༧གཡུང་དྲུང་བོན་གྱི་བསྟན་པའི་བདག་ཉིད་ཆེན་མོ་དཔལ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་སྐྱབས་རྗེ་སྨན་རི་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་སྐུ་འཁྲུངས་ནས་ལོ་འཁོར་བརྒྱད་ཅུར་ལེན་པའི་རྟེན་འབྲེལ་བུ་ཕུལ་བའི་དད་གསུམ་འཇོ་བའི་གྲུ་ཆར་ཅེས་བྱ་བ་བཞུགས་སོ།
སྟོན་པ་བླ་མེད་དུས་གསུམ་རྒྱལ་བ་ཀུན་གྱི་སྤྱི་གཟུགས་ཆེ། །
འདྲེན་པ་བླ་མེད་རིམ་གྲོལ་གཉིས་ལྡན་ཐེག་གསུམ་སེམས་དཔའི་ཚོགས། །
སྐྱོབ་པ་བླ་མེད་བདེན་གཉིས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན། །
སྐྱབས་གསུམ་མཚན་ལྡན་མཁན་ཆེན་ཞབས་ལ་སྒོ་གསུམ་གུས་ཕྱག་འཚལ། །
ལུང་དང་རིགས་པའི་གནས་ལ་རབ་མཁས་མཁས་མང་གཙུག་གི་རྒྱན། །
རྟོགས་པའི་ཉམས་ལེན་སྒོམ་སྒྲུབ་སྒྲུབ་པའི་རྒྱལ་མཚན་བླར་བསྒྲེང་སྟེ། །
བསྟན་པའི་སྙིང་པོ་གྱེར་བསྟན་བསྟན་པའི་མེ་རོ་སླར་གསོས་ཏེ། །
ཉི་མའི་འོད་བཞིན་མཛད་འཕྲིན་འཕྲིན་ལས་ཕྱོགས་བཅུར་འབར། །
སྣ་གཅིག་བྱང་སེམས་སྡོམ་པའི་གཞི་བཟུང་གསེར་གྱི་བུམ་དབང་ཆེར། །
ལྟ་གཉིས་མཐའ་བྲལ་རྫོགས་པ་ཆེན་པོ་ཁ་རྒྱན་དཔག་བསམ་མཛེས། །
བསླབ་གསུམ་བསྟན་པའི་རྒྱལ་མཚན་དཀྱིལ་འཁོར་མཐར་རྒྱན་པའི། །
བསྡུ་བཞི་བདག་ཉིད་གྲུབ་བརྙེས་ཀུན་གྱི་གཙུག་གི་རྒྱན་དུ་ངོམས། །
སྙིགས་མའི་དུས་ཀྱི་མོས་བཞིན་བསྟན་འགྲོ་དོན་དུ་སྐུ་བཞེངས་ཏེ། །
རིས་མེད་བསྟན་དང་ལྷག་པར་ཐེག་ཆེན་སངས་རྒྱས་གཡུང་དྲུང་བོན། །
འཛམ་གླིང་ཡུལ་ཀུན་ཁྱབ་པ་མཛད་པས་ཕྱོགས་བཅུ་རྒྱལ་བ་ཡི། །
མཛད་པ་གཅིག་ཏུ་བསྡུས་པའི་འདྲེན་མཆོག་གང་དེ་རྒྱལ། །
ཀ་དག་རིག་པའི་གནས་ལུགས་སྐྱུ་རི་ལག་འཆང་ཇི་ལྟ་བ། །
ལྷང་ངེར་གསལ་བས་འཁོར་འདས་བོན་ཀུན་ཅིག་ཆར་གཟིགས་པ་ཆེ། །
བོན་ཀུན་མ་ལུས་མཁྱེན་པས་འགྲན་བྲལ་ཐམས་ཅད་མཁྱེན་གཟིགས་དབང༌། །
རིས་མེད་གྲུབ་མཐའ་མཁས་མང་རྒྱ་མཚོའི་དབུས་ན་ལྷམ་མེར་འབར། །
ཚེ་རབས་སྔོན་ནས་རབ་གོམ་ཐེག་དགུ་ཡང་རྩེ་བླ་མེད་ཀྱི། །
བོན་སྒོ་མ་ལུས་གདུལ་བྱ་དབང་ཁམས་དང་བསྟུན་བློ་གསལ་བ། །
དུ་མ་ཐེག་ཆེན་ལམ་དུ་བཀྲིད་དེ་རྒྱལ་བའི་གོ་འཕང་ལ། །
ཁྲིད་མཛད་དཔོན་གསས་རིག་འཛིན་ཆེན་མོ་མཆོག་ལ་བསྟོད། །
ཚེ་རབས་སྔོན་ནས་ལས་འབྲེལ་དམ་དུ་ཟབ་པའི་ཆེས་སྙིགས་དུས། །
གདུལ་བྱ་དབང་པོ་ཁམས་དང་མོས་པ་མི་གཅིག་མི་རྒོད་ཀུན། །
བདེ་ཆེན་ལམ་ལ་འགོད་མཁས་རྗེ་བཙུན་སྨན་རིའི་མཁན་ཆེན་པོ། །
དད་འདུན་མོས་གུས་ཆེན་པོའི་སྒོ་ནས་ཕྱག་འཚལ་གསོལ་བཏབ་བོ། །
སླར་ཡང་ས་ཆེན་ཡོངས་ཁྱབ་གདུལ་བྱ་མ་ལུས་དོན་སྤྱི་དང༌། །
ལྷག་པར་ཁ་བ་རི་བའི་བསྟན་སྙིང་ཐེག་ཆེན་གཡུང་དྲུང་བོན། །
བསྟན་འགྲོ་དོན་དུ་སྐུ་ཚེ་གཡུང་དྲུང་ཁམས་སུ་ཡོངས་གཏམས་ཏེ། །
བསྐལ་བ་བརྒྱ་ཕྲག་ཡུན་དུ་གནས་པའི་བཀྲ་ཤིས་ཡོངས་ཁྱབ་ཤོག །
ཅེས་མཁན་རིན་པོ་ཆེའི་བརྒྱད་ཅུའི་དུས་ཆེན་ལ་མོས་གུས་དད་གསུམ་དང་བཅས་ཏེ་་རྨོངས་རྟུལ་བ་རིན་སྤུངས་ཚུལ་ཁྲིམས་བསྟན་འཛིན་ནས་རྟེན་འབྲེལ་དུ་བྲིས་ཤིང་ཕུལ་བ་དགེའོ།
- ཟིན་ཐོ་གོང་མ།ངེས་པའི་ཐོ་ཡིག་ཞེ་ལྔ།
- ཟིན་ཐོ་འོག་མ།བླ་སྤྲུལ་འགའི་སྐུ་པར་འགུལ་རིས།