ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
པར་མཛོད།
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
བོན་པོ་སྔོན་པོ་སྟོད་གོས་སྔོན་པོ་གོན།  | 2011/11/4 15:49:00

 

བོན་པོ་སྔོན་པོ་སྟོད་གོས་སྔོན་པོ་གོན།

དགེ་བཤེས་གཡུང་དྲུང་སྨོན་ལམ།

 

ཇི་སྐད་དུ།ཞྭ་དཀར་པོ་མེད་པས་འགྲོ་དབང་མེད།གོས་སྔོན་པོ་མེད་པས་སྡོད་དབང་མེད།ཅེས་ཀྱང་གྲགས་མྱོང་བའི་དུས་ཤིག་བོད་ཁ་བ་ཅན་པའི་ལས་དབང་དང་བསྡོངས་ཡོད་རུང་།ད་ནི་དུས་ངན་སྙིགས་པ་གྱུར་བས།སྟོད་འགག་སྔོན་པོ་གྱོན་ཙམ་ན།རང་གཞན་ཀུན་གྱི་འདུལ་བ་ཆ་རྒྱུས་དབེན་པའི་གྱི་ན་བ་རྣམས་ཧད་སྣང་བྱེད་པའི་སྐབས་ཤིས་ཀྱང་ཡིན།

འོན་ཀྱང་།རྒྱལ་བའི་བོན་ཚང་དང་།བཙན་པོའི་ཡིག་ཚང་ཚད་ལྡན་རྣམས་གང་ཞིག་སྔོགས་རུང་།བརྒྱ་ཕྲག་བདུན་པའི་སྔོན་དུ་འདུལ་བ་བའི་སྟོད་འགག་ནི་ཨ་རྐྱང་རྐྱང་སྟེ།གསང་སྔགས་རྣལ་འབྱོར་བའི་སྔགས་གོས་ཀྱང་ཁ་དོག་སྔོན་པོ་བྱེད་པར་མཐོང་སྟེ།སྲིད་པ་རྒྱུད་ཀྱི་ཁ་བྱང་༼༣༦༤༽ལས།དབུ་ལ་ཞྭ་དཀར་མཐའ་ཡན་རེ་རེ་གྱོན།ལུས་ལ་རས་ཀྱི་སྔོ་ཐུལ་རེ་རེ་མནབས།ཞེས་གསུངས་པའི་སོ།དེས་མ་ཚད་དུས་རབས་བདུན་པའི་རྗེས་སུའང་བོན་པོ་རྣམས་ཀྱིས་གོས་སྔོན་པོ་ཁོ་ན་གསོལ་སྟབས་རྗེས་སུ་གོས་སྔོན་པོ་གསོལ་མཁན་རྣམས་བོན་པོ་ཡིན་པའི་མཚོན་བྱེད་དུའང་གྱུར་བ་སྣང་སྟེ།སྙན་རྒྱུས་བླ་མའི་རྣམ་ཐར་དུ་གསལ་བ་ལྟར།སྐུ་ལ་སྔོ་བེམ་མནབས་པའི་བླ་མ་བཙན་པོ་མཆོག་ལ་དཔོན་ཆེན་ལྷུན་གྲུབ་མུ་ཐུར་གྱིས།སྔོན་མོ་ལ་མཚོན་ན།དམ་པ་ནི་བོན་པོ་ལགས་སམ།ཞེས་ཞུས་ཚུལ་སོགས་ཀྱིས་ངེས་པའི་ཕྱིར།གཞན་ཡང་ད་དུང་བོན་པོ་རྣམས་ཀྱིས་སྐབས་དེར་ཁ་དོག་སྔོན་པོ་ལ་གཙིགས་གལ་ཆེ་བར་ལ་མཛད་སྟབས།གཞན་སྡེ་ཚོས་བོན་པོ་ནམ་ལ་དགའ་ཟེར་བའི་གཏམ་ཡང་གྲགས་པ་ནི།ནམ་མཁའ་སྔོན་པོ་ཡིན་པ་ལ་བསྙད་པ་སོགས་རྒྱུ་མཚན་མང་པོ་ལྡན་པའི་ཕྱིར།

