང་གཏམ་
ད་དུང་ཕན་ཚུན་ལ་གཏད་པའི་འདོད་སེམས་ཀྱི་མིག་མདངས
འདི་དག་ཐམས་ཅད་ནི་གླིང་འདིར་འཁྲུང་བའི་མཛེས་སྡུག་རེད།
མཚན་མོ་རྣམ་ཤེས་ཀྱི་ངལ་གསོའི་ས་ཚིགས
ནམ་གུང་དུངས་སེམས་ཀྱི་སྙིང་གཏམ་གླེང་ས
སྐྱ་རེངས་ཁྱོད་རང་མཐོང་བའི་ཐོག་མའི་དུས་ཚོད
འདི་ནི་རྨི་ལམ་གྱི་གསང་བ་རེད
གསང་བ་འདིའི་ནང་དུ་འུ་གཉིས་ཀྱིས་བཤད་པའི་
ཤབ་ཤུབ་དང་ལྡར་ལྡུར་
ད་དུང་དགོད་སྒྲ་དང་འཛུམ་མདངས་ཀྱིས་བསུས་བའི་མྱོང་བ
འདི་དག་ཐམས་ཅད་ནི་རྨི་ལམ་འདིའི་མགོ་མཇུག་བར་གསུམ་རེད།
སྙིང་གཏམ་བརྩེ་དུང་གི་ཞིང་ས་ཐོག་མ
དགའ་བ་དྲན་དུང་གི་མེ་ཏོག་དམར་བོ
ཚོར་བ་ཐར་ཐུག་གི་འབྲས་བུ་རྡོག་རྡོག
འདི་ནི་དངོས་ནས་འཚོ་བ་རེད
འཚོ་བ་འདི་ནི་འུ་གཉིས་ཀྱིས་བསྐྲུན་པའི་ཤམ་བྷ་ལྷའི་ཞིང་ཁམས
མཛེས་སྡུག་དང་ཞི་བདེ་
ད་དུང་སྙིང་རྗེ་དང་ཤེས་རབ་ཀྱིས་གཏམས་པའི་དག་ཞིང་གི་གནས་མཆོག
འདི་དག་ཐམས་ཅད་ནི་འཇིག་རྟེན་གསར་བའི་འཚོ་བ་རེད།