ལྷ་མི་གཞན་བརྟེན་གྱི་སྐོར་ལ་བསམ་གཞིག་བྱས་པའི་ཟིན་ཐོ།
མཚན་མ་ཅི་ཡང་མ་གྲུབ་བོན་སྐུ་ལས།།
མཚན་དཔེ་ཡེ་ཤེས་ཕུང་པོ་ལྷུན་གྲུབ་པ།།
གང་འདུལ་མཁྱེན་དང་བརྩེ་བའི་བདག་ཉིད་ཅན།།
རྒྱལ་བའི་མགོན་པོ་དམུ་རྒྱལ་སྲས་ལ་འདུད།།
བསྲེགས་བཅད་གསེར་དང་འོ་སྙིང་མར་བླངས་བཞིན།།
ཡང་དག་བཀའ་ཡི་གནད་ལ་འགྲེལ་མཁས་པ།།
དགའ་སྟོན་ཚུལ་རྒྱན་རྒྱལ་བ་མཉམ་མེད་སོགས།།
སྔོན་བྱོན་མཁས་པའི་ཚོགས་ལ་གུས་བརྒྱས་འདུད།།
སྔོན་གླེང་།
བློས་གྲོས་ཀྱི་རབ་ཏུ་ཡངས་པའི་གྲོགས་པོ་རྣམ་པ་ཚོ། བདག་ལ་ཁྱེད་རྣམས་ཀྱི་སེམས་ཁམས་ལ་སྨན་པའི་བློ་སྐྱེད་གསར་བ་ཞིག་སྤྲད་རྒྱུ་མེད་ནའང་། རྩོམ་རྒྱུགས་ཀྱི་ས་མིག་མི་སྟོང་བའི་ཆེད་དུ་ད་ལམ་ཚིག་འགའ་འདི་རུ་མ་བྲིས་ཐབས་མེད་གྱུར། གྲོགས་པོ་རྣམ་པ་ཚོ། གུས་པ་བདག་ལ་རྣམ་དཔྱོད་ཀྱི་ཤེས་རབ་མེད་པའི་ཁར་རྣམ་གཡེང་དང་ལེ་ལོ་ཁོ་ནའི་དབང་དུ་གྱུར་བའི་གྲྭ་རྐྱང་དཀྱུས་མ་ཞིག་ཡིན། དེས་ཕྱིར་བདག་གི་རྩོམ་ཡིག་འདི་ལ་ཚིག་སྦྱོར་སྡེབ་ལེགས་ཀྱི་སྙན་ཆ་གང་ཡང་མེད་པར་རྡོ་ཆག་བཙན་གྱིས་བསྒྲིགས་པ་ཞིག་ལས་མ་འདས་ནའང་། ཐུགས་རྒྱུད་བྱམས་དང་སྙིང་རྗེས་ཕྱུག་པའི་གྲོགས་པོ་ཡོངས་ཀྱིས་རྩོམ་བྲིོས་སྙན་མིན་ལ་མི་བལྟ་བར་རྩོམ་ཡིག་འདིའི་མགོ་མཇུག་བར་གཞིགས་ཏེ། སྐྱོན་དང་ནོར་འཁྲུལ་གང་ཡོད་ལ་དམའ་འབེབས་ཀྱི་བྱ་ངན་རིང་དུ་དོར་ཏེ། ལྷག་བསམ་གྱི་ཀུན་སློང་བཟང་བོས་ལུང་རིག་དང་འབྲེལ་ནས་ལེགས་སྤེལ་ཉེས་འགོག་གི་དགོངས་འཆར་གནང་བར་ཞུ།
གསལ་གསལ་རྣམ་དཔྱོད་སྐྱེས་སྦྱངས་ཤེས་རབ་ཀྱིས།།
ཡངས་ཡངས་ཐུགས་མཆོག་ནོར་འཛིན་ཁྱབ་པ་ཡི།།
མཛེས་མཛེས་གཟུ་བོར་གནས་པའི་འདུས་སྡེའི་དྲུང་།།
དྭངས་དྭངས་ཡིད་ཀྱིས་བཅོས་མིན་སྔོན་གླེང་ཞུ།།
