སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
བདག་ལ་འབྲེལ་ཐོགས་ཀྱི་སེམས་ཅན་དེ་ཚོ།
[ 2012/5/4 17:05:00 | By: འཇིགས་བྱེད་ཚེ་རིང་། ]
 
 
བདག་ལ་འབྲེལ་ཐོགས་ཀྱི་སེམས་ཅན་དེ་ཚོ།
 
ངས་ཀ་མད་ཀྱི་ཕྲེང་བའི་མགུལ་རྒྱན་བསླེས་ནས།།
གནས་ངེས་མེད་ཀྱི་ས་མཐར་རིག་པས་ཉུལ་དུས།།
གྲོགས་འབྲེལ་ཡོད་ཀྱི་སྨྱུ་གུ་འཛིན་མཁན་ཚོ་ལ།།
སེམས་བསམ་པ་ཡི་མཚོན་བྱེད་འཕྲིན་འདི་བསྐུར་ཡོད།།
 
སྔོན་མེས་པོ་ཚོས་མཛད་པའི་རིགས་གཞུང་ཀུན་ལ།།
དོན་ནང་ཆོས་ཀྱི་བླ་སྲོག་གསོན་པོར་ཡོད་པས།།
བློ་ཆོས་ཉིད་ཀྱི་ཁམས་ལ་ཧར་གྱིས་ལྟོས་དང་།།
དབྱིངས་བདེ་སྟོང་གི་རྒྱལ་སར་ཁ་ཐག་མི་རིང་།།
 
བོད་མི་རིགས་ཀྱི་སྐད་ཡིག་བརྡ་སྤྲོད་གཞུང་ལ།།
ཆེས་ཐོག་མ་ནས་བག་ཆགས་ཟབ་མོ་འཇོག་དགོས།།
གནའ་དེང་མ་ཡི་མགུར་དང་ལ་གཞས་སོགས་སུ།།
ཚིག་སྡེབ་སྦྱོར་གྱི་སྙན་ཆ་ཡག་པོ་ཡོད་རེད།།
 
གླིང་གེ་སར་གྱི་ལྷ་སྒྲུང་རིང་མོའི་ཁྲོད་དུ།།
བོད་བྱིངས་མི་ཡི་ཁ་སྐད་གསོན་པོ་ཡོད་རེད།།
རྗེ་མི་ལ་ཡི་མགུར་འབུམ་ཆེན་མོའི་ནང་དུ།།
མ་བྱམས་ལྡན་གྱི་འོ་ཞོ་མངར་མོ་འཁྱིལ་ཡོད།།
 
ལག་སྨྱུ་གུ་ཡིས་མི་ཚེ་བསྐྱེལ་བར་འདོད་ན།།
སེམས་སྙན་ངག་གི་དབྱིངས་སུ་འཐིམ་པར་འདོད་ན།།
བོད་གནའ་དེང་གི་དཔེ་ཆར་ལྟད་མོ་བལྟ་དགོས།།
ལུས་སྒྱུ་རྩལ་གྱི་མཛེས་མར་གཉེན་སྟོན་བྱ་དགོས།།
 
ཚིགས་བཅད་པ་ཡི་རྩོམ་ལ་བྱང་བར་འདོད་ན།།
སྒྲུང་མགུར་གླུ་སོགས་དེ་ཡི་ལག་ཆར་བཀོལ་དགོས།།
བོད་རང་མི་ཡི་སྙན་ངག་འབྲི་བར་འདོད་ན།།
དམངས་རྩོམ་རིག་གི་བུ་མོ་བག་མར་བསུ་དགོས།།
 
སེམས་ཚོར་མེད་ཀྱི་སྙན་ངག་ཤི་བོ་མ་བྲི།།
གཞོན་མི་སེམས་ཀྱི་སྐོམ་པའི་གདུང་བ་མི་སེལ།།
གོ་དཀའ་བ་ཡི་ནམ་མཁའི་དབྱིངས་ནས་མ་བྲི།།
འབངས་མང་ཚོགས་ཀྱི་སྐད་ཆའི་ཚབ་མཚོན་མི་ཐུབ།།
 
དཔོན་ཆེན་པོ་ཡི་ཁྲི་ལ་ཧམ་སེམས་མ་ཤོར།།
བོད་རྩོམ་རིག་གི་ཞིང་སར་གོད་ཆག་ཐེབས་ཡོང་།།
སྨན་བུ་མོ་ཡི་བརྩེ་བ་འཚོལ་རྒྱུ་མ་ཟེར།།
བུ་སྙན་ངག་གི་སེམས་ལ་བསླུ་བྲིད་གཏང་ཡོང་།།
 
རྒྱལ་ཕྱི་ནང་གི་ཆབ་སྲིད་གླེང་རྒྱུ་མ་ཟེར།།
དཔལ་རིགས་ལམ་གྱི་བུ་མོ་བཙོན་དུ་བཟུང་འགྲོ།།
གནས་འདོད་ཁམས་ཀྱི་འདོད་བསྟན་འབྲི་རྒྱུ་མ་ཟེར།།
ཚིག་སྡེབ་སྦྱོར་གྱི་བུ་ཆུང་ཆགས་པས་བཟི་འགྲོ།།
 
