ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
༧  གྱེར་སྤུངས་དྲན་པ་ནམ་མཁའི་རྟོགས་བརྗོད་དད་སྤྲོའི་མཆོད་ཕྲེང་།
[ 2011/10/24 22:29:00 | By: smngyal ]
 

ཡབ་གཅིག་ཞང་ཞུང་རྒྱུང་ཡར་ཕྱྭ་བཙུན་སྲས། །

མ་སྒྲིབ་སྐྱེ་བ་ལྔ་བརྒྱར་དུས་གཅིག་གཟིགས། །

ལྔ་སྙིགས་འདུལ་བའི་གཤེན་རབ་ཐུགས་སྲས་ཆེ། །

ཡབ་གཅིག་གྱེར་སྤུངས་དྲན་པ་ནམ་མཁའ་མཁྱེན། །

མཐིང་མདོག་དྭངས་མའི་མཚན་དཔེའི་གཟི་དཔལ་འབར། །

མི་འགྱུར་གཡུང་དྲུང་ཆག་ཤིང་ཕྱག་ན་བསྣམས། །

དཀར་གསལ་དར་གྱིས་སྤྲས་པའི་མཚན་དཔེ་ཅན། །

ཡབ་གཅིག་གྱེར་སྤུངས་དྲན་པ་ནམ་མཁའ་མཁྱེན། །

ཕྱི་དར་བསྟན་ལ་དཀའ་ཚེགས་ཆེར་འཕྲད་ཚེ། །

རླབས་ཆེན་སྤྱོད་པའི་ཐུགས་བརྩེའི་སྟོབས་ཤུགས་ཀྱིས། །

གྱེར་བརྩེ་ཆོམས་ལ་ཕབ་པའི་སེམས་དཔའ་ཆེ། །

ཡབ་གཅིག་གྱེར་སྤུངས་དྲན་པ་ནམ་མཁའ་མཁྱེན། །

རང་ཚུགས་མ་ཟིན་གཞན་རྗེའི་ལད་མོ་བྱས། །

ཕྱོགས་འཛིན་གཤེན་ལ་སྨད་པའི་དུས་སྐབས་སུ། །

ཕུང་བོན་མགོ་དམར་ཞེས་པའི་མཚན་འཆང་བ། །

ཡབ་གཅིག་བླ་ཆེན་དྲན་པ་ནམ་མཁའ་མཁྱེན། །

ཕྱོགས་འཛིན་ལོག་པར་སྨྲ་བའི་རྟོག་གེ་ལ། །

གཤེན་རབ་རིག་པའི་གཞལ་ཚད་སྟོན་མཛད་པོ། །

བསྐལ་ཁུགས་གསོ་བའི་སྨྲ་སེང་བློ་ལྡན་པ། །

ཡབ་གཅིག་བླ་ཆེན་དྲན་པ་ནམ་མཁའ་མཁྱེན། །

རྒྱལ་བློན་ངན་པ་བློ་ཁ་ཡངས་པའི་དུས། །

བསྟན་དང་འགྲོ་ལ་ཉེར་འཚེའི་རྐྱེན་འཕྲད་ཚེ། །

འཕགས་མཆོག་ཚོགས་ཀྱི་བསྟན་འཛིན་སྐྱེས་བུ་དངོས་། །

ཡབ་གཅིག་བླ་ཆེན་དྲན་པ་ནམ་མཁའ་མཁྱེན། །

གདུལ་བྱའི་འགྲོ་རྣམས་ཐོས་སྦྱོངས་དགོས་ཕྱིར་དུ། །

གྲུབ་ཐོབ་ཆེན་པོ་རྔམ་པ་ལྕེ་རིང་དྲུང་། །

མཚན་ཉིད་རྒྱུ་ཡི་འབུམ་སྡེ་གསན་མཛད་པོ། །

ཡབ་གཅིག་བླ་ཆེན་དྲན་པ་ནམ་མཁའ་མཁྱེན། །

བོན་གྱི་འདུ་གནས་མང་མཁར་ལྕགས་འཕྲང་དུ། །

རིགས་འཛིན་ཆེན་པོ་ཟ་རང་མེ་འབར་དྲུང་། །

གསང་བ་སྔགས་ཀྱི་རིག་འཛིན་རྣལ་འབྱོར་བ། །

ཡབ་གཅིག་བླ་ཆེན་དྲན་པ་ནམ་མཁའ་མཁྱེན། །

ཡེ་གཞི་མཐའ་ཀླས་གཤིས་ལུགས་ངོ་བོ་ཆེ། །

ཡེ་སྟོང་གདོད་མའི་ཀློང་ནས་ཞལ་ཁུམ་པ། །

ཡེ་ཉིད་རིག་པ་འཛིན་པའི་རྫོགས་ཆེན་པ། །

ཡབ་གཅིག་བླ་ཆེན་དྲན་པ་ནམ་མཁའ་མཁྱེན། །
བསྟན་འགྲོ་དོན་དུ་ཐུགས་བསྐྱེད་གནང་བ་ལས། །

ཕྱི་རབས་དམུ་རྒོད་འདུལ་བའི་དོན་ཕྱིར་དུ། །

རིག་འཛིན་པད་འབྱུང་ཚེ་དབང་སྲས་འཁྲུངས་པ། །

ཡབ་གཅིག་གྱེར་སྤུངས་དྲན་པ་ནམ་མཁའ་མཁྱེན། །
 ཡ་མ་ཀླས་ཀྱི་སྙིགས་མའི་གདུལ་བྱ་ལ། །

མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་བཞིན། །
ཐུགས་ཀྱི་གཉེར་དཔོན་དཔའ་བོའི་མཚན་འཆང་བ། །
ཡབ་གཅིག་གྱེར་སྤུངས་དྲན་པ་ནམ་མཁའ་མཁྱེན། །

གསོལ་བཏབ་དགེ་བའི་འབྲས་བུ་གྱུར་རོ་ཅོག །

བསྟན་འཛིན་སྐྱེས་བུའི་ཞབས་པད་བརྟན་པར་ཤོག །

འདི་བྲིས་འགལ་འཁྲུལ་ནོར་སྐྱོན་ཅི་མཆིས་པ། །

བོན་སྐྱོང་སྐྱབས་གནས་ཞིང་དུ་ནོངས་པར་བགྱིའོ། །

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.