ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1234567
891011121314
15161718192021
22232425262728
293031
སྤྱི་བསྒྲགས།

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 6
  • དཔྱད་བརྗོད། 16
  • ཆེམས། 0
  • ཀློག་གྲངས། 4519


 
ཡ་ཐོག་ཞང་བོད་ཀྱི་ཤེས་བྱ་མྱོང་ཚོར་གསོང་པོར་བརྗོད་པའི་གཏམ་ཐུང་། 
[ 2011/5/13 23:34:00 | By: smngyal ]
 

ཡ་ཐོག་ཞང་བོད་ཀྱི་ཤེས་བྱ་མྱོང་ཚོར་གསོང་པོར་བརྗོད་པའི་གཏམ་ཐུང་།

དྲང་བརྗོད་ཀྱི་གཏམ།

འཇོན་མེད་ཨུ་ཚུགས་ལ་རྒྱབ་གྲད་ནས་ཤེས་མེད་གླེན་པའི་བསམ་འཆར་སྨྲ་བ་ནི་བུ་ཆུང་ངའི་རང་གཤིས་གསོང་པོ་ཡིན། དེ་ཡང་བདག་དང་བདག་ལྟ་བུ་ལ་ནི། རྣམ་དཔྱོད་ཀྱི་གཤོག་རྩལ་རྒྱས་ནས་ལུང་རིག་ཤེས་བྱའི་གནས་ལ་ཅི་དགར་རོལ་བའི་མཁས་པ་ཡང་མིན།བརྡ་དག་ཚིག་གི་སྦྱོར་བ་ཕུན་སུམ་འཚོགས་ཤིང་ སྙན་འཇེབས་རོ་བརྒྱ་ལྡན་པའི་སྡེབས་ལེགས་དབྱངས་རྟ་འགུག་པའི་སྙན་ངག་པའང་མིན།སྟོབས་འབྱོར་ལོངས་སྤྱོད་ཀྱི་མངའ་ཐང་རྣམ་སྲས་བང་མཛོད་ལ་ འགྲན་ཞིང་ཆེ་གྲགས་གཏམ་གྱི་རྔ་གཡབ་ནོར་འཛིན་ཁྱོན་ལས་བརྒལ་བའི་ཕྱུག་པོའང་མིན་ལ་ཆེ་དགུ་བརྩན་ཕྱུག་ཀྱི་དབང་ཐང་ནི་ལྷ་ཡི་དབང་པོ་བརྒྱ་བྱིན་དང་འདྲ་བའི་མིང་དང་གོ་ས་བྱུར་བུར་གཏམས་པའི་རྒྱལ་པོའང་ག་ལ་སྟེ།ཅི་སྟེ་ན།ཉེར་གཅིག་དུས་རབས་གསར་པའི་ནང་དུ་འཚར་ལོངས་བྱུང་ཞིང་ཁེར་རྐྱང་གི་ལམ་བུ་ཕྲ་མོའི་གོམས་ཁའི་བག་ལ་ཞ་ཞིང་ཤེས་རིག་ལང་ཚོའི་སྤོབས་པ་བྲལ་བའི་ཆེ་གེ་མོ་ཞིག་ནའང་།དུས་རབས་ཀྱི་འཕར་རྩའི་སྨོན་སེམས་ནི།བརྩོན་འགྲུས་ཀྱི་སྦ་ལྕགས་ཀྱི་ཚགས་སྒྲ་དེས།རྣམ་གཡེང་ལེ་ལོའི་ཐོག་ཏུ་ངོམས་ནས།ཤེས་རིག་དགའ་མའི་ཐང་ཆེན་སྟེང་དུ་།ལུང་རིགས་གཤོག་ཟུང་གི་བང་རྩལ་འགྲན་ཏེ།

ནང་བསྟན་དོན་དམ་གྱི་བག་ཆགས་ཕྲ་མོ་འཇོག་པའི་པའི་ཆོད་སེམས་དང་སྨོན་པ་སྙིང་ཁམས་སུ་བཅངས་པའི་བུ་ཆུང་ངའི་མ་འོངས་པའི་ལྟ་བའི་ཆ་ཤས་ཤིག་ཡིན་པར་མཚོན།མདོ་རྩ་མ་རིག་པའི་སྲོག་དབང་གི་བདག་འཛིན་གྱི་ཤ་ཤེད་རྫོགས་ནས་འཇིག་རྟེན་འདིར་འཁྱམས་པའི་ལག་རྗེས་སུ་དོན་པོ་ཆེ་ཞིག་དགོས་པ་ཡིན་ཏེ།ཅི་སྟེ་ན།སྤྱི་ལོའི་དུས་རབས་གོང་མའི་ཡར་སྔོན་དུ།ཕ་སྤྲེལ་རྒན་རྔ་འབོའི་རིགས་རྒྱུད་མ་བསླད་ལ།མ་དམ་སྲི་སྲིན་མོའི་མངལ་ནས་མ་སྐྱེས་པའི་སྔོན་ལ།བླ་རི་ཏི་སེ་རྒྱལཔོ་དང་བླ་མཚོ་མ་ཕམ་གཡུ་མཚོ་གཉིས་སྲིད་པ་ཆགས་པའི་དང་པོ་ནས་བཟུང་།ལུསདང་གྲིབ་མ་བཞིན་དུ་འགྲོགས་པའི་སྲིད་པའི་ཕ་མྱེས་བོན་རྒན་རྒད་པོའི་བོན་སྲིད་བདེན་དཔང་ངོ་མའི་དར་ཆ་བསྒྲེངས་པའི་ཡ་ཐ་ནས་བཟུང་།མགོན་མེད་སྐྱབས་མེད་ཀྱི་ལམ་བུའི་ཐོག་དངོས་ཡོད་བདེན་དཔང་གི་དྲང་ བདེན་ལ་བརྟེན་ནས་མེས་ནོར་ཞང་ཞུང་གི་ཤེས་རིག་འདི་ཡབ་མེས་དམུ་ཐག་གོང་མའི་དར་དཀར་མུ་ཏིག་འཕྲེང་བའི་རྒྱུད་པ་ལྟར།དུས་རབས་ནས་དུས་རབས་ལོ་རབས་ནས་ལོ་རབས་བར་དུ་དཀའ་སྡུག་དུ་མ་བསགས་པའི་འགག་རྩ་གཙོ་བོ་ནི།༼B.C༽སྤྱི་ལོའི་སྔོན་༢༦༩༠ཡས་མན་གྱི་བོད་ཀྱི་མངའ་འབང་ཀུན་ ལ་གནའ་སྔོན་ཞང་བོད་རྒྱལ་རབས་སོགས་ཀྱི་ལྷ་སྐལ་དུ་བཞགས་པའི་འདི་ཕྱི་གཉིས་ཕན་གྱི་སྲོལ་བཟང་རྣམས་ལ་བོད་རྒྱལ་བརྒྱད་པའི་རྒྱལ་བློན་རྣམས་ཀྱི་ཞེ་ཕྲེལ་ནས་ཐན་ལྟར་མཐོང་བའི་བློ་ཉེས་དང་ང་ཚོའི་ཁྱིམ་མཚེས་ཀྱི་རྒྱལ་ཁབ་རྣམས་བློ་ཁ་ཡང་པའི་རྐྱེན་གྱི་རྒྱ་དཀར་ནག་ཡུལ་ནས་བག་མ་བསུས་ཞིང་དཔེ་ བརྐུ་བྱས་པའི་ལོ་རྒྱུས་དེ་ཡིན།མདོར་ན།ད་ལྟའི་སྐལ་བཟང་ཡར་ངོ་འཕེལ་བའི་ཉེར་གཅིག་དུས་རབས་གསར་བའི་ནང་དུ་།བོད་ཀྱི་ཤེས་རིག་གི་མ་མ།ལོ་རྒྱུས་ ཀྱི་འབྱུང་ཁུངས་།རྒྱལ་རབས་དེད་དཔོན་བཅས་བཞུཊ་པ་འདི་ནི་ཞང་བོད་ལོ་རྒྱུས་ཉམས་དཔྱོད་མཁན་པོ་སྐོར་གཅིག་གི།གཅིག་ནས་ཞང་ཞུང་གི་ཤེས་རིག་  དཔལ་ཡོན་ལ་ཤེས་རྟོགས་བྱས་པ་བརྒྱུད།དོན་ངོ་མ་བོད་ཀྱིཤེས་བྱ་རིག་པའི་བུ་ཕྲུག་རྣམས་དྭ་ཕྲུགས་སུ་མ་ཕ་རྒན་བཟང་པོ་ཞུང་ཞུང་གི་ཤེས་རིག་དེ་ཉིད་ལ་ ཐུག་ཡོད་པ་དངོས་ཡོད་གི་བདེན་དཔངས་དང་རྗེས་དཔག་སོགས་ལ་བརྟེན་ནས་ཁ་གསལ་ལེགས་པར་བཀྲལ་བའི་དཔྱད་འབྲས་ཕྱག་དེབ་སྤང་ལ་ཤ་མོང་རྡོལ་བ་ལྟར་ཐོན་དང་ཐོན་བཞིན་མཆིས།གཉིས་ནས་སྲིད་པའི་གངས་རྒན་རི་བོ་ཧི་མ་ལ་ཡི་གཟི་བརྗིད་ཀྱི་འོད་རླབས་འདིས་བོད་ཀྱི་ཤེས་རིག་གོམས་སྲོལ་གྱི་འབྱུང་རྩ་མངོན་ཐུབ་པ་མ་ཟད་འཛམ་གླིང་གོ་ལ་ཧྲིལ་པོའི་སྟེང་དུ་སྙན་པའི་གཤོག་འགྱུར་རྩེན་ཞིང་བོད་ཀྱི་ལོ་རྒྱུས་ངོ་མའི་བདེན་དོན་ངོམས་པའི་སྐལ་བཟང་འདིར། སྤྲོ་དགའི་མོས་པའི་ཕོ་ཉའི་ཉེ་བར་བསྐུལ་ཏེ་ཞང་བོད་ཀྱི་སྐོར་ལ་དཔྱད་གཏམས་ཐོག་མར་སྤེལ་བའི་འཚམས་འདྲིའི་ཚབ་ཏུ་ཕུལ།

