སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
གངས་ལུང་སྲས་མོར་ཕུལ་བའི་བརྩེ་དུང་གི་ལེའུ།
[ 2012/2/19 0:21:00 | By: འཇིགས་བྱེད་ཚེ་རིང་། ]
 

ཟླ་འོད་ལ་འཁྲི་བའི་སེམས་གཞས། 
                   གངས་ལུང་སྲས་མོར་ཕུལ་བའི་བརྩེ་དུང་གི་ལེའུ1

དགུང་གི་ཟླ་འོད་ལ་བལྟས་ནས་སེམས་གཏམ་གླེང་མྱོང་།།
ས་གཞི་མལ་གདན་དུ་བཏིང་ནས་གཉིད་ལ་ཤོར་མྱོང་།།
སྐར་མ་སོར་རྩེ་རུ་བགྲེང་ནས་རྩིས་ལ་བཏབ་མྱོང་།།
སེམས་པ་རྣམ་དག་གཉིས་བསྲེས་ནས་བརྩེ་བས་བཟི་མྱོང་།།

གཅིག་སེམས་གཅིག་འདྲེས་ཀྱི་བརྩེ་བའི་རྨི་ལམ་ཞིང་ནས།།
མ་འོངས་མི་ཚེ་ལ་བྲིས་པའི་རི་མོ་གསལ་ཡང་།།
གློ་བུར་བར་ཆད་ཀྱི་བདུད་པོ་སླེབ་ཐེངས་ཤིག་གིས།།
འུ་གཉིས་སྐད་ཅིག་ལ་ཁ་ཁར་བྲལ་དགོས་བྱུང་སོང་།།

ས་ཐག་རིང་སོང་བས་མིག་ཆུ་འཆོར་གྱིན་ཨེ་ཡོད།།
གྱེས་བྲལ་འཇིགས་སྣང་གིས་ལུས་སེམས་གཙེས་ཀྱིན་ཨེ་ཡོད།།
བུ་ལོན་ལན་ཆགས་ལ་འཁོར་བའི་མི་ཡུལ་འདི་ནས།།
མཇལ་འཛོམས་ཆོས་ཉིད་ལ་སྨོན་པ་བཅངས་ནས་ཡོད་དོ།།

དགུང་གི་ཉི་འོད་ཀྱིས་མུན་པའི་གླིང་བཞི་གསལ་དུས།།
ས་ཡི་པདྨོ་ལ་ཆུ་ཐིགས་བསིལ་བ་འབབ་དུས།།
གནའ་མཁར་ཟི་ལིང་གི་འདུ་འཛིའི་བར་གླེགས་རེ་ནས།།
འདང་ཆེན་བྱམས་པ་ཡི་ཞལ་རས་ཝ་ལེར་དྲན་བྱུང་།།

རྒྱུས་མེད་མི་ཡུལ་གྱི་གྲོང་ཁྱེར་དོགས་པོ་འདི་ནས།།
ཆ་མེད་མི་ཚོགས་ཀྱི་རྒྱབ་གཟུགས་མིག་གིས་མཐོང་དུས།།
ང་ལ་རྒྱུས་ཡོད་ཀྱི་བུ་མོ་བདེ་སྐྱིད་སྒྲོལ་དཀར།།
མ་མཐོང་བདག་སེམས་ལ་སྡུག་གི་མཆི་མ་ལྷུང་སོང་།།

སྒེའུ་ཁུང་ཕྱི་རོལ་ཏུ་སྦྲང་ཆར་་ཤག་ཤག་འབབ་དུས།།
སྡོང་ལོའི་ལྗོན་པ་ལ་ལྗང་མདོག་རྣམ་པར་བཀྲ་ཡང་།།
སྙིང་ཆུང་འདར་འདར་གྱིས་མཛའ་མོ་དྲན་ཐེངས་འདི་ཡིས།།
ཡིད་བདེ་བག་ཕེབས་ཀྱི་གོ་སྐབས་གཏན་ནས་མི་འདུག།

དེ་རིང་ལམ་ཐག་གི་ལེ་དབར་གོམས་པས་གཞལ་ནས།།
རེ་བའི་མིག་ཟུང་གི་འདུན་པ་ཁྱོད་ལ་གཏད་དེ།།
མགྱོགས་མགྱོགས་བྲེལ་བྲེལ་གྱི་མདུན་དུ་ཡོང་གིན་ཡོད་མོད།།
སེམས་པ་འཚུབ་སྣང་གིས་ན་ཟུག་མྱོང་བཞིན་ཡོད་ལགས།།