དེས་ན་གཡུང་དྲུང་བོན་ལུགས་སུ་གོས་སྔོན་པོ་འདི་ཐུན་མོ་མ་ཡིན་པར་དམིགས་གསལ་དུ་བརྩི་བའི་རྒྱུ་མཚན་གང་ཡིན་ཞེ་ན།དྲན་པའི་མཛོད་འགྲེལ་ལས།བོན་མི་འགྱུར་བའི་རྟགས་ལྔ་ནི།དགུན་གྱི་རྒྱལ་མོ་བསེན་དུ་བཟང་ནས།གངས་དཀར་པོ་དབྱར་མི་འཇུ་བ།གཡུང་དྲུང་བོན་དུས་གསུམ་དུ་མི་འགྱུར་བའི་རྟགས་བཞག་དབྱར་གྱི་རྒྱལ་མོ་བསེན་དུ་བཟང་ནས།རྒྱ་མཚོའི་འབྲི་མིག་དང་ཆུ་མིག་གི་རྡོ་དགུན་མི་འཁྱག་པ།གཡུང་དྲུང་བོན་དུས་གསུམ་དུ་མི་འགྱུར་བའི་རྟགས་སུ་བཞག་ཤིང་ཤུག་པ་ལ་ཞལ་གྱི་ངད་པ་ཧ་བྱས་པས།ཤིང་ལ་བདུད་རྩི་ཆགས་ཏེ།ཤུག་པ་དབྱར་སྔོ་དགུན་དུ་སྔོ་བ་ཡིན།དབྱར་རློན་དགུན་དུ་རློན་པ།གཡུང་དྲུང་བོན་དུས་གསུམ་དུ་མི་འགྱུར་བའི་རྟགས་སུ་བཞགམཚེ་ལ་ལྔགས་ཀྱིས་འཆིལ་མ་བཏབ་པས་བདུད་རྩི་ཆགས་ཏེ།མཚེ་དབྱར་སྔོ་དགུན་དུ་སྔོ།དབྱར་རློན་དགུན་དུ་རློན་པ།བོན་དུས་གསུམ་དུ་མི་འགྱུར་བའི་རྟགས་སུ་བཞགགཤེན་རབ་རྫུལ་འཕྲུལ་གྱིས་སྐུ་གཡུ་བྱ་ཁུ་བྱུག་ཏུ་སྤྲུལ་པས།བོན་པོ་གོས་ལག་སྔོན་པོ་བྱེད་པ་ཡང་།གཡུང་དྲུང་གི་བོན་དུས་གསུམ་དུ་མི་འགྱུར་བའི་རྟགས་སུ་བཞག་གོ།ཞེས་གསུངས་པས་སོ།

དེས་ན་དྲན་པའི་མཛོད་འགྲེལ་ལྟར་སྟོན་པ་ཐམས་ཅད་མཁྱེན་པས་བོན་མཛད་པ་དྲུག་ཅུ་རྩ་གཉིས་སྟོན་པའི་སྐབས་འཇིག་རྟེན་ལས་བོད་ཀྱི་རྒྱལ་ཁམས་སུ།བོན་མཐའ་རུ་མི་ནུབ་པའི་རྟགས་ལྔ་མཚན་མར་བཙུགས་པ་བཞིན།ཕྱིས་བོད་དུ་བོན་བསྟན་དར་ཞིང་རྒྱས་པའི་སྐབས་སུའང་འདུལ་བ་གླིང་གྲགས་ལས།གོན་སྔོན་པོ་མིན་པ་གོན་དབང་མེད།ཅེས་པ་ལྟ་བུ་མངོན་སུམ་དུ་གྲུབ་པས།ད་ལྟའང་ངེག་ཅག་རྣམས་གྲུབ་མཐའ་གཞན་གྱི་གྱིས་དབང་འོས་ལས་ཐར་ཏེ།བསྐྱར་དུ་སྟོད་གོས་སྔོན་པོ་སོགས་ལ་སྤྱོད་རྒྱུ་བྱུང་བ་ནི།གཡུང་དྲུང་བོན་གྱི་བསྟན་པ་སླར་ཡང་འཇིག་རྟེན་འདིར་དར་ཞིང་རྒྱས་པར་ཡོང་བའི་རྟེན་འབྲེལ་དུ་བསྒྲིགས་པ་ཡིན་ཏེ།གོས་སྔོན་པོ་འདི་བོན་བསྟན་རྒྱས་པའི་རྟགས་མཚན་དུ་སྟོན་པས་བྱིན་གྱིས་བརླབས་པར་གསུངས་པའི་ཕྱིར།