བརྗོད་བྱའི་གོ་རིམ།

ཇི་སྐད་དུ།ལོ་རྒྱུས་ཁུངས་ནས་མ་བཤད་ན།ཡིད་མི་ཆེས་པའི་རྒྱུ་རུ་འགྱུར།སྤྱི་རྒྱུད་ཡེ་ཁྲི་ལས།སྤྱི་ཁོག་ལོ་རྒྱུས་དོན་གྱིས་བཤད།ལས་ཅན་ཡིད་ཆེས་བསྐྱེད་ཕྱིར་རོ།ཞེས་གསུངས།སྲིད་པ་ལྷོ་གླིང་གི་ཡང་རྩེར་གྲགས་པའི་གནའ་གྲོང་སྟེ།ཞང་ཞུང་སྨར་གྱི་ཡུལ་ནས་སྐུ་འཁྲུངས་པའི་སངས་རྒྱས་གཡུང་དྲུང་བོན་རིན་པོ་ཆེ་འདི་ཉིད་།ནང་བསྟན་ཤེས་རིག་རྒྱུ་སྐར་དུ་མའི་དབུས་ན།བྱུང་ཁུངས་བཙུན་ལ་ཕུགས་ཡུན་རིང་བའི་གཞི་ལམ་འབྲས་གསུམ་རང་རྐྱ་ཕེར་བའི་ཉི་ཟླ་བཞིན་ཆེས་ཆེར་  འཕགས་པ་ནི་། ཉིན་རེ་བཞིན་མ་བསྡད་པ་ད་བཟོད་རྒྱལ་སྤྱིའི་ཤར་ནུབ་ཀྱི་མཁས་དབང་ཚོས་དངོས་བྱུང་ལོ་རྒྱུས་དཔངས་རྟགས་བཅས་དོན་ཐོག་ཏུ་བསྟར་ཏེ།  དྲང་བདེན་ལོ་རྒྱུས་ཀྱི་གཏན་ཚིགས་བཀོད་པ་དང་།རྩ་བའི་འབྱུང་ཁུངས་ཀྱི་དུས་ཡུན་ནི་།འདི་ནས་ཡར་བརྩིས་པའི་བགྲངས་བྱ་སྟོང་ཕྲག་དུ་མའི་ཡར་སྔོན་ནས་ དར་བའི་གནའ་བོའི་གཅེས་ནོར་རང་བཞིན་ལྡན་པའི་ནང་བསྟན་ཡིན་པ་ངོས་འཛིན་བྱེད་ལ།ཡིནའང།དར་ཁྱབ་ཆེ་མིན་ལ་མ་བལྟོས་པ་གལ་འགངས་ཆེ་ཞིང་ལྷག་ཏུ་བོད་ཀྱི་ཤེས་རིག་ལོ་རྒྱུས་བཅས་ཀྱི་རྩ་བའི་འབྱུང་ཁུངས་ཆགས་ཡོད་སྟབས།ད་ལམ་འདིར་ཞང་བོད་ཀྱི་ཤེས་རིག་ཟབ་མོའི་བག་ཆགས་འཇོགས་ཕྱིར་དང་ ཡང་ན་གོམ་པ་དང་པོའི་གསོན་ཤུགས་གི་འཕར་རྩའི་གྲོགས་བྱས་ནས་ས་བཅད་མ་སྟོང་ཙམ་དུ་ཞང་རྒྱལ་ཐོག་མ་དང་བོད་ཀྱི་ཡི་གེའི་བྱུང་ཁུངས་སྐོར་མདོར་ ཙམ་གླེང་བར་འདོད།།

ཞང་བོད་ཀྱི་ཤེས་རིག་ཐོག་མའི་སྐོར།

བོད་ཀྱི་ཤེས་རིག་དར་བའི་ཐོག་མ་ནི།ཞང་ཞུང་ཤེས་རིག་གི་ཡ་ཐ་བླ་རི་ཏི་སེ་རྒྱལ་པོ་སྲིད་པ་ས་ལ་ཆགས་ཏེ་བླ་མཚོ་མ་ཕམ་གཡུ་མཚོའི་རླབས་རླབས་སྒྲ་ལྷང་ལྷང་བཞུར་བའི་ཡ་ཐོག་ནས་བཟུང་སྟེ།ཞང་ཞུང་གི་རྒྱལ་པོ་ཧོས་རྗེ་ཁྲི་ཝེར་ནོར་འཛིན་ཞེས་པ་འཛམ་གླིང་ལ་དབང་བསྒྱུར་ཞིང་ས་གསུམ་ལའགྲན་ཟླ་བྲལ་བའི་མཛད་བཟང་རིས་སུ་དཀྲིས་པའི་ཨུ་དཔལ་དཀར་པོའི་འདབ་མ་ཞང་ཞུང་གི་ཡུལ་དུ་བཞད་པ་ནས་བཟུང་།ཡ་ཐོག་ཞང་ཞུང་རྒད་པོའི་ཤེས་རིག་དབུ་བརྙེས་པ་ ཡིན།རྒྱུ་མཚན་གཙོ་བོ་ནི།ཞང་ཞུང་གི་ཡུལ་དུ་རྣམ་མཁྱེན་སྟོན་པ་གཤེན་རབ་ཐོག་མར་ཞབས་བཅག་དུས་སུ།ཞང་རྒྱལ་ཧོས་རྗེ་ཁྲི་ཝེར་གསེར་གྱི་བྱ་རུ་ཅན་གྱིས་གསེར་སོགས་རིན་པོ་ཆེ་མཆོད་པ་ཕུལ་ནས།གུས་པའི་ཚུལ་གྱི་ཞུ་བ་འདི་ལྟར་གསོལ་ཏེ།།སྤྱི་རུ་གཡུང་དྲུང་བོན་གྱི་བསྟན་པ་དར་བ་དང་།།སྒོས་བདག་གཞན་ ཚོགས་རྫོགས་སྒྲིབ་སྦྱོངཆེད།།གཡུང་དྲུང་གསང་བའི་བོན་སྤྱོད་གནང་བ་འཚལ་ཞེས་ཞུས་པས།སྟོན་པས་མདོ་ཁྲི་རྗེ་ལུང་བསྟན་ལ་བོན་སྤྱོད་སྡེ་ཚན་སུམ་ཅུ་ཙམ་རྫོགས་པར་གསུང་ཏེ།།མདོ་འདི་ཡི་མིང་ནི་ཁྱད་པར་ཆེ་བའི་མདོ།།ཁྲི་རྗེ་ཡབ་སྲས་ལ་སོགས་པ།།དབང་པོ་རབ་ལ་བསྟན་པ་ཡིན།།ཁྲི་རྗེ་ལུང་བསྟན་མདོ་ཡང་བདགས་ཞེས་གསུང་ནས་ཧོས་རྗེ་ཁྲི་ཝེར་གྱིས་བསྟན་པའི་སྦྱིན་བདག་གནང་སྟེ་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འཁོར་ཐོག་མར་ཞང་ཞུང་གི་ཡུལ་དུ་ བསྐོེར་བའོ།།གྱེར་མའི་རྣམ་ཐར་ལས།སྟོང་གི་དམུ་ཚ་བདག་དང་།ལྡེ་བོན་གྱིམ་གྱི་རྨ་ཚ་དང་།སྙ་བོན་ལི་ཤུ་སྟག་རིང་གསུམ་གྱིས་སྟག་གཟིག་གི་ཡུལ་ནས་ཕྱི་ ནང་གསང་བའི་བོན་རྒྱུད་དང་བསྒྲུབ་སྐོར་རྣམས་བྱ་རྒོད་ཁྲུང་ཁྲུང་ལ་སོགས་འདབ་ཆགས་བརྒྱ་དང་ཉི་ཤུ་བཀལ་ནས་ཞང་ཞུང་ཡུལ་དུ་འོངས་ཏེ་ཕྱོགས་བཅུར་ རིག་འཛིན་གྲངས་མེད་མཁས་པ་རྣམས་ཀྱིས་ཡོངས་ལ་ཁྱབ་པར་བྱས་ཤིང་བོན་གྱི་བསྟན་པ་སྤེལ་ཞེས་གསུངས་པ་དང་།རྣམ་རྒྱལ་བུམ་གཏེར་འཛུགས་ཐབསལས་ཀྱང་།།ཞང་ཞུང་སྒོ་ཕུགས་བར་གསུམ་ལ།།བདེ་སྐྱིད་རྩ་གསུམ་ལྷ་ལས་དཔགས།།གཡུང་དྲུང་བོན་གྱི་བསྟན་པ་དར།།རྒྱལ་རབས་བཞི་བཅུ་རྩ་གཉིས་བར།།མངའ་ཐང་དཔལ་འབྱོར་ཕུན་སུམ་ཚོགས།ཞེས་གསུང་པ་ལྟར།ཞང་ཞུང་གི་རྒྱལ་ཁམས་སུ་ནང་བསྟན་ཤེས་རིག་ལོ་རྒྱུས་ཆབ་སྲིད་དམག་དོན་བཅས་ཡོད་པ་ བསྟན་འདུག་པ་མ་ཟད་དྲང་པོའི་རྒྱབ་རྟེན་བྱས་ཤིང་།བདེན་པའི་རྩ་ཁྲིམས་སྐྱོང་སྟེ་སྙན་པའི་གྲགས་པ་འབར་བའི་སྲིད་པ་གནམ་བསྐོས་གོང་མའི་ལྷ་ཐག་ལས་བཞད་པའི་ཞང་རྒྱལ་བྱ་རུ་ཅན་གྱི་རྒྱལ་པོ་བཅོ་བརྒྱད་སོགས་མཐར་ཞང་རྒྱལ་ཐ་མ་ལིགམི་རྐྱའི་བར་དུ་རྒྱལ་རབས་གསེར་རིའི་ཕྲེང་རྒྱུད་ཀྱི་རིང་ལ།ཞི་བདེའི་ ལམ་བུ་གཡོ་བའི་རྒྱལ་སྲིད་ཤེས་རིག་གི་མ་མ་དང་།དངོས་ཡོད་བདེན་ཁ་འཚོལ་བའི་བདེན་དོན་གྱི་དཔང་རྟགས།ཕ་མྱེས་ཀྱི་ཟུངས་ཁྲག་ལས་བཞུར་བའི་ལོ་ རྒྱུས་ཀྱི་བང་མཛོད་དང་།རྒྱལ་རབས་དེད་དཔོན་གྱི་གཙུག་རྒྱན་གདོད་མའི་ལྷ་སྐལ་དུ་བབས་པའི་སྲོལ་སྐྱོང་བའི་བཟང་པོ་སུམ་འཛོམས་ཀྱི་གནམ་འོག་དེར། འཚོ་བའི་གྲུ་ཁ་ལྷན་དུ་རོལ་བའི་མངའ་ཁོང་ཞང་ཞུང་བོན་གྱི་ཡུལ་ཏེ་ཞང་ཞུང་ཤེས་རིག་ཕ་ཁྱིམ་ངོ་མ་ནི།སྟོད་ཁ་ཆེའི་ཡུལ་ཀ་ཤི་མེར་ཚུན་ཆད།སྨད་སུམ་པ་གླང་གི་ཡན་ཆོད།བྱང་ཕྱོགས་ཧོར་གྱི་གངས་རྒྱུན་ཚུན་ཆད།ལྷོ་རྒྱུད་རྒྱ་གར་བལ་པོའི་ཚུན་ཆད།ཡུལ་ཁམས་དྲུག་ཅུ་ཁྲི་སྡེའི་བརྒྱད་ཅུའི་ཞིང་འདིར་མེས་ནོར་ལྔ་ཕྲག་ཟུང་གི་ཉིང་བཅུད་མཁའ་ལ་གཡོས་ཏེ་བཟོ་སྒྲ་ཕྱི་ནང་གསོ་རིག་ལྔ་སོགས་བཅུ་ཕྲག་རིག་པའི་གནས་རྣམས་བྱུར་བུར་གཏམསཔའི་དབྱིག་རྫས་འདི་དག་རང་ ནོར་རང་བདག་གི་ཤེས་རིག་འཛིན་སྐྱོང་སྤེལ་ཏེ།ལོངས་སུ་སྤྱོད་ཡོད་པ་མངོན།མདོར་ན།སྲིད་པ་སང་པོ་འབུམ་ཁྲིའི་སྤྲུལ་པ།ཡེ་རྗེ་སྨོན་པའི་གདུང་རབས།ཡབ་ལྷ་བདལ་དྲུག་གིགདུང་རྒྱུད།བོད་ཀྱི་རྒྱལ་པོ་གཉའ་ཁྲི་བཙན་པོ་ནས་བཟུང་གནམ་རི་སྲོང་བཙན་བར་རྒྱལ་པོ་རེ་རེའི་རིང་ལ་སྐུ་སྲུང་གི་གཤེན་རེ་དང་།ཐུགས་དམ་གྱི་བོན་རེ།སྐད་འགྱུར་གྱི་ལོ་པཎ་རེ།བྱས་ཐབས་ཀྱི་གསས་ཁང་རེ་བཞེངསཞེས་གསུངས་པ་བཞིན།སྐབས་དེར་བོད་དང་ཞང་ཞུང་གཉིས་སུ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་ལས་གཞན་མེད།མངའ་འབང་རྣམས་ཀྱི་དབུ་ན་མི་རྗེ་ལྷ་ཡིས་མཛད་པའི་མགོན་སྐྱབས་ཆེ།ཚེ་སྲོག་གཤེན་གྱིས་བཙས་པས་སྐུ་ཚེ་རིང་། ལས་སྤྱོད་དགེ་བར་སྤྱོད་པས་ལམ་རྒྱུད་གཙང་།དམུ་ཐག་གནམ་ནས་དྲངས་པས་འཛེགས་སྐས་བཟང་།གཙང་རིགས་ལྷ་རུ་བསྟེན་པས་སྡོང་གྲོགསཆེ།བློན་པོ་ གྲོས་ལ་མཁས་པ་རྒྱལ་སྲིད་བརྟན།ཞེས་གསུངས་པ་བཞིན།ཡ་ཐོག་ཞང་ཞུང་ཞེས་པའི་ས་ཆེན་པོའི་ལྗོང་འདིར་གཙུག་རྗེ་ཁྲི་ཝེར་གསེར་གྱི་བྱ་རུ་ཅན་ནས་བཟུང་།དུས་རབས་བདུན་པའི་ཡན་རྒྱལ་རབས་མུ་ཏིག་ཕྲེང་བརྒྱུད་ཀྱི་རིང་ལ།ཕྲག་དོག་ལ་རྒྱའི་ཕྱོགས་ཞེན་།ང་རྒྱལ་ཉོན་མོངས་ཀྱི་ཀུན་ནས་སློངས་ཏེ་བདག་འཛིན་དམ་པོས་ཕྱོགས་འཛིན་མེད་པའི་བདེན་དོན་ལ།མངའ་ཐང་སྟོབས་འབྱོར་རྒྱས་ཤིང་གཟི་བརྗིད་ཐང་མར་བརྡལ་བས་ཞང་ཞུང་གི་ཁྲོད་དུ་ཤེས་  རིག་གཅིག་གི་ལམ་ནས་ལྔ་རིག་ཆུ་ཐིགས་བསགས་པའི་མཚོ་མོ་འཁྱིལ་ཞིང་།དྲང་བདེན་ཞི་བདེ་འཚོ་བའི་རོ་བཅུད་མྱོང་བའི་དཔྱོད་ལྡན་གཞོན་སྐྱེས་གསེར་ཉ་རྣམས་ཀྱིས་ཐོས་བསམ་ལུང་རིགས་འདབ་གཤོག་ཟུང་གིའཁྱུག་ལྡིང་ཉམས་འགྱུར་གར་གྱི་སྟངས་སྟབས་ཀྱིས་སྔར་སོང་ཤུལ་ལམ་མ་ འཁྱུག་མ་གཡོ་བའི་ངང་ནས་མ་འོངས་སྐྱ་རེངས་གསར་བའི་བསུ་བ་ཞུ་བའི་ལོ་རྒྱུས་ཀྱི་རི་མོའི་བདེན་དཔང་འཇིག་རྟེན་འདིར་བཞག་པའོ།གཏིང་ མཐའ་བྲལ་ཞིང་དཔོག་པ་དཀའ་བའི་གོང་གི་ཞང་བོད་རྣམ་ཐར་ལོ་རྒྱུས་རིང་མོ་ཁ་འབབརྣམ་བཞིའི་བཞུར་རྒྱུན་དང་མཚུངས་པའི་རླབས་ཕྲེང་ཆུ་ གཏེར་འདི་ཡི་ཆུ་མགོ་ནི་ཞང་ཞུང་རྒད་པོའི་ཚེ་སྲོག་ལས་འདྲེས་པའི་སེམས་ཁམས་རིག་པའི་དྭངས་མ་རྣམ་དཔྱོད་ཀྱི་ཆུ་ཐིགས་ལ་ཐུག་ཡོད།

