དགའ་མལ་དགོན་ན་སྐྱབས་མགོན་ཟླ་བ་རྒྱལ་
མཚན་གྱི་ དུས་ཆེན་འཚོགས་པ།
ཤར་པ་བསོད་བརྟན།
དེ་རིང་ནི་ཧོར་ཟླ་བཅུ་པའི་ཚེས་དྲུག་དང་ཡུལ་ལུགས་ཟླ་བ་བཅུ་གཅིག་པ་དགུན་འབྲིང་པོའི་ཚེས་བདུན་སྟེ་འདི་ནས་རྩིས་པའི་ལོ་ངོ་༡༥༡སྟེ་སྐྱབས་མགོན་ཟླ་བ་རྒྱལ་མཚན་སྐུ་ཞི་བར་བཤེགས་པའི་ལོ་ཡིན་པ་དང་ལོ་ངོ་༢༡༧སྟེ་ཁོང་འཁྲུངས་པའི་དུས་བཟང་དེ་ཡིན། འདི་ནི་ཁོང་ཉིད་སྐུ་མྱ་ངན་ལས་འདས་ཚུལ་སྟོན་པའི་དུས་དེར་རྗེས་དྲན་ནམ་འདས་མཆོད་ཆེན་མོ་སྟེ་སྐྱབས་མགོན་དུས་ཆེན་ཞེས་ཡོངས་སུ་གྲགས་པ་དེ་ཡིན། དུས་ཆེན་འདི་ནི་ལོ་རེར་ཐེངས་རེ་འཚོགས་པའི་ལུགས་སྲོལ་ཡོད་པ་བཞིན་ཚང་མས་ཤེས་བསལ་ཡིན་རུང་། རང་ཉམས་རང་དམན་འགའ་རེས་འདས་མཆོད་དང་འཁྲུངས་མཆོད་གང་ཡིན་མ་ཤེས་པ་དང་ཕྱོགས་ཀྱི་མི་སྣ་འགའ་རེར་ངོ་སྤྲོད་ཙམ་ཏུ་གསར་འགྱུར་ལྟ་བུ་ཞིག་གི་ཚུལ་ཏུ་འབྲི་སྟེ། དེ་ཡང་དེ་རིང་སྔ་དྲོ་ནས་དབུ་བཟུང་དགའ་མལ་གཡུང་དྲུང་དར་རྒྱས་གླིང་གི་བླ་གྲྭ་གཙོས་གཡུང་དྲུང་བོན་བཤད་སྒྲུབ་འདུས་སྡེའི་དགེ་སློབ་ལྷན་རྒྱས་སྟོད་པ་སྒྲུབ་ཁང་ནང་དུས་ཆེན་དངོས་སུ་འཚོགས་སྟེ་མདོ་གཡུང་དྲུང་ཀློང་རྒྱས་སོགས་དུས་ཆེན་འགྲོ་རིམས་ལྟར་ཆོ་ག་བསྒྲགས། ཚེས་བརྒྱད་ཉིན། སྔ་དྲོ་ཡར་འཚོགས་སྟེ་ཁ་སངས་འདོན་འཕྲོའི་ཆོ་ག་བཏང་སྟེ་ཉི་དྲོས་འཚམས་ན་འཚོགས་གྲོལ་སྟེ་གྲྭ་མང་གིས་གོས་སྐུ་བཤམས་ཤིང་དགེ་བསྐོས་དང་མཆོད་དཔོན་སོགས་ལས་སྣ་འགའ་རེས་གོས་སྐུ་མདུན་དུ་མཆོད་པ་སྣ་ལྔ་རྒྱ་ཆེར་བསྒྲིགས། ཆུ་ཚོད་བཅུ་གཉིས་ཙམ་ཐོག་གྲྭ་མང་དགེ་སློང་ཆ་ཚང་གོས་སྐུའི་མདུན་ན་འདུས་སྟེ་རྣམ་དག་འགྱུར་མེད་སོགས་མཆོད་པ་སྣ་ལྔ་དབྱངས་གྱིས་གྱེར་སྟེ་མཆོད་པ་ཚུལ་ཞིང་ཕུལ། སྣ་ལྔ་འབུལ་ཚར་བ་དང་སྐྱབས་མགོན་གྱི་སྐུ་བརྙན་གདན་དྲངས་སྟེ་བླ་གྲྭ་དགེ་སློང་འདུས་པ་རྒྱ་མཚོ་སེར་འཕྲེང་སྒྲིགས་ཏེ་དགོན་མཐར་གླིང་བསྐོར་ཕེབས། ཕྱི་དྲོ་ཆུ་ཚོད་ལྔ་པ་ཙམ་ཐོག་དུས་ཆེན་གྲོལ་སོང་། འདི་ནས་ཟུར་བཤད་བྱེད་དགོས་པ་ཞིག དགོངས་མོ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་བཀོད་སྒྲོགས་ལྟར་འདུས་སྡེའི་སློབ་མ་ཚོས་མར་མེ་མཆོད་པ་རྒྱ་ཆེར་ཕུལ་ཞིང་། སྐྱབས་མགོན་རིན་པོ་ཆེའི་གསོལ་འདེབས་ཟླ་བྲལ་ཨ་དཀར་དབྱངས་ཀྱིས་གྱེར་ཞིང་དགོན་མཐར་བསྐོར་བ་ལན་གསུམ་བྱས་ཤིང་བཤད་སྒྲུབ་འདུས་སྡེའི་དཔེ་མཛོད་ཁང་ནང་ཡར་འདུས་ཏེ་སྐྱབས་མགོན་སྐུ་བརྙན་བཤམས་པའི་མདུན་དུ་ལྷ་ཕྱག་དང་མཆོད་པ་སྣ་ལྔ་ཕུལ་བ་དང། བསྟན་རྒྱས་སྨོན་ལམ་གསུང་། བཤད་སྒྲུབ་འདུས་སྡེའི་སྤྱི་གཞུང་ནས་སློབ་མ་ཚོར་གསོལ་སིལ་མངར་མོ་རྒྱ་ཆེར་དྲངས་སྟེ་མཐར་བཀྲ་ཤིས་ཕུན་ཚོགས་དང་བཅས་ད་ལོའི་སྐྱབས་མགོན་དུས་ཆེན་གྱི་འཇུག་ཡོངས་སུ་གྲུབ་སོང་། ཅེས་མདོར་བསྡུས་ཙམ་ཏུ་ཕྲན་བསོད་ནམས་རབ་བརྟན་དུ་འབོད་པས་དུས་ཆེན་གྱི་མཚན་མོ་ཤར་མ་བྲིས། ནོར་འཁྲུལ་ཡོད་ན་སྐྱབས་མགོན་མཆོག་ལ་བཤགས།
- ཟིན་ཐོ་གོང་མ།སྙིང་སྟོབས་ཀྱི་གད་རྒྱངས།
- ཟིན་ཐོ་འོག་མ།ཆ་བཅག་རྣམ་རྒྱལ་ མཆོད་རྟེན།