མཆོད་བརྗོད་དང་སྔོན་གླེང་གིས་མདུན་བསུས་ཏེ། སྐབས་སུ་གླེང་བར་བྱ་བ་ནི། ལྷ་མི་གཞན་བརྟེན་གྱི་སྐོར་ལ་བསམ་གཞིག་བྱས་པའི་ཟིན་ཐོ་ཞེས་བྱ་བ་འདི་ཡིན། དེ་ལ་དང་པོ་ལྷ་མི་གཞན་བརྟེན་ཞེས་པའི་ངེས་ཚིག་ནི། གང་ཞེ་ན། ལྷ་མིའི་སྟོན་པ་གཞན་གྱི་གསུང་ལ་རག་ལས་པ་འམ་བརྟེན་པས་ན་གཞན་བརྟེན་ཞེས་བྱ་བ་ཡིན་ཏེ། ལ་ཟླའི་བམ་པོ་ལས། སྟོན་པའི་གསུང་ལ་རག་ལུས་པས། གཞན་བརྟེན་མིང་གི་ངེས་ཚིག་ཡིན། འོ་ན་གཡུང་དྲུང་སེམས་དཔའ་རྣམས་ཀྱང་དེ་རུ་འགྱུར་ཞེ་ན། སྐྱོན་མེད་དེ་སྒྲ་བཤད་དུ་ཡོད་ཀྱང་འཇུག་ཏུ་མེད་པ་ཀུན་མཁྱེན་ཉི་མའི་ཤེར་ཕྱིར་སྐབས་དང་པོའི་དགོངས་པ་ཡིན་པའི་ཕྱིར། དེང་དུས་ཀྱིས་རྟོག་གེ་བའི་ཁྲོད་དུ་མ་དག་པའི་བཤད་ཡམས་རྒྱུན་ཆགས་སུ་ཡོད་པ་ནི། ཕལ་ཆེར་ཞིག་གིས་ལུང་ཕྱོགས་གཅིག་ལ་བལྟས་ཏེ། ལྷ་མི་གཞན་བརྟེན་ཞེས་པ་འདིས་བརྟགས་དཔྱད་གང་ཡང་བྱེད་མི་ཤེས་པ་དང་། ལྟ་བ་ཡང་དག་པ་གང་ཡང་འཇོག་མི་ཤེས་པ་མ་ཟད་གཞི་ལམ་འབྲས་གསུམ་གྱིས་རྣམ་བཞག་ནི་ཚིག་སྤྱི་ཙམ་བཤད་མི་ཤེས་ཞེས། ཆེས་རྟུལ་བའི་གྲུབ་མཐའི་སྡེ་འཛིན་པ་ཞིག་ཡིན་པར་བཤད་འདུག་པ་ཤ་སྟག་རེད། དེ་ལྟ་བུའི་རྟོག་གེ་གསར་རུ་རྣམས་ལ་ཐལ་བ་འཕེན་པ་འདི་ལྟར། ལྷ་མི་གཞན་བརྟེན་ལྷ་མི་གཞན་བརྟེན་པས་གང་ཟག་གི་བདག་མེད་རྟོགས་པ་མེད་ཟེར་བ་མི་འཐད་པར་ཐལ། ཟླ་བམ་པོ་ལས། ལྷ་མི་གཞན་བརྟེན་ཁྱད་པར་འཕགས། དེ་ཡང་ཇི་ལྟར་འཕགས་ཤེ་ན། གང་ཟག་བདག་མེད་རྟོགས་པའི་འཕགས། ཞེས་གསུངས་པའི་ཕྱིར། ཞེས་ཐལ་བ་འཕངས་ཚེ་དོགས་པ་སྤུ་ཙམ་ཡང་མེད་པར། དགོངས་པ། དེ་ནི་རྣམ་རྩོད་སྡེ་གཉིས་རང་རྟོགས་ཀྱི་ཁོངས་སུ་བསྡུད་པའི་དབང་དུ་བྱས་པ་མ་གཏོགས་གཞན་བརྟེན་གྱིས་རྟོགས་པའི་དོན་མ་རེད་ཅེས། རྣམ་རྩོད་སྡེ་གཉིས་གཞན་བརྟེན་མ་ཡིན་པ་འདོད་ཆོག་ཆོག་བྱས་ཏེ། ལུང་དེ་དག་ལ་ཇ་ཕོར་བ་གང་གི་འདང་རྩིས་རྒྱག་གི་མི་འདུག