སྤྲིན་པ་དཀར་དཀར་གྱི་དབུ་ཞྭ་ཐོད་ལ་མནབས་ས།།
ཆུ་བོ་དྭངས་དྭངས་ཀྱི་སྐ་རགས་ལུས་ལ་བཅིངས་ས།།
མཐོན་མཐིང་དགུང་སྔོན་ལ་སྐར་མའི་འོད་སྣང་གསལ་ས།།
འུ་གཉིས་སྐྱེ་ཡུལ་གྱི་ཕ་གཞིས་སྨུག་པོ་ཡིན་ནོ།།

ཆུང་ཆུང་འུ་གཉིས་ཀྱི་རྩེད་རྡོ་འདི་ནས་བསྒྲིགས་མྱོང་།།
ཤེས་རིག་བདུད་རྩི་ཡི་འོ་ཇ་མཉམ་དུ་བཏུང་མྱོང་།།
མ་འོངས་མི་ཚེ་ལ་རྫོགས་ཚིག་ཤར་མར་བཀོད་མྱོང་།།
སེམས་འདུན་གཙང་མ་ཞིག་རུས་པའི་གསེང་ནས་གླེང་མྱོང་།།

སྙིང་གཏམ་གསོན་པོ་ཞིག་སེམས་པའི་གཏིང་ནས་གླེང་གིན།།
བརྩེ་བ་སྣུམ་པོ་ཞིག་རུས་རྐང་གསེང་ལ་འཐིམས་ཡོད།།
བདག་མེད་བདག་ཡོད་དུ་སྣང་བའི་འཆར་ཡན་ཞིག་ལ།།
དུངས་བརྗོད་ཚིག་རྐང་འགའ་འདི་ལྟར་ཤར་མར་ཐལ་ལོ།།
             2011.9.1ཉིན་བྲིས།
 

འུ་གཉིས་ཀྱི་བརྩེ་དུང་ལ་ཆག་གྲུམ་ཤོར་མི་ཉན།
                     གངས་ལུང་སྲས་མོར་ཕུལ་བའི་བརྩེ་དུང་གི་ལེའུ།༢
    ---རྩོམ་པ་པོའི་གསལ་བཤད།
    ཚིག་རྐང་འདི་དག་ནི་ང་དང་གངས་ལུང་སྲས་མོ་གཉིས་ཀྱི་བརྩེ་དུང་ལ་བར་ཆད་བྱེད་མཁན་གྱི་གསར་བུ་ཁ་ཤས་ཤིག་གིས་གངས་ལུང་སྲས་མོ་ལགས་སུ་ཁ་པར་གྱི་སྐུད་ལམ་དང་ཡང་ན་དངོས་སུ་འཕྲད་ནས་འཇིགས་བྱེད་ཚེ་རིང་གི་བརྩེ་དུང་ལ་ཁོང་ཚོ་ཡིད་ཆེས་མེད་ཟེར་མཁན་གྱི་གྲོགས་པོ་སྐོར་ཞིག་གི་སྐད་ཆའི་གཤིས་ཀ་ལ་དམིགས་ནས་ངེད་གཉིས་ཁ་ཁར་གཏོང་འདོད་པ་ནི་ཁྱེད་ཅག་གི་རྨི་ལམ་ཙམ་ལས་དོན་ཐོག་ཏུ་མི་འཇོག་པའི་དམ་བཅའ་ཞིག་གིས་ཀུན་ནས་བསླངས་ཏེ་བྲིས་པ་ཡིན།

འུ་གཉིས་སེམས་པ་འདྲེས་ནས་ཡུན་རིང་འགོར་ཡོད།།
འུ་གཉིས་གཉེན་རྟགས་བརྒྱབ་ནས་ལོ་གསུམ་ལོན་ཡོད།།
འུ་གཉིས་བརྩེ་བ་ཆགས་ནས་རིན་ཐང་རྙེད་ཡོད།།
འུ་གཉིས་དམ་བཅའ་བཞག་ནས་རྡོ་ལ་བརྐོས་ཡོད།།