འོ་ན།ཞྭ་དཀར་པོ་མེད་པས་འགྲོ་དབང་མེད།ཅེས་པའི་དོན་ཡང་གང་ཞེ་ན།གངས་དཀར་པོ་དབྱར་མི་འགྱུར་བ་བཞིན།ཞྭ་དཀར་པོའང་དེ་བཞིན་དུ་བོན་མི་འགྱུར་བའི་རྟགས་ཡིན་པའི་ཕྱིར་ཏེ།ཞྭ་བཤད་པི་ཝང་དྲུག་འགྱུར་ལས།སྔོན་ཚེ་སྟོན་པ་གཤེན་རབ་ཀྱིས།རྒྱུ་ཡི་བོན་བཞི་སྤྱོད་པ་ལ།བཀའ་རྟགས་ཞྭ་འདི་བསྟན་པ་བཞག་ཞྭ་ལ་ཐུགས་རྗེས་བྱིན་གྱིས་རློབས།ཞྭ་དཀར་གོང་འོད་འབར་བ་གྲགས།ཞེས་གསུངས་པའི་ཕྱིར།

དེས་ན་བོན་ལུགས་སུ་གསང་སྔགས་རྣལ་འབྱོར་བའི་སྔགས་གོས་རྣམས་སྔོན་པོར་བྱས་པས་མ་ཚད་གནའ་དུས་འདུལ་འཛིན་དགེ་སློང་གི་འདུལ་གོས་ཀྱང་སྔོན་པོར་བྱས་པ་སྤྱིར་བཏང་ཡིན་པས་མ་ཚད།བླ་ཆེན་དགོངས་པར་རབ་གསལ་གྱིས་བན་དྷེའི་འདུལ་སློབ་རྣམས་ལ་བོན་པོའི་འདུལ་ཁྲིམས་གནང་སྐབས་ཤམ་ཐབས་ཀྱི་ཀ་བ་སྔོན་པོ་དང་།ཐང་བའི་སྣོལ་ཚང་སྔོན་པོ།པད་ཞུའི་དབུ་རྩེ་སྔོན་པོ།གདིང་བ་གཡུ་མདངས་སྔོན་པོ་བཅས་མཁན་པོ་མི་བརྗེད་པའི་རྟགས་བཞི་ལེན་དགོས་པར་བསྐུར་བས་ཀྱང་ཐམས་ཅད་སྔོན་པོ་ཁོ་ནར་བྱས་པ་བསྟན་འབྱུང་རྣམས་སུ་ཡོངས་གྲགས་པའི་ཕྱིར།

