ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ལྗང་སྨྱུག་གཞོན་ནུའི་མགྲིན་པའི་སྦུབས་ནས་འཕྱུར་བའི་མགྲིན་གླུ།། 
[ 2011/10/28 13:14:00 | By: smngyal ]
 

དཀར་དམར་དྭངས་མར་རྣམ་ཤེས་ཁྱིམ་བྱས་ཏེ། །
ལས་དབང་སྙོམས་པོའི་གོ་ལའི་ཡང་རྩེར་འཕངས། །
གངས་རིའི་རིགས་ལས་བལྟམས་པའི་ལྗ༷ང་སྨྱུ༷ག་གཞོན། །
འཛུམ་གྱིས་བསུས་པའི་ངག་རིག་དབྱངས་རྟ་འཁྲོལ། །
གོར་དང་ཟླ་གམ་དབྱིབས་མཚུངས་ལྷོ་གླིང་གི་ཞིང་འདིར། །

ཁ་བའི་ཤེས་རིག་མ་ཕྱི་འབྲུ་ལྔ་ལས་འཕྲོས་པའི། །

འཕྲུ༷ལ་ཡིག༷་སོ་ལྔའི་ཁྱད་བོན་ཡང་རྩེ་རུ་སོན་པ། །

རྒྱ་གར་ཤར་གྱི་རྨ་བྱའི་ལྷང་ལྷང་དུ་སྒྲོག་དུས། །
ལྗ༷ང་སྨྱུ༷ག་ང་ཚོའི་སྤོབས་སེམས་ཇེ་ཆེ་རུ་ཕྱིན་སོང་། །

ཏི་སེའི་བགྲང་བྱ་ན་མཉམ་ས་མཐོ་ཡི་ཤེས༷་རིག༷ །
ཡན་ལག་བརྒྱད་ལྡན་གཙང་ཆབ་སྔོན་མོ་དང་འགྲོགས་ཏེ། །
ཁ་འབབས་བརྒྱུད་ནས་དཀར་ནག་གླིང་ཆེན་དུ་བབས་པའི། །
ཤེས་རིག་འདབ་ལག་རྒྱས་པའི་དཔེ་རྙིང་དག་མཐོང་དུས། །
ལྗ༷ང་སྨྱུ༷ག་ང་ཚོ་སེམས་སྤོབས་ཇེ་རྒྱས་སུ་ཕྱིན་སོང་། །

རྒྱལ་སྤྱིའི་ཐོག་ཏུ་བརྗིད་རྔམ་ངོམ་རིན་ཡང་ཆོག་ལ། །

ཉལ་ན་གོས་དང་ཕྱིན་ན་ཁུག་མའི་གོ་ཆོད་པའི། །

ཡ་རབས་གཟབ་མཆོར་སྤྲས་ནས་རྒྱན་ཆ་སོགས་ངོམ་ཚེ། །
ལྗ༷ང་སྨྱུ༷ག་གསར་པའི་གོམ༷་སྲོལ༷་རྒྱུན་འཁྱོངས་བྱེད་ཤེས་སོང་། །

དུས་བཞིར་བླ་མཆོད་རྣམས་པའི་ལོ་ཟླ་ཡི་རིམ་གྲོ། །
བཀའ་ཆེན་སྡེ་དགུ་མཆོང་ལྔའི་ཕྱག་དབྱངས་སོགས་བསྐྱངས་ཏེ། །

མང་ལ་འཚམས་པའི་གདུང་དབྱངས་ལྷང་ལྷང་དུ་གྱེར་ཚེ། །

ལྗ༷ང་སྨྱུ༷ག་གཞོན་ནུའི་མེས་པོའི་ཡུ༷ལ་སྲོལ༷་དེ་ཤེས་སོང་། །
ཡ་ཀི་བླ་བྲང་དབུ་རྩེར་བསྙེན་བསྒྲུབས་ལ་རེམ་ཤིང་། །
མ་ཀི་འདུས་གྲྭ་འཛོམས་སར་འཆད་རྩོད་ཀྱི་སྣང་བ། །
ཐོས་དཔྱོད་ནོར་བུའི་གླིང་དུ་ལེགས་བཤད་ཀྱི་གད་རྒྱངས། །

