རྩོམ་པ་པོ། | མཁར་རྨེའུ་བསམ་གཏན། |
“བླ”ཞེས་པ་ནི་འགྲོ་བ་མིའི་ནང་སེམས་དང་ཤེས་པ་གནས་ས་ཞིག་ཏུ་ངོས་འཛིན་བྱེད་པ་ཡིན། དེར་བརྟེན། བླ་ནི་བླ་དབུགས་སྲོག་གསུམ་ཞེས་པ་ལས་གལ་ཆེ་ཤོས་དེ་ཡིན་ལ། སྲོག་ནི་བླ་ཡི་སྙིང་པོར་བརྩིས་ནས་གལ་ཆེར་འཛིན་ལ། དབུགས་ནི་བླ་དང་བསྡུར་ན་ཅུང་ཟད་གལ་ཆེར་འཛིན་པ་ལས་ཤིན་ཏུ་གལ་ཆེ་བར་མི་བརྩི། དེ་ཡང་དབུགས་ནི་སྐད་ཅིག་སྐད་ཅིག་ཏུ་འཇིག་འགྲོ་བའི་ཕྱིར་རོ།། བླ་ནི་སྐྱེ་བོའི་གཟུགས་ཡོངས་སུ་གནས་པར་འདོད་ལ། དེ་ཡང་དབུགས་ལ་བརྟེན་ནས་གནས་ཡོད་པས་དབུགས་མེད་ན་དེའི་ནུས་པ་འདོན་ཐབས་བྲལ་བ་ཡིན་པར་འདོད། གཞན་ཡང་། བླ་ནི་བླ་ཡིད་སེམས་གསུམ་ཞེས་པ་ནང་གི་ནང་གསེས་གཅིག་ཡིན་པར་འདོད།
གོང་གསལ་གྱི་བླ་ཡིད་སེམས་གསུམ་སྐོར་དབྱེ་ཞིབ་བྱེད་རྒྱུ་དེ་ནི་དཀའ་གནད་ཅིག་ཡིན་ལ། དེ་ཡང་དབྱེ་ཞིབ་བྱ་ཡུལ་ཐ་སྙད་དེ་དག་མཐའ་གཅིག་ཏུ་ཐ་སྙད་དང་འགྲེལ་དོན་གཉིས་མཚུངས་དཀའ།། བླ་ཡིད་སེམས་གསུམ་ནི་སེམས་ཀྱི་སྙིང་པོ་དང་འབྲེལ་བ་ཡོད་པ་ཞིག་ཡིན་ལ། དེ་ནི་སངས་རྒྱས་ཆོས་ལུགས་ཀྱི་ཀུན་གཞི་རྣམ་ཤེས་ཞེས་པ་ལས་འཕྲོས་པ་ཞིག་ཡིན། བོན་ལུགས་ཀྱི་དཔེ་ཆ《ཀླུ་འབུམ》ནང་དུ། སེམས་རྣམ་པར་དག་པས་ཡིད་འབྲོས་པ་དང(བླ)འཁྱམས་པ་ཞེས་འབྱུང་། དེ་རྗེས་སླར་ཡང་ཡིད་དང་བླ་གཉིས་ངེས་པར་འགུགས་དགོས་ལ། ལར་སེམས་ནི་སྒྲིབ་པ་ལས་དག་ཀྱང་། དེའི་ཐོག་ད་དུང་ཡིད་དང་བླ་གཉིས་སྣོན་ཐུབ་ན་ལོངས་སྤྱོད་དང་དབང་ཐང་འཕེལ་བ་ཡིན་ཟེར། དུས་ཕྱིས་ཀྱི་ལུགས་སྲོལ་ལྟར་ན། རིམ་གྲོ་ཆོ་ག་སྤེལ་ལུགས་དང་། ལྷག་པར་འདས་མཆོད་ཀྱི་ཆོ་གར་མངའ་བརྙེས་པའི་སྔགས་པའམ་མཆོད་གནས་ཤིག་བྱེད་འདོད་ན། བླ་ཡིད་སེམས་གསུམ་དང་འབྲེལ་བའི་ནང་དོན་ཁག་ཤེས་པར་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ་བའི་གནད་ཅིག་ཡིན། དཔྱད་གཞིའི་ཡིག་ཆ་གཞན་ཁག་གཅིག་ལྟར་ན། “བླ་ནི་ཡིད་ཀྱི་ཆོ་