སྤྱིར་འདུལ་གཞུང་རྣམས་སུ་འདུལ་གོས་ཀྱི་ཁ་དོག་ལ་སྔོ་དམར་སེར་གསུམ་ཞེས་གསུངས་ཀྱང་།དེའི་ནང་ནས་འདུལ་བའི་སྟོད་འགག་དེ་སྔོན་པོར་བྱ་དགོས་པའི་རྒྱུ་མཚན་ཡོད་དེ།རྗེ་བདག་ཉིད་པོས་མཛད་པའི་འདུལ་བ་ཀུན་བཏུས་ལས།སྟོད་གོས་ཀྱི་རྣམ་བཤད་འཆད་སྐབས་ཐམས་ཅད་སྔོན་པོ་བཅང་མི་བྱ།དམར་སེལ་དེ་བཞིན་བཀག་མི་རུང་།ཞེས་སྟོད་གོས་ཀྱི་ནང་ཤ་དང་བཅས་ཕྱི་ནང་ཐམས་ཅད་སྔོན་པོར་བྱ་མི་རུང་བར་གསལ་བས་ཀྱང་།འདུལ་བའི་སྟོད་འགག་གི་རྒྱབ་ཤ་སྔོན་པོ་ངེས་པར་དགོས་པའི་དོན་ཡིན་པའི་སོ།དེས་ན་རྗེ་མཉམ་མེད་པའི་རྗེས་སུ་བསྙེགས་པའི་འདུལ་འཛིན་སྐྱེས་བུའི་སྟོད་འགག་ལ་སྔོན་པོ་ངེས་པར་དགོས་པ་ནི་རྗེ་ཉིད་ཀྱི་དགོངས་གཞི་ཡིན་པ་སྨོས་མེད་དོ།

དེ་ཡང་སྟོད་གོས་སྔོན་པོར་དགོས་པའི་ལུགས་སྲོལ་འདི་གསར་དུ་བྱུང་བ་མིན་པ་སྟོན་པ་ཐམས་ཅད་མཁྱེན་པས་ཀྱང་བོན་མི་འགྱུར་བའི་རྟགས་སུ་མནབས་པར་ངེས་ཏེ།དྲི་མེད་གཟི་བརྗིད་༼༣༢༽ལས།སྐུ་ལ་གཡུ་མདངས་སྔོན་པོའི་སྟོད་གཡོག་དང་།ངུར་སྨྲིག་གི་དཔྱང་རལ་ནི་མནབས།ཞེས་གསུངས་པ་མ་ཟད།སྟོན་པ་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་གཡུ་བྱ་ཁུ་བྱུག་ཏུ་སྤྲུལ་ཏེ་རྟག་གཟིགས་ནས་ལྷ་གནས་འབྱོན་སྐབས་སྐུ་མདངས་སྔོན་པོའི་ཆ་ལུགས་ངེས་པར་བཞེས་པས་ཀྱང་།བོན་པོའི་འདུལ་འཛིན་པ་རྣམས་ཀྱིས་སྟོད་འགག་སྔོན་པོར་བྱེད་དགོས་པའི་རྒྱུ་མཚན་མཐོང་ཐུབ་ལ།གྲུབ་ཆེན་རིག་འཛིན་རྣམས་ཀྱིས་གཡུང་དྲུང་གི་བོན་དུས་རྟག་དུ་མི་འགྱུར་བའིབརྡ་མཚོན་དུ་བཞག་པའི་ཕྱིར་རོ།

 