རྒྱལ་གཤེན་གོང་མའི་བཞགས་པའི་གཅེས་ནོར་ཏེ།

གསང་ཆེན་བསྟན་པའི་སྙིང་པོ་ལམ་འཁྱེར་ནས།

ཡང་དར་སྒྲུབ་བརྒྱུད་འཛིན་པའི་ཚོགས་རྣམས་ཀྱིས།

རྒྱལ་སྲིད་གཉིས་མཉམ་མཛད་རིམ་བསྐྱོངས་པའོ།
གཙུག་རྗེ་ཁྲི་ཝེར་ནས་བཟུང་སྲོང་བཙན་ཡན།

མི་རྗེ་ལྷ་ཡིས་མཛད་པས་སྡོང་གྲོགས་ཆེ།

དམུ་ཐག་གནམ་ལས་དྲངས་པས་སྐུ་ཚེ་རིང་།

བློན་འབང་བོན་ལ་སྤྱོད་པས་ལམ་རྒྱུད་གཙང་།

ཞང་རྒྱལ་ཤེས་རིག་མ་དྲོས་ཀློང་ཆེན་པོ།

ཀླད་ཆུང་བདག་འདྲས་ནམ་མཁར་འདོམས་འཇལ་དཔེ།

འོན་ཀྱང་ལྷག་བསམ་འོ་མཚོར་སྲུབས་པ་ལས།

དངོས་བྱུང་འཚོ་བའི་མར་དཀར་ནར་གྱིས་ཐོན།

བོད་ཀྱི་ཡི་གེའི་བྱུང་ཁུངས་མདོར་བཤད།།

དེ་ཡང་ཚེ་ལོ་བརྒྱ་དང་བཅུ་དགུ་ཙམ་གྱི་དུས་ནས་སྲིད་པའི་རྒྱལ་པོ་རིགས་ལྔ་ལས་ཐབས་ཀྱི་མཆོག་སྲིད་པ་སངས་པོ་འབུམ་ཁྲིའམ་སྲིད་པ་ཁྲི་རྒྱལ་ཁུག་པ་ དང་ཤེས་རབ་ཀྱི་ཕུལ་སྟོན་པ་གཤེན་རབ་གཉིས་ཀྱི་ཐབས་ཤེས་ཟུང་དུ་འབྲེལ་བའི་འཕྲོ་འདུ་ལས།འབྱུང་ལྔའི་ཡི་གེ་ལྔ་པོ་དེ་ལས་གྲངས་ངེས་པའི་ཐོ་ཡིག་བཞི་བཅུར་མཛད་དོ།།ཡི་གེའི་མཚན་ཉིད་ནི།མཛོད་ལས།ཡི་གེའི་འདུ་བྱེད་ཁམས་གསུམ་འཁོར།དོན་ལ་སྦྱོར་བའི་མཚན་ཉིད་འཛིན།ཞེས་དང་་།ཡང་ན་མིང་ཚིག་རྟེན་ནམ་སོགས་གཞིར་གྱུར་ཞིང་བརྗོད་བྱེད་ཀྱི་སྒྲ་ཕྲ་བར་གྱུར་པ་དེ་མིང་ཚིག་ཡི་གེ་ཟླས་ཕྱེ་བའི་གེའི་མཚན་ཉིད།ཞེས་པའི་དོན་རྣམས་ལ་ཡི་གེ་མཚོན་ཞིང་མཚོན་བྱ་ཚིག་དོན་གཉིས་ལ་ལྟོས་ཏེ་དེ་བྱུང་གི་འབྲེལ་བ་གྲུབ་པའོ།དཔེར་ན།ཀ་དང་བ་གཉིས་འདུས་པ་ལ་ཀ་བ་ཞེས་གྲུབ་པ་ལྟ་བུའོ།བརྗོད་དོན་གཉིས་ངོ་བོ་འཕྲུལ་ ཡིག་བཞི་བཅུ་མ་འདས་པ་ཡིན།དཔའ་བོ་འབྲུ་ལྔ་ལས་བྱུང་བའི།ཞེས་པའི་འབྲུ་ལྔ་ནི།ཨཱོྃ་རྃ་སྲུྃ་ཁྃ་ཡྃ་ཞེས་འབྱུང་ལྔའི་ཡི་གེ་རེ་རེ་ལས་བརྒྱད་རེ་བྱུང་བས་ཁྱོན་འཕྲུལ་ཡིག་བཞི་བཅུ་སྤྲོས་པ་ཡིན།བོན་གྱི་ཡིག་རྙིང་ལས།ཡིག་འབྲུ་སུམ་ཅུས་བོན་གྱི་ཁོག་ཡངས་དབུབ།མགོ་ཡིས་ལམ་དྲངས་ཤད་ཀྱིས་མདོ་ཡང་བཅད། ཚེག་གིས་བར་ཕྱེ་མི་འཁྲུག་གསལ་བར་སྙོམས།གུག་འགྲེང་ན་རོ་ཞབས་ཀྱུ་ཡ་སྟ་ཡིས།སྐབས་སྦྱོར་དོན་དུ་ཡན་ལག་རྒྱས་པར་བཏགས།ཞེས་དང་།་མདོ་ གཟེར་མིག་ལས།དཔའ་བོ་འབྲུ་ལྔའི་ས་བོན་ལས།ཡིག་འབྲུ་སུམ་ཅུ་རྩ་བརྒྱད་སྤེལ།ཞེས་དང་།མ་རྒྱུད་སྐྱེ་མེད་ཐིག་ལེའི་འགྲེལ་ལས།འཕྲུལ་ཡིག་བཞི་བཅུས་གོ་ཕྱེ་བ།ཀྴ་ཡིས་ལམ་དྲངས་ཨ༔བར་འབྱེད།ཡིས་མདོ་བཅད་ཨི་ཨུ་ཨེ་ཨོ།ཨོ་ཨམ་སྐབས་སྦྱོར་ཡན་ལག་བཏགས།བྷི་མིང་སྤུགས་པའི་བཞི་བཅུར་འགྱུར། ཞེས་གསུངས་པ་ལྟར་གྱི་འཕྲུལ་གྱི་ཐོ་ཡིག་འདི་དག་བྱུང་བའི་གོ་རིམ་ནི།དང་པོ་དག་པ་གཡུང་དྲུང་ལྷ་ཡི་ཡི་གེ་རྟག་གཟིགས་སྤུང་ཡིག་ཏུ་བསྒྱུར།དེ་ཞང་ཞུང་ཡིག་རྒན་དུ་བསྒྱུར།དེ་སྨར་སྦྲག་ཏུ་བསྒྱུར།དེ་སྨར་ཆེ་ཆུང་དུ་བསྒྱུར།སྨར་ཆེན་དབུ་ཅན་ནམ་གཟབ་ཏུ་བསྒྱུར།སྨར་ཆུང་འབྲུ་མར་བསྒྱུར་བ་གསུངས་པ་བཞིན། དཔྱོད་ལྡན་མཁས་མཛངས་ལྡན་པ་རྣམས་ཀྱིས་ལུང་རིགས་འདི་དག་ཟུར་བལྟས་ལེབ་མཐོང་གི་དཔེ་ལྟར་བོད་ཀྱི་ཡི་གེའི་བྱུང་ཁུངས་ལོ་རྒྱུས་གང་འདྲ་ཡིན་པ་གསལ་ཤེས་ཐུབ་པ་ཡིན།བོད་རྒྱལ་གཉའ་ཁྲིའི་གོང་ནས་ཞང་ཞུང་ཁྲི་སྡེ་བཅོ་བརྒྱད་ཀྱི་མགོ་བོ་ནོན་པ་དང་།བོན་གྱི་བསྟན་པ་ཕྱོགས་བཅུར་རྒྱས་ ཤིང་སྐུ་ཚེ་ཡང་མི་ལོ་ཉིས་སྟོང་དུ་བཞུགས་པ་དང་ཕུང་པོ་ལྷག་མེད་དུ་སངས་རྒྱས་པའང་ཡོད་ཅེསགཟུར་གནས་མཁས་དབང་དག་གི་དངོས་བྱུང་ལོ་རྒྱུས་ལས་གསལ་བ་ལྟར།ཀ་ཁ་གོང་འོག་མ་ཤེས་པའི་ཕུང་པོ་ལྷག་མེད་དུ་མངོན་སངས་རྒྱས་པའི་སྐྱེས་བུ་ཞིག་ག་ལ་ཡོད་དེ།རྒྱལ་བའི་བཀའ་དྲི་མ་མེད་པ་ཀུན་འབུམ་ གོ་འབྱེད་རྩ་བའི་རྒྱུད་ལས།རིག་པའི་གནས་ལྔ་མ་སྤྱོད་པར།ཐམས་ཅད་མཁྱེན་པ་མི་འགྱུར་བའི།ཉི་མའི་དཀྱིལ་འཁོར་འོད་འབར་བ།སྒོ་འགག་དབང་པོས་མཐོང་བ་མིན།ཞེས་གསུངས་པའི་ཕྱིར།གཞན་ཡང་།མ་བསླབ་པ་ལ་ཀུན་མཁྱེན་དུ།འགྲོ་ན་རྒྱུ་འབྲས་ག་ལ་བདེན།ཞེས་པ་ལྟར།དུས་རབས་གོང་མར་སྐྱོན་ཀུན་ ཟད་ཡོན་ཏན་ཀུན་ལྡན་གྱི་མངའ་བདག་གང་འདྲ་ཞིག་ཡིན་ཡང་དེ་ཉིད་ནང་པའི་གཞུང་ལ་ཐོས་བསམ་སྒོམ་སྒྲུབ་མཐར་ཕྱིན་བྱས་པའི་ལག་རྗེས་ཡིན་པ་ནང་པ་སངས་རྒྱས་པའི་གྲུབ་མཐར་ཞུགས་པ་དག་གིས་ཁས་ལེན་རང་ཤུགས་ཀྱིས་འགྲུབ་བོ།།མདོ་རྩ།ནང་པའི་གཞུང་ལ་ཐོས་བསམ་བྱེད་པ་ལ་ནང་པའི་ཡི་གེ་མེད་ ན་ཐོས་བསམ་བྱེད་པའི་གཞི་མེད་པ་མངོན་སུམ་གྱིས་ཁས་ལེན་དགོས་པ་ཡིན་ཏེ།མདོ་ཕྲན་ལས།བདུད་རྩི་འབྱིན་པའི་ཡིག་འབྲུ་སུམ་ཅུ་བདུན།འཕྲུལ་ཡིག་སུམ་ཅུས་ལྐུགས་པ་ཁ་འབྱེད་པ།ཡོན་ཏན་ཀུན་འབྱུང་བསྐྱེད་གཞི་ཡི་གེ་འདི།ཞེས་གསུངས་སོ།།དེ་ནས་རིམ་བཞིན་དུ་ཞང་ཞུང་ནས་བོད་ལ་བོད་ཡིག་དར་ཁྱབ་ བྱུང་ཞིང་།ལྷག་པར་དུ་བོད་རྒྱལ་ཐོག་མ་གཉའ་ཁྲིའི་དུས་སུ་བོན་ཤེས་པ་ཅན་བཅུ་གཉིས་དར་སྐབས་རྒྱུ་ཐེག་མོ་རྩིས་མོ་རྩིས་གཏོ་དཔྱད་བཞུགས་ཤིང་མུ་ཁྲི་ བཙན་པོའི་དུས་སུ་མདོ་སྔགས་གཉིས་ཀྱི་བསྟན་པ་དར་ཞིང་རྒྱས་ཏེ་རྒྱལ་པོ་རང་ཉིད་ཀྱང་མདོ་སྔགས་སེམས་གསུམ་ལ་མངའ་བརྙེས་ཤིང་སྒྲ་བསྒྱུར་གྱི་ལོ་ཙ་གྱུར་པ་དང་།ཞང་ཞུང་ནས་མཁས་པ་བརྒྱ་རྩ་བརྒྱད་གདན་དྲངས།བོད་དུ་འདུ་གནས་སོ་བདུན་བཙུག་སྟེ་གསང་བདག་གྲུབ་པའི་དབང་པོ་གཡུང་དྲུང་བོན་གྱི་ བསྟན་པའི་སྤྱི་རྗེ་ཞིག་ཏུ་གྱུར་ཡོད་པ་མ་ཟད།ཁོང་གི་བོད་ཡིག་པོ་ཏི་དུ་མ་རྒྱལ་པོའི་ཕོ་བྲང་ནས་སྲུང་མས་བླངས་ཏེ་མོན་བོན་ཧ་ར་ཅི་པར་གནངས་བའི་ལོ་རྒྱུས་དང་།གནམ་གྱི་ཁྲི་བདུན་རིང་བྲིས་པའི་བོན་གྱི་མདོ་རྫོགས་གསུམ་གྱི་ཕྱག་དཔེ་དང་རིག་གནས་ཀྱི་སྐོར་པོ་ཏི་རྣམས་བོད་རྒྱལ་གྲི་གུམ་དུས་སུ་ཐེངས་གཅིག་ བསྣུབས་ཏེ་སྤྱི་ལོའི་སྔོན་བརྒྱ་ཕྲག་བདུན་པའི་སྐབས་བོད་ཡིག་པོ་ཏི་ཤོག་དྲིལ་རྣམས་མཁས་བཞི་དང་བླ་ཆེན་དྲན་པ་སོགས་ཀྱིས་གཏེར་དུ་སྦས། ཕྱིས་སུ།A°D༽དུས་རབས་བཅུ་གཅིག་ནང་གཤེན་ཆེན་ཀླུ་དགའ་སོགས་ཀྱིས་སྔོན་མ་ཇི་ལྟར་སྦས་པའི་གཏེར་དཔེའི་ཤོག་དྲིལ་དང་པོ་ཏི་རྣམས་གཏེར་བཏོན་ ནས་གྲི་གུམ་གྱི་དུས་སུ་སྦས་པའི་བོན་གྱི་གཏེར་ཤོག་ལ་གཏེར་སློབ་སོགས་ཀྱིས་རང་དབང་དུ་དཔེ་བཤུ་བ་ལ་དཀའ་ཚེགས་མེད་པ་གསུངས།གཞན་ཡང་།ཁྲི་ཀ་ཀུན་བཟང་རྒྱལ་མཚན་གྱིས།གནམ་རི་སྲོང་བཙན་ཡན་ལ་བོད་ཡུལ་དུ།ཡི་གེ་མེད་ཅེས་ཁུངས་ལ་དགག་པ་བྱས།དེ་ནི་མཁས་པ་ཆེན་པོའི་གསུངས་ཡིན་ཀྱང་།མབརྟགས་བབ་ཅོལ་ཚིག་ཏུ་ཟད་པར་ངེས།རྒྱལ་རབས་སོ་གཉིས་བར་དུ་བོན་དར་ན།ཡི་གེ་མེད་པས་བསྟན་པ་ཇི་ལྟར་དར།བོད་ལ་བརྡ་སྤྲོད་ཡི་གེ་མེད་བདེན་ ཡང་།རྒྱལ་པོ་ཆེན་པོས་རྒྱལ་སྲིད་སྐྱོང་བ་ལ།ཚིག་སྦྱོར་ཡི་གེ་མེད་པས་བྱ་ཐབས་དཀའ།དེས་ན་གསུང་རབས་བརྡ་སྤྲོད་སྨོས་ཅི་དགོས།འཇིག་རྟེན་ཕལ་པའི་རྣམ་ བཞག་ཅིག་བྱེད་ཀྱང་།ཚིག་གི་སྦྱོར་བ་གཅེས་ཤེས་ལོ་ཙ་བ།རང་གི་གསུངས་ལ་རང་ཉིད་འགལ་ལམ་ཅི།ཞེས་གསུངས་པ་བཞིན་ཡིན་ནོ།།མདོ་རྩ་གནའ་དུས་ ནས་བོད་ལ་ཡི་གེ་ཡོད་པ་དང་དེ་དང་འབྲེལ་བའི་བོད་ཀྱི་ལོ་རྒྱུས་དང་རིན་ཐང་ཆེ་བའི་ཞང་བོད་ཤེས་རིག་རང་རྐྱ་ཐུབ་པ་ཞིག་ཡོད་པ་གོང་གི་རྒྱུ་མཚན་དེ་དག་ལ་བརྟེན་ནས་བློ་གཟུ་བོར་གནས་པའི་མཐོང་རྒྱ་ཅན་གྱིས་དཔྱད་ན་མཁྱེན་ནུས།དེ་ལྟར་བོད་རྒྱལ་གཉའ་ཁྲི་ནས་སྲོང་བཙན་ཡན་རྒྱལ་རབས་གསེར་རིའི་ཕྲེང་བརྒྱུད་ཀྱི་རིང་ལ་རྒྱལ་པོ་རེ་ལ་བླ་ཡི་མཆོད་གནས་སྐུ་གཤེན་བོན་པོ་རེ་དང་།སྒྲ་སྐད་བསྒྱུར་བའི་ལོ་པཎ་རེ་བཀུར་ནས་རྒྱལ་གཤེན་བསྟན་པ་མཉམ་ཆགས་མདོ་སྔགས་གཉིས་ཀྱི་བསྟན་པ་དར་ནས་བོད་མི་རྒྱུ་འབྲས་ཀྱི་བོན་སྒོ་ལ་སྤྱོད་པའི་ཟབ་མོའི་བདེན་དོན་ཡི་གེ་ཡིན་པས་སྲོང་བཙན་ཡན་ཆད་རྒྱལ་རབས་སོ་གསུམ་གྱི་རིང་ ལ་བོད་ཀྱི་ཡི་གེ་གནའ་དུས་ནས་ཡོད་པའི་བཤད་སྲོལ་འདི་གསར་ཐོན་མཐོང་ཆུང་དང་ཀླད་གསར་གྱི་རིགས་མ་ཡིན་པར་སྔ་ནས་ད་བར་ལོ་རྒྱུས་དང་རྒྱུ་མཚན་ཡོད་པ་གཞིར་བཅས།ཕྱིས་སུ་ཡང་བོན་གྱི་རྩ་བའི་གདན་ས་ཁག་ཏུ་རྒྱལ་གཤེན་བསྟན་པའི་བདག་ཉིད།བྲུ་ཞུ་སྤ་རྨེའུ་གཡས་རུ་སྟོན་པ་བཅོ་བརྒྱད་རྗེ་མཉམ་ མེད་ཡབ་སྲས་སོགས་བོན་གྱི་མཁས་གྲུབ་དུ་མས་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ཕྱོགས་ཀུན་ཏུ་རྒྱས་གནང་མཛད་པ་དང་།ཁྱད་པར་དུ་རྨེའུ་སྟོན་ མཁས་པ་དཔལ་།སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན།ཀུན་མཁྱེན་ཉི་མ་དང་།རིག་འཛིན་ཀུན་གྲོལ་ཡོངས་འཛིན་རྣམ་འོད་ཚུལ་རྒྱན་ལ་སོགས་ཞང་བོད་སྐད་ གཉིས་སྨྲ་བོ་པོ་མཁས་གྲུབ་རིམ་བྱོན་དག་གི།འདུས་པ་རིན་པོ་ཆེ་དྲི་མེད་གཟི་བརྗིད་དང་།སྲིད་པའི་མཛོད་ཕུགས་ཤ་རིའི་སྒྲ་འགྲེལ་།ཡེ་ཁྲི་མཐའ་སེལ་སོགས་གཅེས་ནོར་བོན་གྱི་ཡིག་རྙིང་ནས་བྱོན་པའི་ཞང་བོད་ཀྱི་ཡི་གེའི་བྱུང་ཁུངས་དང་མ་ཚད་མ་རྒྱུད་སྐྱེ་མེད་ཐིག་ལེའི་དགོངས་དོན་ནས་བྱོན་པའི་སྲོལ་རྒྱུན་འབྱུང་ ཁམས་ལྔ་ལ་སྦྱར་བ་རྣམས།མཁས་གྲུབ་ཚུལ་རྒྱན་སོཊ་ཀྱིས་ཁ་གསལ་གོ་བདེའི་ལེགས་པ་བཀྲོལ་ཏེ་བདེ་ཀླག་ཏུ་རྟོགས་པའི་བརྡ་སྤྲོད་བསྟན་བཅོས་དུ་མར་ རྩོམ་པ་དང་།ད་སྐབས་སུ་ཡང་།རྒྱལ་སྤྱི་བོད་རིག་པའི་ཞིབ་འཇུག་དང་།ཆེས་མཐོའི་བོན་གྱི་བཤད་སྒྲུབ་སློབ་གླིང་གི་མཁས་དབང་རིག་སྨྲ་སོགས་ཀྱི་ལུང་རིཊ་ ཚུལ་གསུམ་གྱི་ལམ་ནས་དྲང་བདེན་འབེལ་གཏམ་མེ་ཏོག་བརྒྱ་ཕྲག་ཏུ་བཞད་བཞིན་པའི་སྐལ་བཟང་དུ་ལགས།འོ་ན་ཆོས་རྒྱལ་མེས་བོན་རྣམ་གསུམ་ནང་ཚན་སྲོང་བཙན་སྒམ་པོས་རྒྱ་གར་དུ་མངག་པའི་གཞོན་ནུ་བཅུ་དྲུག་གི་ནང་ཚན་ཐོན་མི་སམ་བྷོ་ཊས་དཀའ་སྡུག་འཕྲག་ཏུ་བླངས་པའི་མཛད་རྗེས་དང་བོད་ཡིག་ གསར་བཟོ་བྱས་པ་ཟེར་བ་སོགས་བཤད་སྲོལ་ཡོད་པ་ནི་རྒྱུ་མཚན་མེད་པ་མ་ཡིན།དེ་ནི།བོད་ཀྱི་ལོ་རྒྱུས་པདྨ་རཱ་གའི་ལྡེ་མིག་སོགས་ལས་གསལ་བ་ལྟར་རྒྱུ་ མཚན་ཞིབ་ཕྲ་འདིར་མ་བྲིས།དེ་བཞིན།ཞང་ཞུང་གནའ་སྐད་དུ།བརྡ་སྤྲོད་ཀྱི་གཞུང་ལས་འཕྲོས་པའི་ལ་དོན་གྱི་འཕྲད་།༼གུ་ཅུ་ད་དུ་ཏུ་ཨུ་སུ་ཏུར་སུར༽རྣམས་སུ་ཡོད་པ་ལ་ཐོན་མི་སམ་བྷོ་ཊས་༼སུ་ར་རུ་དུ་ཏུ༽ལྔ་རུ་བསྡུས་པ་དང་།༼ན་ལ་ལུ་ལེ་༽རྣམས༼ན་ལ་༽གཉིས་སུ་བསྡུས་པ་དང་།འབྲེལ་སྒྲའི་འཕྲད། ༼གི་གྱི་ཀྱི་འི་ཡི་ཆི་ཏི་ནི་པི་བི་ཙི་རི་སི་༽རྣམས་༼གི་ཀྱི་གྱི་འི་ཡི་༽ལྔའི་ཁོངས་སུ་བསྡུས་པ་སོགས་བོད་ཀྱི་བརྡ་སྤྲོད་གཞུང་རྣམས་བཀོལ་སྤྱོད་བྱེད་བདེའི་ཆེད་དུ་རླབས་ཆེན་མཛད་བཟང་དམ་པའི་བཀའ་དྲིན་བསྐྱངས་བ་ནི་ཨེ་མ་ངོ་མཚར་གྱི་ཞབས་རྗེས་ཚད་མེད་བཞག་པའོ། །

