རྗེའི་འཁྲུངས་མཆོད་ནི་འབུམ་འགྱུར་དུས་ཆེན་ཡིན།
གསང་སྔགས་རྫོང་འཕྲང་གནད་ཀྱི་ལྡེ་མིག་ལས། ཁྱད་པར་རྫོགས་པའི་སངས་རྒྱས་ཀྱི་དུས་ཆེན་བཞི་ལ་འབུམ་འགྱུར་དང་། མཆོག་ཆེན་བླ་མ་དགེ་བཤེས་ཀྱི་དུས་ཆེན་རྣམས་ལ་ཁྲི་འགྱུར་རོ། །ཞེས་གསུངས་པ་ལྟར། སངས་རྒྱས་ཀྱི་དུས་ཆེན་བཞི་ལ་དགེ་སྡིག་གང་བྱས་འབུམ་འགྱུར་དང་། མཆོག་ཆེན་གྱི་བླ་མ་དང་དགེ་བཤེས་ཀྱི་དུས་ཆེན་རྣམས་ལ་དགེ་སྡིག་གང་བྱས་འབུམ་འགྱུར་ཡིན་པ་སྤྱི་མཚུངས་ལྟར་ཡིན་ཞིང་། ཁྱད་པར་དུ་ཧོར་ཟླ་དང་པོའི་ཚེས་ལྔ་ནི་ ༧ རྗེ་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་མཆོག་ཉིད་བསྟན་དང་འགྲོ་བའི་དོན་དུ་རིགས་འཛིན་མཁའ་འགྲོའི་ཚོགས་དང་བཅས་ཏེ་གཟུགས་སྐུའི་བཀོད་པ་འཛམ་གླིང་འདིར་མངོན་པར་བཞེངས་བའི་འབུམ་འགྱུར་གྱི་དུས་མཆོད་ཁྱད་པར་ཅན་ཞིག་ཡིན་པ་རྒྱལ་ཚབ་དང་ཀུན་མཁྱེན་སོགས་ཀྱི་ཞལ་གྱིས་བཞེས་པ་ཡིན་པས། ཉིན་མོར་དེར་དཔེར་ན་མར་མེ་རྐང་གཅིག་ཕུལ་ན། མར་མེ་འབུམ་གཅིག་ཕུལ་བའི་ཕན་ཡོན་ཡོད་པ་བཞིན། ཉིན་མོ་དེར་ལུས་ངག་ཡིད་གསུམ་གྱིས་དགེ་སྡིག་གི་ལས་གང་བྱས་པ་ཐམས་ཅད་འབུམ་འགྱུར་ཡིན་པ་ནི། རྒྱལ་བ་འཕགས་པ་གོང་མ་དག་གིས་ལན་གཅིག་ཙམ་མིན་པར་ཡང་ནས་ཡང་དུ་ནན་གྱིས་གསུངས་པ་ཡིན་པས། དེ་ལ་ཡིད་ཆེས་ཤིང་བློ་སེམས་རྩེ་གཅིག་ཏུ་གཏད་ན་དུས་ནམ་ཡང་བསླུ་བ་མེད་པ་ཡིན་ཏེ། ལུང་ལས།
རི་རབ་གཞན་དུ་འཕོ་བ་དང་། རྒྱ་མཚོ་ཆེན་པོ་འཁྱོལ་བ་དང་། ཉི་ཟླ་ཐང་ལ་འགྲོ་ཡང་སྲིད། གཡུང་དྲུང་བོན་གྱིས་བསླུ་མི་སྲིད། ཅེས་གསུངས་སོ།
།དེ་ཡང་གོང་ནས་ལུང་དུ་བསྟན་པ་ལྟར་སྤྱིར་དགེ་བའི་ལམ་སྒོ་ལ་ཞུགས་ཀུན་དང་། ཁྱད་པར་དུ་ ༧ རྒྱལ་བ་གཉིས་པའི་རྗེས་འཇུག་རང་ཅག་བོད་འབངས་ཡོངས་ཀྱིས་
༧ རྗེ་རིན་པོ་ཆེའི་དུས་ཆེན་ཉིན་མོ་འདི་ལ། སྡིག་པའི་ལས་ལ་གཡོལ་ཅི་ཐུབ་དང་། དགེ་བའི་ལས་ལ་གང་དྲག་འབད་བརྩོན་གནང་བར་དྲན་སྐུལ་གྱི་ཆེད་དུ། བསྟན་འཛིན་གྱི་སྐྱེས་མཆོག་གོང་མ་དག་གིས་གསུངས་པ་རྣམས་སྟབས་བདེའི་ཆེད་དུ་རྒྱས་བསྡུས་བྱས་ཏེ་འདིར་བཀོད་པ་ཡིན་ནོ།
།
རིག་པའི་མེ་ལྕེའམ་སྟག་ཚ་ལུང་རྟོགས་རྒྱ་མཚོ་རུ་འབོད་པས་གཤེན་གྱི་འབྱུང་ལྡན་
༣༠༡ མེ་སྤྲེལ་ལོའི་ཧོར་ཟླ་ ༡ ཚེས་ ༤ དང་སྤྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༡༢ ཉིན་བལ་ཡུལ་ནས་བྲིས། །