བོན་སྒོ་དེབ་གྲངས་༼༡༥༽ལས་དྲངས།

Re:བོན་པོ་སྔོན་པོ་སྟོད་གོས་སྔོན་པོ་གོན། | 2011/11/14 23:33:30
སྐུ་མགྲོན་138Ld5(སྐུ་མགྲོན)གོང་དུ་ཚིག་བཅད་ཅན་གྱི་ཤོ་ལོ་ཀ་དེའི་དོན་ནི་རྩོད་ལྡན་བརྒྱ་པའི་མགོན་པོ་དམུ་རྒྱལ་རྫོགས་པའི་སངས་རྒྱས་དང་རྨ་མེད་གྱེར་གྱི་བསྟན་པའི་མཛོད་འཛིན་༧མཁན་སློབ་ཉི་ཟླ་གཉིས་ལ་གདུལ་བྱ་གང་ལ་གང་འདུལ་གྱི་ཐབས་དང་ཐུགས་རྗེའི་རྒྱུན་མ་འགག་ཅིང་མི་འཆད་པ་ཡོད་པའི་ཕྱིར་ན། རྣམ་པ་ཅི་ཡང་བསྟན་དུ་རུང་ལ། འོན་ཀྱང་བདག་དང་བདག་ལྟ་བུ་རྣམས་ཀྱིས་རེ་དྭོགས་འོག་འགྱུའི་རྣམ་རྟོག་ཆུང་ཙག་རེར་ལུང་ཟར་ཟུར་རེས་བརྒྱན་ཏེ་འདི་ནི་ཡིན་ནོ། གཞན་དེ་ནི་མི་ལེགས་སོ་ཞེས་ཐག་གཅོད་པ་ནི་ང་ཚོའི་ཡངས་ཞིང་རྒྱ་ཆེ་བའི་ཁོར་ཡུག་དེ་བཅོམས་པའི་ནག་ཉེས་མི་འགོ་བའི་ངེས་པ་མེད་པས་ན་ངོ་མཚར་གྱི་གནད་གསང་དུ་འཛིན་པར་མི་ནུས་ཅེས་སྨྲ་བ་ཡིན་ནོ།།
རྩོམ་པ་པོ།:སྐུ་མགྲོན་138Ld5(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:བོན་པོ་སྔོན་པོ་སྟོད་གོས་སྔོན་པོ་གོན། | 2011/11/14 23:13:53
སྐུ་མགྲོན་138Ld5(སྐུ་མགྲོན)གོང་གི་མཛོད་སྒྲ་འགྲེལ་གྱི་ལུང་དེར་བརྟགས་ན་མཚེ་དང་ཤུག་པའི་ཁ་དོག་ལྗང་ཁུ་རུ་ངེས་པས་ཕལ་ཆེར་སྟོད་འགག་དེ་ལྗང་ཁུ་དགོས་ཀྱི་མེད་འགྲོ། ཧ་ཧ་ཧ་་་་་་་་་
གཤམ་དུ་མཁས་ཚང་བུ།་ལགས་ཀྱིས་ལན་སློག་པ་ནི་
སྐུ་མགྲོན་ལགས་ངའི་ཟིན་བྲིས་ནང་དུ་ཕེབས་བར་དགའ་བསུ་ཞུ་རྒྱུ།
ཡིན་ན་ཡང་སྟོད་འགག་སྔོན་པོ་ལ་དམར་འབོད་དེ་འདྲ་མ་བྱེད་ན་ཡག་འགྲོ་མ་ཟད་སྟོད་འགག་སྔོན་པོ་འདི་གཞན་དང་མ་འདྲའི་བོན་རང་ལུགས་ཀྱིས་ཐུན་མོ་མ་ཡིན་པའི་མཚོན་ཞིག་གཅིག་རེད།
དེ་ཡང་ཁྱེད་རང་བོན་པོ་ཞིག་ཡིན་པའི་ཆ་ནས་དེ་འདྲ་གསུངས་དགོངས་དོན་རྒྱ་མཚན་ག་རེ་ཡིན་ནམ།
རྩོམ་པ་པོ།:སྐུ་མགྲོན་138Ld5(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:བོན་པོ་སྔོན་པོ་སྟོད་གོས་སྔོན་པོ་གོན། | 2011/11/14 23:02:19
སྐུ་མགྲོན་138Ld5(སྐུ་མགྲོན)སྟོད་འགག་སྔོན་པོ་ཁོ་ན་ལེན་པའི་རྣམ་དཔྱོད་ཅན། ཞ་མོ་རྔོག་ཅན་སྤངས་པར་མ་ནུས་ཡིད་རེ་ཕོངས། རྒྱལ་བ་གཉིས་པས་སྔོན་པོ་གོན་མིན་ཐེ་ཚོམ་ན། སྔོན་པོ་ཁོ་ནར་རྒྱབ་བརྟེན་འཚོལ་ལ་ཡིད་རྟོན་ཅི།
རྫོགས་སངས་རྒྱས་དང་མཁན་སློབ་གཉིས།
གང་འདུལ་དེར་སྟོན་ཐབས་མངའ་ན།