མི་ཁ་རླུང་བུ་ཡིན་པས་བདེན་པར་མ་འཛིན།།
མི་ཁ་བར་ཆད་ཡིན་པས་ཟབ་ཟབ་གནང་རོགས།།
མི་ཁ་གནས་ལུགས་མེད་པས་སེམས་ཆུང་བྱེད་དགོས།།
མི་ཁ་བྲག་ཆ་ཡིན་པས་ངེས་པ་མེད་དོ།།

གཡས་དང་གཡོན་ལ་བལྟས་ནས་བསམ་གཞིག་གནང་ན།།
མདུན་དང་རྒྱབ་ལ་བསམ་ནས་ཞིབ་མོར་དཔྱད་ན།།
འཇིག་དང་རྟེན་ལ་དམིགས་ནས་བློ་མིག་བཀོལ་ན།།
དེ་ནི་མཁས་པའི་ཤེས་རབ་དང་པོ་ཡིན་ནོ།།

ཁྱོད་ཀྱི་སྐྱེ་གཟུགས་ཡག་པས་གཞན་ཡིད་འགུགས་ཡོད།།
ཁྱོད་ཀྱི་སྐད་ངག་སྙན་པས་གཞན་སེམས་དྲངས་ཡོད།།
ཁྱོད་ཀྱི་གཤིས་རྒྱུད་འཇམ་པས་གཞན་གྱིས་བལྟས་ཡོད།།
ཁྱོད་ཀྱི་ལོ་ན་ཆུང་བས་གཞན་དག་དགའ་ཡོད།།

སྙིང་གཏམ་རིན་ཐང་ཅན་པོ་སེམས་ལ་བཟུང་ནས།།
བརྩེ་བ་མཛེས་སྡུག་ཅན་པོ་ཐོད་ལ་བཏེགས་ནས།།
འོ་སྦྱོར་ཞིམ་མངར་ཅན་པོ་ལྕེ་ཐོག་བླུག་ནས།།
འབྲེལ་མེད་སེམས་ཀྱི་དམ་བཅའ་རྡོ་ལ་བརྐོ་ཆོག།
                2011.9.9ཉིན་བྲིས།

གཞན་དབང་གི་བརྩེ་བ།
                 
                      གངས་ལུང་སྲས་མོར་ཕུལ་བའི་བརྩེ་དུང་གི་ལེའུ།༣
   ངའི་སེམས་ཁོང་གི་གངས་ལུང་སྲས་མོ་ལགས་ཀྱི་ཕ་མ་དང་གཉེན་ཉེ་སོགས་ངེད་གཉིས་ཀྱི་དོན་དག་ལ་འཐད་ཀྱིན་མི་འདུག་པས་སེམས་པ་སྨྲེང་སྨྲེང་དང་མིག་ཆུ་ཐར་ཐོར་གྱི་ཀློང་ནས་རང་དབང་མེད་པར་འདི་ལྟར་སྐྱོ་གླུ་རེ་ལེན་བཞིན་ཡོད།
སྨུག་ལང་ལོང་གི་རི་མགོ་གཡོགས་ཐལ།།
ཞེ་སྨྲེང་སྨྲེང་གི་མཛའ་གཞས་ལེན་གྱིན།།
ས་ཐག་རིང་ནས་འཕྲིན་འདི་བྲིས་པ།།
རོགས་འདང་ཆེན་གྱི་སེམས་པའི་གཏམ་ཡིན།།

དྲིན་ཕ་མ་ཚོའི་སྐད་ཆའི་གསེང་ན།།
གཉེན་ཉེ་བ་ཚོའི་འཚོ་བའི་ཀློང་ན།།
རོགས་འུ་གཉིས་ལ་བར་ཆད་ཆེ་གི།
འདང་ཆེན་ནི་བོ་ཡིད་ནས་མ་བོར།།

ཤ་རུས་པ་ཡི་གཏིང་དང་གསེང་ནས།།
སེམས་བསམ་པ་ཡི་དྲན་ཚུལ་ཞིག་ལ།།
ས་ཆེན་པོ་འདི་འགྱུར་བག་རྒོད་ཅིང་།།
ཞེ་བསམ་པ་ནས་དམ་བཅའ་མི་ལྷོད།།

རྩྭ་རྩི་ཏོག་གི་སྐྱེད་ཚལ་མཛེས་ས།།
ལུག་གཡང་དཀར་གྱི་འབའ་སྒྲ་སྙན་ས།།
གནས་མཆོག་གྱུར་གྱི་འབྲོག་ཐང་ཞིག་ནས།།
ཡུན་མི་རིང་བར་ལྷན་འཛོམས་གནང་ཆོག།