རྩོལ་མེད་ལྷང་ལྷང་བསྒྲོགས་པའི་བལྟད་མོ་སོགས་མཐོང་དུས། །

ལྗ༷ང་སྨྱུ༷ག་གསར་པའི་ཡ༷བ་མྱེས༷་རིག་གཞུང་དེ་ཤེས་སོང་། །

འཁྲུག་ཆ་ཆེ་བའི་ཡུལ་སྟོན་དགྱེས་འཛོམས་ཀྱི་གླིང་ཁར། །

གཞོན་ཤ་དོད་པོའི་རིགས་བཟང་གཞོན་སྐྱེས་ཀྱི་གསེར་ཉའི། །

ཉམས་འགྱུར་གར་གྱི་ལྷ་བྲོ་རལ་པ་སོགས་འཁྲབ་དུས། །

ལྗ༷ང་སྨྱུ༵ག་གསར་པའི་ཞང་བོད་རྒྱུ༵་རྩ༵ལ་དེ་ཤེས་སོང་། །

རྒྱལ་ནང་གང་སར་ཤེས་རིག་དར་རྒྱས་སུ་སོང་བས། །

དེང་རབས་ཅན་གྱི་མེ་ཏོག་ཟེའུ་འབྲུ་ཡི་རྩེ་ན། །

གཡུ་སྦྲང་བློ་གསལ་རིག་པའི་རོ་བཅུད་ཀུན་ལེན་སྐབས། །

ལྗ༷ང་སྨྱུ༵ག་གསར་པའི་མ་ཡུམ་སློབ༵་གྲྭ༵་དེ་དྲན་སོང་། །

ཚང་ཚིང་གཡུ་ཤུག་རྒྱས་པའི་ནགས་གླིང་གི་ཁྲོད་དུ། །

ཆོག་ཤེས་དཀའ་ཐུབ་མཛད་པའི་མི་ཚེ་རུ་བསྐྱལ་ནས། །

ཐོས་དོན་རྒྱུད་ལ་སྦྱར་བའི་བོན་རྒན་ཞིག་མཇལ་ཚེ། །

ལྗ༷ང་སྨྱུ༷ག་གཞོན་ནུའི་དད་པའི་མིག་ཆུ་ཞིག་ཤོར་སོང་། །

ལབ་རྩེའི་མདུན་ནས་སྣ་ལྔའི་ཀླུང་རྟ་སོགས་སྒྲོན་ཞིང་། །
བསང་ཞིམ་གཡུ་ཤུག་དུད་སྤྲིན་བར་སྣང་གིས་བཀང་སྟེ། །

ཕྱེ་མར་འོ་ཞོའི་བསང་རྫས་ནམ་མཁའ་རུ་གཏོར་ནས། །

ཀི་བསྭོའི་ལྷ་རྒྱལ་འབར་སྒྲ་དིར་དིར་རུ་བསྒྲོགས་དུས། །
ལྗ༷ང་སྨྱུ༷ག་བུ་ངའི་བླ་རི་མཆོད་སྟངས་དེ་ཤེས་སོང་། །
ལྗ༷ང་སྨྱུ༷ག་མགོ་ལྕོག་ལྡེམས་སའི་གཡང་ཞིང་གི་འགྲམས་ནས། །

ལྗ༷ང་སྨྱུ༷ག་སེམས་པ་དགའ་བའི་ངག་རིག་གི་དབྱངས་རྟ། །
ལྗ༷ང་སྨྱུ༷ག་གསར་དུ་འབུད་པའི་གངས་གཞོན་གི་ཚོགས་ལ། །
ལྗ༷ང་སྨྱུ༷ག་ཤེས་ཡོན་འཕེལ་ཁའི་ལོ་ལེགས་ཞིག་ཡོང་བའི། །

ལྗ༷ང་སྨྱུ༷ག་གཡང་ར་འབོད་པའི་མགྲིན་གླུ་ཞིག་བླངས་ཡོད། །

 
 
Re:ལྗང་སྨྱུག་གཞོན་ནུའི་མགྲིན་པའི་སྦུབས་ནས་འཕྱུར་བའི་མགྲིན་གླུ།།
[ 2011/11/4 20:56:06 | By: སྐུ་མགྲོན་J51Qi7(སྐུ་མགྲོན) ]
 
སྐུ་མགྲོན་J51Qi7(སྐུ་མགྲོན)གྲོགས་པོ་ལགས་རྩོམ་གྱི་ཉམས་འགྱུར་ཡག་ཀྱང་མདུན་ངོས་ཀྱི་འདྲ་པར་འདི་བཟན་གི་
 
 
Re:ལྗང་སྨྱུག་གཞོན་ནུའི་མགྲིན་པའི་སྦུབས་ནས་འཕྱུར་བའི་མགྲིན་གླུ།།
[ 2011/11/3 23:30:20 | By: laozhuojueni ]
 
laozhuojueniཨེ་མ་ཧོ།
 
 
Re:ལྗང་སྨྱུག་གཞོན་ནུའི་མགྲིན་པའི་སྦུབས་ནས་འཕྱུར་བའི་མགྲིན་གླུ།།
[ 2011/11/3 19:51:22 | By: སྐུ་མགྲོན་qul8OC(སྐུ་མགྲོན) ]
 
སྐུ་མགྲོན་qul8OC(སྐུ་མགྲོན)སྙན་འགྱུར་དབྱངས་ཀྱི་འགྱུར་ཁུགས་ངག་ལ་རྫོགས་པའི་རྩོམས་ཉམས་ཡག་པོ་འདུག གཡུང་བློ་གྲོས་ནས།
 
 
Re:ལྗང་སྨྱུག་གཞོན་ནུའི་མགྲིན་པའི་སྦུབས་ནས་འཕྱུར་བའི་མགྲིན་གླུ།།
[ 2011/10/31 12:29:07 | By: tenzin3909 ]
 
tenzin3909གྲོགས་པོ་ལགས།
རྩོམ་རིག་གི་ཉམས་འགྱུར་ཧ་ཅང་ཡག
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.