རེ་དྭོགས་འོག་འགྱུའི་རྣམ་རྟོག་གིས།
ཁོར་ཡུག་གཅོམ་པར་ངོ་མཚར་ཅི།
རྩོམ་པ་པོ།:སྐུ་མགྲོན་138Ld5(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:བོན་པོ་སྔོན་པོ་སྟོད་གོས་སྔོན་པོ་གོན། | 2011/11/9 18:25:47
sherab༧རྒྱལ་མཉམ་མེད་ཆེན་པོ་སྟོད་འགག་སྔོན་པོ་གོན་མ་གོན་ཐེ་ཚོམ།
སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེ་སྟོད་འགག་སྔོན་པོ་གོན་དགོས་པའི་རྒྱུ་མཚན་ཞིག་ཡོད་འགྲོ།
Re:བོན་པོ་སྔོན་པོ་སྟོད་གོས་སྔོན་པོ་གོན། | 2011/11/8 21:00:41
སྐུ་མགྲོན་oTKv40(སྐུ་མགྲོན)རྗེ་བདག་ཉིད་ཆེན་པོར་སྐྱབས་སུ་མཆི། ༼ཐམས་ཅད་སྔོན་པོ་བཅང་མི་བྱ།དམར་སེར་དེ་བཞིན་བཀག་མི་རུང་།༽ ཅི་འདྲའི་མཐའ་གཉིས་སུ་མ་ལྷུང་བའི་ལེགས་བཤད་ཅིག་རེད་ཨང་།
རྩོམ་པ་པོ།:སྐུ་མགྲོན་oTKv40(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:བོན་པོ་སྔོན་པོ་སྟོད་གོས་སྔོན་པོ་གོན། | 2011/11/6 9:57:25
སྐུ་མགྲོན་130Mdq(སྐུ་མགྲོན)གཡུ་ལུས་བྱ་མགོ་་་་ཞེས་སུ་མཚན་ནས་བརྗོད་པའི་བོན་པོའི་བླ་མ་་་་གྱེར་མི་ཉི་འོད་་་ཞུ་བ་ཞིག་གི་སྐོར་ཏོག་ཙམ་དྲན་གསོས་ཀྱང་ཆ་ཚང་བ་ཞིག་འདིར་དྲན་ཐུབ་པས་ཁྱེད་རྣམ་པ་མཁྱེན་མཁན་ཡོད་ན་གཅིག་གསུང་རོགས་ཞུ།
རྩོམ་པ་པོ།:སྐུ་མགྲོན་130Mdq(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:བོན་པོ་སྔོན་པོ་སྟོད་གོས་སྔོན་པོ་གོན། | 2011/11/4 20:02:01
sherabལགས་སོ་ཡིན་དང་ཡིན།
ཁྱེད་རྣམས་པས་དངོས་གནས་འདི་འདྲ་བཀའ་སློབ་གནང་དུས་ཐུགས་རྗེ་ཆེ་ཞུ།
Re:བོན་པོ་སྔོན་པོ་སྟོད་གོས་སྔོན་པོ་གོན། | 2011/11/4 19:31:19
སྐུ་མགྲོན་N63Uly(སྐུ་མགྲོན)ཡི་གེ་གཏགས་དུས་དོ་སྣང་གནང་དགོས་འདུག་མ་གཏོགས་ཡིག་ནོར་ཧ་ཅང་མང་པོ་ཐོན་འདུག་ག
རྩོམ་པ་པོ།:སྐུ་མགྲོན་N63Uly(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:བོན་པོ་སྔོན་པོ་སྟོད་གོས་སྔོན་པོ་གོན། | 2011/11/4 19:23:38
སྐུ་མགྲོན་J51Qi7(སྐུ་མགྲོན)ཕ་བཟང་བུ་་་་་ཤིན་ཏུ་ལེགས་པོ་བྲིས་འདུག་་ད་དུང་འདི་སྐོར་གྱི་ལབ་གླིང་དང་སློབ་གསོ་སྤེལ་གནང་བར་རེ་བ་ཡོད་ སོ་བསྟན་གྱིས་ཁྱུང་ཡུལ་ནས་
རྩོམ་པ་པོ།:སྐུ་མགྲོན་J51Qi7(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.