ནང་ཕུ་ནུ་ཡི་མི་ཁ་རྒོད་རུང་།།
ཕྱི་སྡེ་བ་ལ་ཕྲག་དོག་ཆེ་རུང་།།
ལམ་ཁ་ཐག་གིས་ཁ་ཁར་བྲལ་རུང་།།
མིག་མཆི་མ་ལ་སེམས་པ་གླན་ཆོག།

གངས་དཀར་པོ་ལ་བསང་མཆོད་བྱས་ནས།།
ལྷ་དཀོན་མཆོག་ལ་སྐྱབས་འཇུག་ཞུ་གིན།།
སྡེ་མི་ཁ་ལ་ངོ་གདོང་གཏད་ནས།།
གཞི་འཁོར་བ་ལ་གྲ་སྒྲིག་བྱེད་ཆོག།

                                  2011.9.11

 

 

 
 
Re:གངས་ལུང་སྲས་མོར་ཕུལ་བའི་བརྩེ་དུང་གི་ལེའུ།
[ 2012/3/2 17:20:01 | By: སྐུ་མགྲོན་2KBm1Q(སྐུ་མགྲོན) ]
 
སྐུ་མགྲོན་2KBm1Q(སྐུ་མགྲོན)འཇིགས་བྱེད་ཚེ་རིང་རྫུན་སྐྱལ།
 
 
Re:གངས་ལུང་སྲས་མོར་ཕུལ་བའི་བརྩེ་དུང་གི་ལེའུ།
[ 2012/2/21 14:53:36 | By: jiuxie ]
 
jiuxieདྲྭ་གྲོགས་གསར་རྙིང་གཉིས་ཀ་ཕེབས་ཏེ་བསམ་ཚུལ་བརྗོད་པ་བཀའ་དྲིན་ཆེའོ། མགོ་ལོག་པ་འཇིགས་བྱེད་ཚེ་རིང་གིས།
 
 
Re:གངས་ལུང་སྲས་མོར་ཕུལ་བའི་བརྩེ་དུང་གི་ལེའུ།
[ 2012/2/21 12:48:48 | By: སྐུ་མགྲོན་H4Co26(སྐུ་མགྲོན) ]
 
སྐུ་མགྲོན་H4Co26(སྐུ་མགྲོན)རྩོམ་ཡིག་འདི་དག་མངར་སྐྱུར་གྱི་བྲོ་བ་ཡོད་འདུག
 
 
Re:གངས་ལུང་སྲས་མོར་ཕུལ་བའི་བརྩེ་དུང་གི་ལེའུ།
[ 2012/2/19 23:29:06 | By: danzengyixi ]
 
danzengyixi

བཀླགས་ཟིན།
སོ་སོའི་དགའ་ཤོས་སུ་གྱུར་པའི་མི་བུ་དེ་འཆད་འདོད་པའི་སྐད་ཆ་དག་དྲྭ་ཐོག་ལ་དམར་རྗེན་གཏོང་མཁན་རྒན་ཁྱེད་དང་ངེད་གཉིས་ལྟ་བུ་རེད་ འདུག ཧེ་ཧེ་་་་་་་་་་་་་་
སྙན་རྩོམ་ལ་གཞིགས་ན་ཁྱེད་ཀྱིས་གངས་ལུང་སྲས་མོར་བཅངས་པའི་རྩེ་དུངས་ནི་འགྱུར་མེད་ཀྱི་དམ་བཅའ་བརྟན་པོ་ཡིན་ས་འདུག
ངས་འདི་ནས་ཁྱེད་གཉིས་ཀྱི་བརྩེ་དུངས་དེ་མངོན་གྱུར་བྱུང་ནས་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་ཤིག་འཛུགས་ཐུབ་པའི་རེ་སྨོན་ཞུས་པ་ཡིན།
 
 
Re:གངས་ལུང་སྲས་མོར་ཕུལ་བའི་བརྩེ་དུང་གི་ལེའུ།
[ 2012/2/19 12:03:05 | By: ལྷ་མོ།(སྐུ་མགྲོན) ]
 
ལྷ་མོ།(སྐུ་མགྲོན)ཁྱེད་ཀྱི་རྩོམ་ཡིག་བཀླགས་ཟིན། ལྷ་མོས།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.