རྩོམ་གཞུང་ལུགས་ཀྱི་བརྒྱན་དང་བསྟུན་རྒྱུ་མ་ཟེར།།
ཡིད་ཚོར་ཤེས་ཀྱི་མཛེས་མ་ཨར་ལ་གཏད་ཡོང་།།
ཉམས་སྣ་ཚོགས་ཀྱི་ཕྱོགས་སུ་འབད་རྒྱུ་མ་ཟེར།།
དོན་བརྗོད་བྱ་ཡི་བླ་སྲོག་རྩད་ནས་འཇོམས་འགྲོ།།
 
ཆེས་ཐོག་མ་ཡི་སྟ་གོན་དཔེ་བལྟས་ཡིན་རེད།།
ལམ་བར་སྐབས་ཀྱི་གོམ་བགྲོད་འབད་པར་རག་ལས།།
ཆེས་མཐའ་མ་ཡི་རྩ་ཚིག་ཕྱི་ཐག་རིང་དགོས།།
ཐབས་དེ་གསུམ་གྱི་གདམས་ངག་ཁྱད་དུ་འཕགས་སོ།།
 
༢༠༡༢ལོའི་ཟླ༤བའི་ཚེས༢༦ཉིན་རོང་བཙན་ཁ་བ་དཀར་པོའི་ཉེ་འདབས་རང་ཤག་ཏུ་ཤར་མར་སྦྱར་བ་དགེའོ།།
                                    གསལ་བཤད།
རྩོམ་ཡིག་འདི་ནི་མགོ་ལོག་གི་གསར་བུ་གསར་མོ་རྩོམ་དགའ་སྐོར་ཞིག་ལ་ཆེད་དུ་བྲིས་པ་ཡིན་ལ་ང་ཚོའི་ཕ་ཡུལ་གྱི་སྙན་ངག་གི་འཕྲིན་ལས་དར་བའི་རྟེན་འབྲེལ་གྱི་ཁ་བཏགས་ཤིག་ཀྱང་ཡིན་ནོ།། དེ་བས་འདི་ཉིད་མི་ཡོད་ཚད་ཀྱིས་མ་ཀློག་ན་ཆོག་མོད།རྡེའུ་དཀར་དང་། རྨ་ཞོགས་རླུང་། ཞི་སྐྱིད། སྒེའུ་ཁུང་། དགུ་ཟུར་མ། གངས་རྡོ། འབྲོག་སྐར་རྒྱན། རྩེ་བ་ཀུན་དགའ། སྤྱན་ཡངས་མ། སད་མིང་བ། ཤར་སྲས་འཁྱམ་པོ། གངས་ལུང་སྲས་མོ། བོད་དུང་བྱེའུ་འཇོལ་མོ། འདྲེ་མི་ལ། དགེ་མིང་བསྟན་དར། ལྗང་སྨྱུག་ལོ། སྨིན་ཁ་བ། བཙན་ཁ་ཤོར། སྨིན་སྣང་མཛེས། རྟ་བོའི་བཀྲ་ཤིས་རྡོ་རྗེ། ལོ་ཆུང་། ཇོ་ཡུ་ཚུལ་ཁྲིམས། དགེ་བུ་ཐུབ་ བཀྲ་སོགས་མིང་ཐོན་ཡོད་མེད་ཀྱི་མགོ་ལོག་གི་གསར་བུ་གསར་མོ་ཚོས་ངེས་པར་དུ་རྩོམ་ཐུང་འདི་ཚར་ཞིག་བཀླགས་རྒྱུའི་རེ་བ་ཆེའོ།།
 
 
Re:བདག་ལ་འབྲེལ་ཐོགས་ཀྱི་སེམས་ཅན་དེ་ཚོ།
[ 2012/5/4 22:22:11 | By: danzengyixi ]
 
danzengyixi

མགོ་ལོག་པའི་མྱི་སྐད་རྣ་ལམ་འགྲོ་ཀི །
མགོ་ལོག་པའི་མྱི་སྐད་སེམས་དང་མཐུན་ཀི །
མགོ་ལོག་པའི་ཉམས་མྱོང་ཤར་མར་བྲིས་འདུག །
མགོ་ལོག་པའི་སློབ་གསོར་དང་ལེན་ཞུས་ཡོད། །
མགོ་ལོག་པ་འདྲ་བའི་རྩོམ་ཡིག་འབྲི་རྩལ། །
མི་རིང་བར་ཐོབ་པའི་རེ་སྨོན་ཞུས་ཡོད། །
ལྷ་གཡག་དར་མས།
 
 
Re:བདག་ལ་འབྲེལ་ཐོགས་ཀྱི་སེམས་ཅན་དེ་ཚོ།
[ 2012/5/4 21:13:45 | By: yongzhoglangda ]
 
yongzhoglangdaརྩོམ་ལེགས་འདུག ཡིད་རངས་ཞུ།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.