འཕྲུལ་ཡིན། ཡིད་ནི་སེམས་ཀྱི་འཕྲོ་འདུ། སེམས་ནི་ཀུན་གཞི་བདལ་ཁྱབ་ཡིན།”ཞེས་འབྱུང་ངོ་།། དེ་གསུམ་དབར་གྱི་འབྲེལ་བའི་གནས་སྟངས་ནི་གཤམ་གསལ་དཔེ་མཚོན་ལྟར་ཏེ། སེམས་ནི་མེ་དང་། ཡིད་ནི་མེ་འོད། བླ་ནི་མེའི་དུ་བའོ།། མི་རྣམས་ཚེ་ལས་འདའ་སྐབས་གཞི་གསུམ་པོ་དེ་ཐོར་ཞིག་ཏུ་འགྲོ་བ་ཡིན་ཏེ། ཡིག་ཆ་ཞིག་ནང་དུ“སེམས་ནི་ནམ་མཁའི་དབྱིངས་སུ་ཡལ། ཡིད་ནི་ཀུན་གཞིའི་བག་ལ་ཞ། བླ་ནི་གཤེད་མ་འདྲེ་ཡིས་ཁྲིད།”ཅེས་འབྱུང་ངོ།།
མཆོད་གནས་ག་གེ་མོས་འདས་མཆོད་ཀྱི་ཆོ་ག་སྤེལ་སྐབས་ཐོག་མར་གཤིན་པོའི་བླ་དེར་སེམས་གསོ་བྱེད་དགོས་པ་དང་དེའི་དོན་ནི་བླ་དེ་ཉིད་གང་དེའི་ལུས་དང་བྲལ་སྐབས་འཇིགས་སྣང་འཕྲད་ཡོད་པ་མ་ཟད། དེ་གཤེད་མའི་ལག་འོག་ཏུ་ཚུད་པའི་ཉེན་ཡང་ཡོད་པས་སོ། དེ་བཞིན་མཆོད་གནས་ཀྱིས་གཤིན་པོའི་ཡིད་རང་གི་ཀུན་གཞི་རྣམ་ཤེས་ཀྱི་དབྱིངས་སུ་གབ་ནས་ཡོད་པའི་ལས་སྒྲིབ་དེ་སྦྱོང་བའི་ཐབས་ལ་ཡང་འབད་དགོས་པ་སྟེ། “འདུར་བ་བླ་ཡི་འཇིག་སྐྲག་འདུར། སྦྱོང་བ་ཡིད་ཀྱི་བག་ཆགས་སྦྱོང་། སྤར་བ་སེམས་ཉིད་དབྱིངས་སུ་སྤར། བླ་ནི་ཡིད(ལ)ཐིམ། (ཡིད་ནི)སེམས་ལ་ཐིམ། སེམས་ནི་ནམ་མཁའ(དང)འདྲ་སྟེ་སྟོང་པའོ”ཞེས་པ་བཅས་ཆོ་ག་དེའི་མཇུག་འབྲས་སམ་དམིགས་ཡུལ་ནི། བླ་ཉིད་ཡིད་ཀྱི་དབྱིངས་སུ་ཐིམ་རྒྱུ་དང་། ཡིད་ཉིད་སེམས་ཀྱི་དབྱིངས་སུ་ཐིམ་པ། སེམས་ཉིད་ནམ་མཁའ་དང་མཉམ་ཞིང་སྟོང་པ་ཉིད་ཀྱི་རང་བཞིན་དག་མཚོན་པར་བྱ་བ་དེའོ།
མང་ཚོགས་ཀྱི་ལྟ་ཚུལ་ལྟར་ན། བླ་ཞེས་པ་དེ་སྐྱེ་བོ་ཀུན་གྱི་ལོངས་སྤྱོད་དང་ཚེ་སྲོག་གི་བདེ་ཐང་ངོས་ནས་བརྗོད་ན་གལ་ཆེན་པོ་ཞིག་ཏུ་འཇོག་པ་ཡིན། སྐྱེ་བོ་ག་གེ་མོ་ཞིག་གི་ལུགས་མཐུན་དང་རྒྱུན་མཐོང་གི་ལྟ་སྤྱོད་ཀྱི་ལམ་དུ་མ་ཞུགས་པའི་གནས་ཚུལ་ཉིད་སྐྱེ་བོ་གཞན་ཚོས་མཐོང་ཚེ། ཁོང་ཚོས་སྐྱེ་བོ་དེའི་བླ་འཁྱམས་པ་ཞེས་གང་དེའི་བླ་གར་སོང་ཆ་མེད་དུ་གྱུར་ཟིན་པར་ངོས་