དེ་ནི་ཧ་ཅང་ཡིད་ཕམ་པའི་གནས་སུ་གྱུར། ལྷ་མི་གཞན་བརྟེན་ཞེས་པ་འདི། དེ་འདྲ་ཞིག་གཏན་ནས་མ་ཡིན་ཏེ། འདི་རང་སྡེ་ནང་པ་སངས་རྒྱས་པ་ཀུན་གྱི་ཐུན་མོང་མ་ཡིན་པའི་ལྟ་བ་བོན་རྟགས་ཕྱག་རྒྱ་བཞི་དང་། སྤྱོད་པ་དགེ་བཅུ་རང་དོན་དུ་སྤྱོད་པ་དང་། སྒྲུབ་ཐབས་ལ་བདེན་བཞི་མི་རྟག་ཁྱད་བོན་བཅུ་དྲུག་དང་། འབྲས་བུ་ཟུང་བཞི་ཡ་བརྒྱད་དེ། རྒྱུན་ཞུགས་ཞུགས་འབྲས་གཉིས། ཕྱིར་བརྕོན་ཞུགས་འབྲས་གཉིས། ཕྱིར་མི་ལྡོག་པའི་ཞུགས་འབྲས་གཉིས། བདུད་བཅོམ་ཞུགས་འབྲས་གཉིས་ཏེ་བརྒྱད་ཡོད་པ་ཞིག་ཡིན་པའི་ཕྱིར་ཏེ། ལ་ཟླའི་བམ་པོ་ལས། གཞན་བརྟེན་ཕྱི་རོལ་བ་ལས་ཁྱད་པར་འདོན་པའི་སྐབས་སུ། ལྷ་མི་གཞན་བརྟེན་ཁྱད་པར་འཕགས། དེ་ཡང་ཇི་ལྟརའཕགས་ཤེ་ན། གང་ཟག་བདག་མེད་རྟོགས་པའི་འཕགས། ཞེས་ལྷ་མི་དག་གི་ལྟ་བ་ཁྱད་པར་འདོན་པ་བསྟན་པ་དང་། ཡང་གཞན་ཁྱད་པར་འདོན་པའི་སྐབས་སུ། དགེ་བཅུ་རང་དོན་སྤྱོད་པས་འཕགས། ཞེས་དང་། བདེན་བཞིའི་སྒོ་ནས་སྒྲུབ་པ་ཡི། དེས་ན་སྒྲུབ་པ་ཁྱད་པར་འཕགས། ཞེས་དང་། དགྲ་བཅོམ་ཞིང་དག་ལས་སོགས་ཏེ། ཟུང་བཞི་ཡ་བརྒྱད་ཐོབ་པས་འབྲས་བུ་འཕགས། ཞེས་པ་སོགས་ཀྱིས་རིམ་བཞིན་སྤྱོད་པ་སྒྲུབ་ཐབས་འབྲས་བུ་སོགས་ཁྱད་བོན་ཐུན་མོང་མ་ཡིན་པའི་སྒོ་ནས་ཁྱད་འདོན་པ་བསྟན་པ་དང་། ད་དུང་དེ་ཙམ་གྱིས་མི་ཚད་པར་ལ་ཟླའི་བམ་པོ་ལས། གཞན་བརྟེན་གོལ་བར་བསྟན་པའི་སྐབས་སུ་ཡང་། བློ་ཡིས་གཉིས་ཀྱི་མུར་འཛིན་པས། རང་རིག་ཡེ་ཤེས་ལ་མ་ཟློས། དེ་བས་ཕྱིན་ཅི་ལོག་པ་ཡིན། ཞེ་འདོད་བློ་ཡི་ལྟ་བ་བརྒྱད། གང་ཟག་བདག་མེད་དོན་རྟོགས་ཀྱང་། བོན་ལ་བདག་ཏུ་འཛིན་མ་སྤངས། བོན་བདག་གཟུང་འཛིན་གཉིས་སུ་སྣང་། འཛིན་པ་རྒྱུན་ཐག་སྐད་ཅིག་འགག རྟག་ཆད་གཉིས་ལས་འདའ་བར་བསྟན། དཔེར་ན་ཆུ་གྷ་གྷ་བཞིན། བཟུང་བ་ཀུན་རྫོབ་ཕར་བསལ་ནས། དོན་དམ་རྡུལ་ཕྲན་རྫས་སུ་འདོད། དཔེར་ན་གཡག་རྔ་ནེའུ་གསིང་བཞིན། མདོ་སྡེ་བྱེ་བྲག་རྣམ་གཉིས་འདོད། ལྷ་མི་ཞེ་འདོད་ལྟ་བ་བས། གཉིས་མེད་བདེ་ཆེན་དོན་དང་འགལ། ཞེས་པས་ལྷ་མི་གཞན་བརྟེན་ལ་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