ཞང་ཞུང་མེས་པོའི་རྣམ་དཔྱོད་སོར་རྩེ་ལས། །
ཐོན་པའི་ཡིད་འོང་བོད་ཀྱི་ཤེས་རིག་དངོས། །
དམ་པའི་སྲོལ་བཟང་རིང་མོའི་ལོ་རྒྱུས་འདི། །
ཕྱི་རབས་བོད་པའི་བུ་ལ་གཅེས་སུ་སྤྲིངས།

བོད་ཀྱི་ཤེས་རིག་མགྲིན་པའི་གཟེངས་བསྟོད་ཀྱང་། །

བཙན་པོའི་ཡར་སྔོན་རྒྱལ་རབས་སོ་གསུམ་རིང་། །

ལུགས་གཉིས་སྤེལ་བའི་ཡི་གེ་མེད་གྱུར་ན། །

སྨྲ་མེད་ལྐུགས་པའི་རང་བཞིན་མ་ཡིན་ནམ། །

ཁྱིམ་མཚེས་དཀར་ནག་རྒྱ་ལས་དཔེ་མ་བླངས། །

བོད་ཀྱི་ཤེས་རིག་གཞི་རྩ་ཡི་གེ་ནི། །

སྲིད་པ་བོན་དང་ལྷན་གཅིག་སྐྱེས་པའི་ཚུལ། །

བོད་སྐྱེས་གཞོན་ནུའི་ཚོགས་ཀྱི་སྤྱན་སྔར་བཤམས། །

མཇུག་གཏམ་།

བཤད་བཤད་ཐམས་ཅད་བདེན་པ་དང་ཡོད་ཡོད་ཐམས་ཅད་རྟག་པ་མིན་ན་གནམ་སྐོས་སྲིད་པའི་ཕ་མྱེས་རྣམས་ཀྱིས་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟར་གཅེས་སུ་འཛིན་འོས་པའི་ཞང་བོད་ཤེས་རིག་གི་གཞི་མ་ཐུན་མིན་བོད་ཀྱི་ཡི་གེ་འདི་ནི།ང་ཚོ་བོད་ཁ་བ་ཅན་ཚོས་གཞན་ལ་ངོམས་རྒྱུ་དང་རང་གིས་བེད་སྤྱོད་བྱེད་པའི་ཆ་ཤས་གཙོ་བ་ཡིན་ཙང་གཞོན་སྐྱེས་གསར་བུ་རྣམས་ཀྱི་གདེངས་འཇོག་དང་མཐོང་ཆེན་བརྩིས་ཏེ་རྣམ་དཔྱོད་ཤེས་རབ་ལ་བརྟེན་ནས་ཐོས་བསམ་མཛའ་ མོའི་གར་གྱིས་བྲེལ་ཏེ་མི་ལོ་ཁྲི་ཕྲག་ལས་བརྒལ་བའི་ཞིབ་འཇུག་རྟོག་དཔྱོད་བྱེད་དགོས་པར་སྣང་།དེ་ལྟར་མ་བྱས་ན་ང་ཚོ་བོད་ཀྱི་རིག་གནས་དང་སྐད་ཡིག་ སོགས་ལོ་ངོ་བཅུ་ཕྲག་ཁ་ཤས་ཀྱི་མཚམས་ནས་བོད་ཀྱི་རིག་གནས་ལྟ་ཅི་བོད་ཀྱི་སྐད་ཡིག་ཤ་སྟག་བརྗོད་མཁན་ཉུང་དུ་ཕྱིན་པའི་ཉེན་ཁ་ཡོད་པ་གདོན་མི་ཟ།རྒྱུ་མཚན་ནི།དངོས་གཙོའི་འཕེལ་རིམ་གྱི་འཐུས་སྒོ་ཚང་བའི་སྟོབས་ཀྱིས་ང་ཚོ་སེམས་གཙོའི་ལྟ་བ་འཛིན་པའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་དང་། དེས་ང་ཚོའི་རིག་གནས་དང་སྐད་ཡིག་སོགས་ལ་རང་བཞིན་གྱིས་འགོག་རྐྱེན་བཟོ་ཡི་ཡོད་པ་བཤད་མ་དགོས་པ་རེད།མདོར་ན།ང་ཚོ་བོད་རིགས་སྤུན་ཟླ་ ཞིག་ཡིན་ཚུན་བོད་ཀྱི་ཤེས་རིག་རྣམས་ལ་འབད་འབུང་བྱེད་ལྷུར་ལེན་དགོས་པ་ནི་བོད་འབང་ཡོངས་ཀྱི་འོས་འགན་ཡིནའང་།ང་ཚོས་གྲུབ་མཐའི་ཕྱོགས་འཛིན་གྱི་ལ་རྒྱ་བཟུང་སྟེ་བོད་ཀྱི་རིག་གནས་ཀྱི་འབྱུང་རྩ་ངོ་མ་རིང་དུ་དོར་བའི་གནས་ཚུལ་སྐྱུག་བྲོ་བ་རྣམས་སྤང་བྱ་མཐར་ཐུག་ཏུ་འཛིན་ནས་བོད་ཀྱི་ལོ་རྒྱུས་ལ་འཚོ་བའི་ཡབ་མེས་གོང་མ་རྣམས་ཀྱིས་བཞག་པའི་མ་ཡུམ་གངས་ཅན་གྱི་ཤེས་རིག་འདི་ལ་ཕ་ནོར་བུ་འཛིན་ལྟར་གཙིགས་སུ་འཛིན་དགོས་པ་ཆེའང་།ཁ་ཅིག་བོད་ ཀྱི་རིག་པ་སྨྲ་བའི་རྟགས་ཙམ་འཛིན་ནའང་།ཐན་བྱ་འུག་པའི་དཔེ་ལྟར་བོད་རང་ས་བྱུང་བའི་ལོ་རྒྱུས་རྣལ་མའི་ཁུངས་རྣམས་གཞན་ཕྱོགས་ལ་བཏུག་སྟེ་ཕྱོགས་ལྷུང་འཛིན་པའི་ཀླད་རོ་རྙིང་པ་དེས་ཀུན་ནས་སློངས་ཏེ་ལུང་རིགས་གང་ཡང་མེད་པའི་མ་རུང་རུ་ཏྲའི་བདག་འཛིན་སྲ་ཧྲང་ངེ་བ་ཞིག་འཛིན་པ་འདི་ནི་བོད་ཀྱི་ལོ་ རྒྱུས་རྣལ་མའི་འབྱུང་ཁུངས་ཀྱི་གོ་རིམ་དཀྲུག་པའི་དགག་ཕྱོགས་ཀྱི་དངོས་གཉེན་དང་ཞི་བདེའི་རྒྱ་མཚོ་དཀྲུག་པའི་བསྐལ་པའི་རླུང་ཆེན་ཞིག་ལ་མ་འདས་ཡིན་ཏེ།སྔར་གཏམ་ལས།བླུན་པོ་མཐོ་གང་།མཁས་པ་འཆུག་འདོམ་གང་ཟེར་བའི་དཔེ་ལྟར་ཞང་བོད་སྲོལ་རྒྱུན་ཤེས་རིག་གི་འབྱུང་ཁུངས་བོར་ཏེ། དེ་དང་དེ་ལྟ་ བུ་རི་བོང་ཅལ་འགྲོགས་ཇི་བཞིན་གཅིག་རྗེས་གཉིས་མཐུད་དུ་སོང་ན་བོད་རང་གི་ཁུངས་ལྡན་ལོ་རྒྱུས་རྣལ་མའི་འབྱུང་ཁུངས་རྣམས་འཆུག་ཡོད་པ་མ་ཟད། དཔེར་ན།ནོར་བུ་ནོར་ཉམས་མ་ལོན་པའི་དཔེ་དོན་མཐུན་ཞིང་ཆ་མེད་རྒྱུས་མེད་དུ་གནས་ཡོད་པ་དེ་དག་བསམ་བློའི་གོ་རྟོགས་གོང་འཕེལ་གཏོང་རྒྱུ་ནི་རང་ འགན་གཞན་ལ་བསྐྱུར་ཐབས་མེད་པ་ཞིག་ལོས་ཡིན།མདོར་ན།ང་ཚོའི་བསམ་པ་ཡར་གཏོང་དང་སྐུད་པ་ཡར་འཁེལ་གྱི་དཔེ་རྒྱུན་འཆང་སྟེ་ཕྱོགས་དང་རིས་སུ་མ་ཆད་པའི་ཟབ་ཡངས་ཤེས་བྱ་རིག་པའི་རྒྱ་མཚོ་ལ་ཅི་འདོད་ལོངས་སུ་སྤྱད་ཅིང་ཆོས་ལུགས་གྲུབ་མཐའི་ཕྱོགས་ཞེན་དང་ཡུལ་སྡེ་ཕུ་ནུའི་ནང་འཁྲུག་སོགས་ མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ཞིང་ཤེས་ལྡན་འགྲོ་བ་མི་ཡི་མཛའ་བརྩེའི་ཕྱག་ཟུང་དམ་པོར་འཇུས་ཏེ་གཞོན་སྐྱེས་རིག་པ་སྨྲ་བའི་དོན་ཡོད་ཁྱེད་རྣམས་ཀྱིསལྟ་བ་དང་དམིགས་ཡུལ་གཅིག་པའི་སྒོ་ནས་སློབ་གཉེར་བའི་འབྲས་རྟགས་ནི།བདེན་དོན་ལུང་རིགས་རྒྱབ་རྟེན་གྱི་ཆུ་ཐིགས་བསཌ་ཏེ་དངོས་སྟོབས་ཕྲ་ཞིབ་ རིག་པའི་རྩལ་ལས་ཐོན་པའི་ཡིད་འོང་ལོ་རྒྱུས་ཀྱི་མཚོ་མོ་འཁྱིལ་ཞིང་རྙིང་ཉམས་ལྡན་པའི་ལོ་རབས་ཁྲི་ཕྲག་གོང་གི་ཁུངས་ལྡན་ཞང་བོད་ཤེས་རིག་ལོ་རྒྱུས་ རྣམས་གཏན་ཚིགས་བཀོད་ཏེ།གཏིང་མཐའ་བྲལ་ཞིང་དཔོགས་པར་དཀའ་བའི་ཡ་ཐོག་བོད་ཀྱི་ཤེས་རིག་དང་ལོ་རྒྱུས་སོགས་ཞང་བོད་རང་ས་ནས་བྱུང་བའི་ བདེན་དོན་དང་གསལ་ཁ་དཔང་རྟགས་བཅས་འདོན་ཞིང་ཞང་བོད་རིག་པའི་དགེ་མཚན་རླབས་ཆེན་གྱི་བྱ་བཞག་འདི་རྒྱུད་འཛིན་དང་ཁྱབ་སྤེལ་གང་སར་མཛད་ཐུབ་ན་མ་འོངས་པར་ས་སྒང་གོ་ལ་ཧྲིལ་པོའི་ཐོག་ཏུ་འཚོ་ཞིང་གནས་པའི་འགྲོ་བ་མིའི་རིགས་ཀྱི་སེམས་ཁམས་ལ་ཕན་པའི་གཏན་བདེའི་མདུན་མ་ཞིག་དེ་ལ་བརྟེན་ནས་འབྱུང་བར་སེམས་སོ།། 

སླར་སྨྲས་པ།

གཞན་དབང་འགུག་པའི་རྣམ་དཔྱོད་མ་མཆིས་ལ།

རང་དབང་བཙལ་བའི་སྤོབས་པ་ག་ལ་ཡོད།

རང་གི་ལོ་རྒྱུས་རང་ལ་ཡོད་བཞིན་དུ།

གཞན་ལ་སྟེར་བའི་དམ་བཅའ་ང་ལ་མེད།

བདེན་གཏམ་རླབས་ཀྱི་ཟེགས་མ་མཁའ་ལ་འཐོར།

དྲང་གཏམ་ཡིད་ཀྱི་མཛའ་མོ་ཁོང་ནས་གཡོས། ། །

གསར་གཏམ་འབག་རྩོག་དྲི་མས་མ་བསླད་པར།

དངོས་ཡོད་ལོ་རྒྱུས་རི་མོའི་གཟུགས་སུ་བཀོད།

དཔྱད་བརྗོད་དང་པོའི་ཤེས་བྱ་མྱོང་ཚོད་འདི།

མཁས་པར་དགྱེས་པའི་མགྲིན་གླུ་མ་ཡིན་ཀྱང་།

གོམ་པ་དང་པོའི་རིག་པའི་གསོན་ཤུགས་ཀྱིས།

འདྲ་མཉམ་ཚོགས་ལ་ཐོག་མའི་ལེགས་སྐྱེས་ཡིན

 
 
རྩོམ་ཡིག་འདི་གཤམ་གྱི་ཚོགས་མིས་ལེགས་འདེམས་བྱས་ཟིན།
Re:ཡ་ཐོག་ཞང་བོད་ཀྱི་ཤེས་བྱ་མྱོང་ཚོར་གསོང་པོར་བརྗོད་པའི་གཏམ་ཐུང་།
[ 2011/7/30 14:26:03 | By: སྐུ་མགྲོན་q74Xo0(སྐུ་མགྲོན) ]
 
སྐུ་མགྲོན་q74Xo0(སྐུ་མགྲོན)གྲོགས་རང་གྲོལ་ལགས་སྐུ་ཁམས་བཟང་། མཁྱེན་དཔྱོད་ཀྱི་པད་མོ་རབ་ཏུ་རྒྱས་པར་ཤོགས། བཀྲིས་བདེ་ལེགས། ཁྱུང་ཆེན་ནས་ཕུལ།
 
 
Re:ཡ་ཐོག་ཞང་བོད་ཀྱི་ཤེས་བྱ་མྱོང་ཚོར་གསོང་པོར་བརྗོད་པའི་གཏམ་ཐུང་།
[ 2011/5/24 2:14:35 | By: danile202 ]
 
danile202གྲོགས་པོ་ལགས། འདི་ལྟའི་དཔྱད་པ་ནི་ཤིན་ཏུ་ལེགས། མང་ཙམ་སྤེལ་བའི་རེ་བ་ཞུ།
 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.