འཛིན་བྱེད་པ་ཡིན། བླ་དེ་ཡང་ནམ་རྒྱུན་རང་བཞིན་གྱིས་མིའི་གཟུགས་ལས་བྲལ་འགྲོ་བར་ངོས་འཛིན་མི་བྱེད། དེར་བརྟེན། སྐྱེ་བོ་ཞིག་གི་བླ་བརླགས་ཚེ་དེ་མ་ཐག་ཏུ་ནད་ཀྱིས་མནར་སྐད། བླ་ཞེས་པ་དེ་ནི་རླུང་བུ་ལྟར་འགུལ་སྐྱོད་ཅན་ཞིག་ཡིན་པས་དེ་གནས་གཅིག་རང་དུ་མི་སྡོད་ལ་དེ་ནི་རྒོལ་རྡུང་ཕོག་སླ་བའི་རྟེན་ཞིག་ཡིན་པར་ངོས་འཛིན་བྱེད་པ་ཡིན། བླ་ནི་སྐབས་རེ་ཚེ་སྲོག་དང་འགྲོགས་ནས་མིའི་ལུས་ན་སྡོད་ལ། སྐབས་རེ་མི་ལུས་དང་བྲལ་ནས་འགྲོ་བར་འདོད། ཡིན་ནའང་དེ་ནི་ནམ་ཡང་འཇིག་ཏུ་མེད་པ་མ་ཟད། བླ་སྲོག་ཅེས་གལ་ཆེར་བརྩི་བ་ཡིན། བོད་པའི་ཤོད་རྒྱུན་ལྟར་ན། མིའི་ཚེ་སྲོག་ནི་དབུགས་ལ་བརྟེན་ནས་གནས་ཤིང་འཚོ་བ་ཡིན་ལ་ཚེ་སྲོག་ཉིད་མེད་པར་ཆགས་རྗེས་བླ་ནི་གནས་སྐབས་ཤིག་རིང་གཤིན་པོའི་གཟུགས་སམ་གནས་གཞན་ཞིག་ཏུ་རང་ཉིད་ཀྱི་འོད་དང་འགྲོགས་ནས་གནས་པ་ཡིན་སྐད། སྐྱེ་བོ་ག་གེ་མོ་ཞིག་ལ་འཇིགས་སྣང་འཕྲད་པའམ་བཟོད་པར་དཀའ་བའི་ན་ཟུག་གཏོང་སྐབས། བླ་འཁྱམས་པ་ཞེས་བླ་དེ་སྐྱེ་བོ་དེའི་གཟུགས་ནས་བྲལ་འགྲོ་བའི་ཉེན་ཡོད་པར་གྲགས། གནས་ཚུལ་དེའི་རིགས་བྱུང་བའི་སྐབས་སུ། བླ་འབོད་དམ་བླ་འགུགས་ཀྱི་ཆོ་ག་དེ་སྤེལ་བ་ཡིན། ཆོ་ག་དེ་རིགས་སྤེལ་ཡུལ་གྱི་སྐྱེ་བོ་དེའི་བླ་ནི་གནས་ཆ་མེད་དུ་འཁྱམས་པས་ན་དུས་དེ་ཤེད་ཀྱི་སྐྱེ་བོ་དེའི་ཤེས་པ་དང་གཟུགས་གཉིས་ཀྱི་གནས་སྟངས་སམ་ཆ་རྐྱེན་ནི་ཤིན་ཏུ་ཉག་ཕྲ་བའི་གནས་སུ་གྱར་ཡོད་པར་སེམས་སོ།།
བླ་ཉིད་མིའི་གཟུགས་ནས་བྲལ་རྗེས་གནས་ག་གེ་མོ་ཞིག་ཏུ་ཉེན་ཁ་དང་བྲལ་ནས་གནས་སྐབས་སུ་གནས་ཤིག་ཏུ་སྡོད་དོ་ཞེས་བརྗོད་ཚུལ་ཡོད། དེ་དང་འབྲེལ་བའི་ཐ་སྙད“བླ་གནས”ཞེས་པ་ཞིག་ཐོན་ཡོད་ལ། བླ་གནས་ལ་བླ་རྡོ་དང་། བླ་ཤིང་། བླ་མཚོ། བླ་རི་སོགས་ཡོད། དེ་དག་གནས་དམ་པར་འཛིན་ནས་ཕྱག་མཆོད་འབུལ་བའི་སྲོལ་ཡང་ཡོད། འདས་པའི་ལོ་རྒྱུས་ཐོག་མི་སྤྱི་དང་ཁྱད་པར་སྤྱི་ཚོགས་ཐོག་གི་གནས་མཐོན་པོ་འཛིན་མྱོང་བའི་གྲགས་ཅན་སྐྱེ་བོར་རང་སོའི་བླ་ཆགས་སའི་གནས་དག་འདེམས་པའི་དབང་ཆའམ་ལམ་སྲོལ་ཡོད་ཤས་ཆེ་ལ། ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་དུ་སྔར་གྱི་མེས་པོ་དེ་དག་གིས་བདམས་པའི་བླ་གནས་དེ་དག་རིམ་བཞིན་མི་སྒེར་རམ་ཡང་ན་གྲོང་སྡེ་སྤྱི་ཡོངས་ཀྱི་བླ་དག་གནས་ཡུལ་དུ་འཕོ་འགྱུར་ཕྱིན་ཡོད་པར་སྙམ། དེ་ཡང་རི་དང་མཚེའུ་མི་ཉུང་བ་ཞིག་བླ་རི་དང་བླ་མཚོར་ངོས་འཛིན་པ་སྟེ། གངས་ཏི་སེ་དང་མཚོ་མ་ཕམ་གཉིས་ནི་བོན་གྱི་བླ་རི་དང་བླ་མཚོར་འདོད་པ་ལྟ་བུའོ།།(《འཛམ་གླིང་གངས་རྒྱལ་ཏི་སེའི་དཀར་ཆག》ཏུ་གསལ།)དཔའ་བོ་གཙུག་ལག་ཕྲེང་བའི《མཁས་པའི་དགའ་སྟོན》དུ་བོད་རྒྱའི་མཚམས་སུ་བོད་ཀྱི་བླ་རི་འགྱེལ་ཞེས་བོད་སྤྱིའི་བླ་རི་ཞིག་ཡོད་ཚུལ་ཡང་གསུངས་ཡོད་དོ།།
བོད་ཀྱི་ལུགས་སྲོལ་ལ་བླ་གནས་ཞེས་པ་ཕུད། ད་དུང“བླ་རྟགས”ཞེས་པའི་ཐ་སྙད་ཅིག་ཡོད་ལ། དེ་ནི་སྲོག་ཆགས་འགའ་ཞིག་གིས་མཚོན་པར་བྱེད་པ་ཡིན། བླ་ནི་སྐྱེ་བོའི་གཟུགས་ལས་སྙིང་ཁར་གནས་པར་འདོད་ལ། དཔེ་ཆ་འགའ་ཞིག་ནང་བླ་ནི་ཉི་མ་དང་ཟླ་རེའི་དུས་ཚོད་མི་འདྲ་བའི་ཆ་རྐྱེན་འོག་གཟུགས་པོའི་ལོགས་གཅིག་ནས་ལོགས་གཞན་ཞིག་ཏུ་འཕོ་འགྱུར་འགྲོ་བར་བཤད། སྨན་གཞུང་ལྟར་ནའང་། མིའི་གཟུགས་སྟེང་གི་རྩ་དུ་མ་ལས་རྩ་གཅིག་ལ་བླ་རྩ་ཟེར་ཞིང་རྩ་དེ་ནི་སྐྱེ་བོའི་བླ་གནས་སའི་རྩ་ཡིན་པར་གྲགས།
བླ་ཞེས་པ་དེ་ནི་ཤིན་ཏུ་ཉག་ཕྲ་ཞིང་བཅོམ་བདེ་བ་ཞིག་ཡིན་ཙ་ན་ལྷ་དང་འདྲེ་ཡིས་རྟག་ཏུ་བཙན་ཉར་བྱ་སྲོལ་ཡོད་ཅེས་བརྗོད་ལ། བཙན་ཉར་བྱས་པའི་བླ་དེ་ཚུར་སྐྱེ་བོའི་ཁོག་ཏུ་བསླུ་བ་དང་བླ་གླུད་ཅེས་གླུད་བཏང་ནས་བླ་ཚུར་བསླུ་ཐབས་བྱ་བའི་ཆོ་ག་ཡང་ཡོད། མཚན་མོ་མི་རྣམས་གཉིད་ལ་ཡུར་སྐབས། བླ་དེ་ཉིད་རྨི་ལམ་དང་འགྲོགས་ནས་འཁྱམས་པས་ན་ལྷ་དང་ཀླུ་འདྲེས་བཙན་ཁྲིད་བྱེད་ལ། དེ་དག་ལས་ཡུལ་ལྷས་བཙན་ཁྲིད་བྱེད་པ་མང་ངོ་ཞེས་ཟེར་སྲོལ་ཡོད་དོ།།