་བཤད་རྒྱུར་ཡོད་པར་བསྟན་པ་མ་ཟད་རྣམ་རྩོད་སྡེ་གཉིས་ཀྱང་ལྷ་མི་གཞན་བརྟེན་པའི་དབྱེ་བར་གསུང་འདུག་ལ། འཇོག་པའི་རྒྱུ་མཚན་ཡང་། དོན་གནས་ཚོད་ལ་དེ་གཉིས་ལྷ་མི་གཞན་བརྟེན་པ་ཡིན་པའི་རྒྱུ་མཚན་ཡིན། དེ་དག་གང་གིས་ཤེས་ཤེ་ན། གོང་དྲང་མ་ཐག་པའི་ཡེ་ཁྲིའི་གཞུང་དེ་དང་། ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་བཀའ་ཡི་འགྲེལ་མེ་ལོང་དགུ་སྐོར་གྱི་དགོངས་འགྲེལ་དུ་བཤད་པ། མཁས་པའི་དབང་པོ་སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་དེ་ཉིད་ཀྱིས་མཛད་པའི་ཐེག་རིམ་གསལ་བྱེད་མེ་ལོང་ལས། རང་རྟོགས་གཤེན་རབ་ཐེག་པའི་འདོད་གཞུང་ནི་ཞེས་པའི་སྐབས་སུ། འདིར་གཤེན་རབ་རྣམ་རྩོད་རང་རྟོགས་ཀྱི་ཁོངས་སུ་བསྡུས་ཀྱང་། དེ་གཉིས་ཐེག་པ་ཆེ་ཆུང་སོ་སོ་བ་སྟེ། དེ་གཉིས་ཀྱི་ལྟ་སྤྱོད་ཕལ་ཆེར་ནང་འགལ་བས་སོ། ཞེས་དང་། འཛམ་གླིང་མཁས་པའི་གཙུག་རྒྱན་ཀུན་མཁྱེན་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་མཛད་པའི་ཐེག་རིམ་རྣམ་འབྱེད་འཕྲུལ་སྡེ་ལས། རང་རྟོགས་གཤེན་རབ་ཀྱི་མཚན་ཉིད་འཇོག་པའི་སྐབས་སུ་ཡང་གཙོ་བོ་གཟུང་འཛིན་གྱི་ཕྲ་བ་དོན་དམ་དུ་འདོད་པའི་ཡང་དག་གི་ལྟ་སྤྱོད་འདེག་བྱེད་བློ་སྟོབས་ནི་རང་རྟོགས་ཐེག་པའི་དོན་ནོ། དེ་ཡང་རྣམ་རྩོད་རང་རྟོགས་ལ་སྡུད་པའི་སྒོ་ནས་སོ། ཞེས་པ་སོགས་ཀྱི་བབ་ལ་བརྟགས་ན་རྣམ་རྩོད་སྡེ་གཉིས་རང་རྟོགས་པ་མིན་ཀྱང་རང་རྟོགས་པའི་ཁོངས་བསྡུས་ནས་གསུང་བ་གསལ་བོ་ཤེས་ནུས། ཡང་ཐེག་འགྲེལ་ལས། ལྷ་མི་གཞན་བརྟེན་གྱི་ཐེག་པ་བས་གང་ཡང་མ་ཤེས་ཏེ། རྟོལ་མེད་པར་མུན་པའི་ཤེས་པས་འདི་ཁོ་ན་ལྟར་དུ་བདེན་པ་ངེས་པར་བྱེད་དོ། ཞེས་པ་དེ་ཡང་གཞུང་འདི་ཡི་སྒོ་ནས་ཡིན་གྱི་སྤྱིར་གཞན་བརྟེན་གྱིས་གང་ཟག་བདག་མེད་རྟོགས་པ་མེད་པ་དང་གཞན་བརྟེན་ལ་ལྟ་བ་མེད་མ་ཡིན་ནོ། གཞུང་འདིའི་དབང་དུ་བྱས་ན་ལྷ་མི་གཞན་བརྟེན་ཞེས་པ་དེ། ཁྱེད་རང་གི་གོང་དུ་སྨོས་པ་ནང་བཞིན་ལྟ་བ་གང་མེད་པའམ་གང་མ་ཤེས་པ་དང་། གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་བཤད་རྒྱུར་མེད་པ་ཞིག་ཡིན། དེ་གང་ཞེ་ན། གཞུང་དེ་ནི་རྣམ་རྩོད་སྡེ་གཉིས་རང་རྟོགས་ཀྱི་ཁོངས་སུ་བསྡུས་པའི་ལུགས་ཡིན་པས། རྣམ་རྩོད་སྡེ་གཉིས་རང་རྟོགས་ཀྱི་ཁོངས་སུ་བསྡུས་པའི་ལུགས་ལ། གཞན་བརྟེན་ཞེས་པ་དེ་ལྟར་དགོས་པ་དེ་ཐེག་འགྲེལ་མེ་ལོང་དགུ་སྐོར་དང་། དེའི་དགོངས་འགྲེལ་སྒ་སྟོན་ཐེག་འགྲེལ་དང་རྗེ་རིན་པོ་ཆེའི་ཐེག་འགྲེལ་སོགས་དགོངས་པ་གཅིག་མཐུན་ཡིན་པའི་ཕྱིར། ཡང་ཁ་ཅིག་གི་དེ་དག་ལ་མི་བསམ་པར་ཁྱོད་རང་གི་ལུང་ལ་དགོངས་པ་ལེན་གྱི་འདུག ངས་དགོངས་པ་བླང་ཡོད། ད་དེ་གཉིས་གཅིག་པ་ཆགས་སོང་ཟེར་གྱི་འདུག དེ་ནི་གཏན་ནས་མི་འདྲ་སྟེ། ངས་དགོངས་པ་ལེན་པ་འདི་རང་བཟོ་དང་འོལ་ཚོད་མ་ཡིན་པར་སྒ་སྟོན་རིན་པོ་ཆེ་དང་རྗེ་རིན་པོ་ཆེ་རྣམ་གཉིས་ཀྱི་མཛད་པའི་ཐེག་འགྲེལ་མེ་ལོང་དགུ་སྐོར་གྱི་དགོངས་འགྲེལ་ཇི་བཞིན་ཚིག་ཟིན་ཁས་བླངས་པ་ཡིན་གྱི། ཁྱོད་དེ་དང་འགལ་བ་མ་ཟད། ཁས་ལེན་དེ་ཡང་རང་བཟོ་དང་འོལ་ཚོད་ཙམ་ལས་མཐོན་པའི་ཁྲི་ལ་འགྱིང་བའི་མཁས་པ་དག་གི་དགོངས་པ་མ་ཡིན་པའི་ཕྱིར་རོ།
དེང་དུས་རྟོག་གེ་གསར་རུ་འགའ་ཞིག་གིས།
སྔ་རབས་མཐོན་པོའི་ཁྲིར་འགྱིང་མཁས་པ་ཡི།
གཞུང་དང་འགལ་ཀྱང་ཨུ་ཚུགས་འཛིན་པ་འདི།
གཟུར་གནས་མཁས་པའི་གཟིགས་ན་སྐྱོ་བའི་གནས།
ཆེས་རྨོངས་བླུན་པོ་བདག་གི་རྟོག་འཆར་ཡིན་གྱི་ལུང་རིག་བདར་ཤ་ཆོད་པའི་གཏམ་གླེང་མིན།
གཟུར་གནས་སློབ་གྲོགས་ཡོངས་ཀྱི་གཟིགས་བྱ་ཡིན་གྱི་ཕྲག་དོག་གདུག་རྩུབ་ཅན་གྱི་སྤྱོད་ཡུལ་མིན།
བློ་ཆུང་བདག་བློ་གོང་འཕེལ་གཏོང་ཆེད་ཡིན་གྱི་ཆེ་སྙམ་གྲགས་པའི་དོན་དུ་བྲིས་པ་མིན།
རྒྱལ་འཕགས་གོང་མའི་བཀའ་ལ་བརྟེན་པ་ཡིན་གྱི་བླུན་པོ་ཚུལ་འཆོས་ཅན་གྱི་ཧམ་བཤད་མིན།