སློབ་དཔོན་པདྨ་འབྱུང་གནས་ཀྱིས་བརྩམས་པར་གྲགས་པའི་སྙིང་མ་བའི་དཔེ་ཆ་ཞིག་གི་ནང་དོན་ནི་ཆེད་མངགས་ངན་སྔགས་སྤྱོད་པའི་སྐོར་ཡིན་ལ། དཔེ་ཆ་དེར་གཞིགས་ན། མཚན་དཀྱིལ་ནི་བླ་ཉིད་གནམ་གྱི་གུང་ལ་འཁྱམས་པའི་དུས་ཡིན་པ་དང་། སྐབས་དེ་ཤེད་ཏུ་ལས་ཀྱི་ཕོ་ཉ་རྦད་པ་ཞེས་བླ་དེ་འཛིན་བཟུང་བྱ་བདེ་ཚུལ་འཁོད་ཡོད། གོང་གསལ་གྱི་དཔེ་ཆ་དེ་ལྟར་ན། མིའི་ཚེ་སྲོག་ནི་རྒྱུ་གསུམ་ལས་གྲུབ་པ་ཞིག་ཡིན། དེ་གསུམ་ནི་བླ་དང་། སེམས། སྲོག་བཅས་སོ།། དེ་བཞིན་དཔེ་ཆ་དེའི་ནང་རྫུ་འཕྲུལ་ལ་བརྟེན་ནས་རང་རང་སོ་སོའི་དགྲ་ཉིད་བཅོམ་ཐབས་རྣམས་གསལ་བར་བཀོད་ཡོད་ལ། ཁོ་བོའི་ལྟ་ཚུལ་ལྟར་ན། ནང་དོན་དེ་རིགས་ལས་བོད་སྐད་ལས་འཕྲོས་པའི་ཐ་སྙད་བླ་ཞེས་པ་དེའི་ངེས་དོན་ཉིད་གསལ་པོར་རྟོགས་ཐུབ་བོ། དེ་ཡང 《སྲིད་པའི་གཏེར་ཁྱིམ་སྒྲོན་མེ》ལས། “མཐུ་བྱེད་ན་ལུས་གསོད་དམ་སེམས་གསོད། ལུས་བརྡོས་པ་ཅན་བེམ་པོ་འདི་བསད་ཀྱང་མི་འཆི། སེམས་སྟོང་པ་ལ་གསོད་རྒྱུ་ཅི་ཡོད་ཞེ་ན། ལུས་སེམས་གཉིས་ཀ་མི་གསོད་དེ། བླ་ལུག་རྫི་བོ་མེད་པ་བཞིན་དུ་འཁྱམས་པ་སྟེ……བཀུག་སྟེ”ཞེས་འབྱུང་། དེ་ཡང་གསལ་པོར་བརྗོད་ན། རྫུ་འཕྲུལ་བསྟན་ནས་ཕ་རོལ་པོ་བཅོམ་མོ་ཞེས་པའི་གཞོམ་སའི་ཡུལ་དེ་ཅི་ཡིན་ནམ། གཟུགས་རེད་དམ་ཡང་ན་སེམས་ཡིན། གཟུགས་ནི་བེམ་རྫས་ཤིག་ཡིན་པས་ན་བསད་ཀྱང་འཆི་རྒྱུ་ཅི་ཡོད་དམ། སེམས་ལ་མཚོན་ནའང་། དེ་ནི་སྟོང་པའི་རང་བཞིན་ཅན་ཞིག་ཡིན་པས་ན་གསོད་རྒྱུ་ཅི་ཡང་མེད། མདོར་ན་ལུས་དང་སེམས་ནི་གསོད་རྒྱུ་རྩ་བ་ནས་མེད་པ་ཞིག་ལགས་ནའང་། བླ་དེ་ནི་ལུག་རྫི་བོ་མེད་པའི་དཔེ་བཞིན་གང་སར་འཁྱམས་འགྲོ་བ་ཡིན་པས་དེ་ངེས་པར་དུ་འགུགས་དགོས་ཞེས་པའི་དོན་ནོ།།
- ཟིན་ཐོ་གོང་མ།གཡུ་ནི་བླ་མཚོན་བྱེད་ཅིག་ཡིན་པའི་སྐོར།
- ཟིན་ཐོ་འོག་མ།མཁས་དབང་ཚེ་རིང་ཐར་མཆོག་ལ་བཅར་འདྲི།