དྲིན་ཅན་ཕ་མའི་དྲིན་ལན།
མཁན་རྒྱ་མཚོ་ནོར་བུ་རིན་པོ་ཆེ་༎
འཇིག་རྟེན་ཐོག་རང་ལ་བཀའ་དྲིན་ཆེ་བ་དྲིན་ཅན་ཕ་མ་ལས་ལྷག་པ་ཞིག་མེད། དེ་ནི་ང་ཚོའི་ཆོས་ལུགས་
རིག་གཞུང་ཡུལ་སྲོལ་གོམས་གཤིས་ནང་གསལ་བར་བསྟན་ཡོད་པ་དང༌། དེའི་སློབ་གསོའི་བག་ཆགས་ཕྲན་
ཙམ་ཐོབ་པས་མི་རིགས་གཞན་ལ་བསྡུར་ན་ཅུང་ལེགས་ཙམ་ཡོད་ཀྱང༌། ད་ནི་གཅིག་ནས་སྙིགས་མ་ལྔ་བདོ་
ཤར། གཉིས་ནས་མི་རིགས་གཞན་ལ་མིག་ལྟོས་ངན་པའི་ཤན་ཞུགས། གསུམ་ནས་རང་གཅེས་འཛིན་གྱི་བསམ་
བློ་རྒྱ་ཡན་དུ་བཏང་དྲགས་པས་ལོ་རེ་བཞིན་ཕ་མ་བུ་རྒྱུད་བར་གྱི་དགའ་དད་བརྩེ་གདུང་ཇེ་ཆུང་དང༌། རྒན་
གཞོན་བར་ལ་གུས་བཀུར་བརྩི་འཇོག་ཇེ་ཞན་སོང་ནས་ཕ་མ་རྒན་རྒོན་རྣམས་སེམས་ཕམ་ཡིད་སྡུག་ཇེ་ཆེ་འགྲོ་
བཞིན་ཡོད་ལ་ན་གཞོན་རྣམས་ཀྱང་སྔ་ཕྱི་མ་གཏོགས་འགྲོ་ས་གཞན་མེད་པས་རྒན་གཞོན་སྤྱི་ལ་ཅུང་ཟད་ཕན་
པའི་རེ་བ་བྱེད་དེ་དྲིན་ཅན་ཕ་མ་རྒན་རྒོན་ལ་དྲིན་ལན་བསོབ་དགོས་ཚུལ་ཕྲན་ཙམ་ཞུས་ན། དྲི་མེད་ལས།
རང་གིས་ཕ་མ་དག་ལ་ཅི་བྱས་པ། རྗེས་སུ་བུས་ཀྱང་རང་ལ་དེ་བཞིན་བྱེད་གསུངས་པ་ལྟར། ང་ཚོ་མི་རྣམས་བློ་
རྒྱ་ཆེ་ཆུང་དང༌། རྣམ་རིག་གསལ་ཞན་དབང་གིས། ད་ལོ་དང་སང་ཕོད་ཕྱི་མ་དང་མཐར་ཐུག། རང་དོན་དང་
གཞན་དོན་སྒྲུབ་མཁན་གྱི་མི་ལ་རབ་འབྲིང་ཐ་མ་དང༌། ཐེག་པ་ལ་ཆེ་འབྲིང་ཆུང་གསུམ་ཁ་ཁ་བྱུང་བས་མི་
རབ་ཐེག་ཆེན་རྣམས་ཀྱིས་ནི་མཁའ་ཁྱབ་ཀྱི་དྲིན་ཅན་ཕ་མར་གྱུར་པའི་སེམས་ཅན་ཀུན་ལ་དྲིན་ལན་བསབ་པ་
ཡིན་པས་དེ་ལྟར་མ་བྱུང་ནའང་ང་ཚོའི་ཚེ་འདིའི་དྲིན་ཅན་ཕ་མའི་བཀའ་དྲིན་དྲན་ཞིང་དྲིན་ལན་བསབ་
དགོས། ཕ་མ་ནི་རང་ལ་ཐོག་མཐའ་བར་གསུམ་དུ་དྲིན་ཅན་ཡིན་ཏེ། ཐོག་མར་འཛམ་གླིང་གཡས་བཞག་གི་
ནོར་བུ་ལས་ལྷག་པའི་མི་ལུས་རིན་པོ་ཆེའི་རྟེན་འདི་བྱིན་པའི་དྲིན་ཆེ་བ་དང༌། བར་དུ་འཁྱགས་ལྟོགས་སྐོམ་
གསུམ་གྱི་ཤི་རྒྱུ་དེ་ཤི་མ་བཅུག་པར། ཤའི་དྲོད་ལ་བཅར། མངར་བའི་ནུ་ཞོ་བསྣུན། བརྩེ་བའི་སེམས་ཀྱི་སྐྱོང༌།
བྱམས་པའི་མིག་གིས་བལྟས། དགའ་བའི་འཛུམ་གྱིས་བསུས། སྣབས་ཁ་ཡིས་ཕྱིས། ཟས་ལྕེ་ཡིས་སྤྲད། གཅིན་སྐྱག་
ལག་པས་ཕྱིས་ནས་གསོ་སྐྱོང་བྱས་པ་དང༌། སྐབས་དེར་རྐང་པ་ཡོད་ཀྱང་གོམ་པ་སྤོ་མི་ཤེས། ལག་པ་ཡོད་ཀྱང་
ལས་ཀ་བྱེད་མི་ཤེས། ཁ་ལྕེ་ཡོད་ཀྱང་སྐད་ཆ་བཤད་མི་ཤེས། རྣ་བ་ཡོད་ཀྱང་ཚིག་གཅིག་བརྡ་མི་འཕྲོད། མིག་
གཉིས་ཡོད་ཀྱང་མཐའ་ལ་གཟུར་མི་ཤེས། སེམས་པ་ཡོད་ཀྱང་སྣ་གཅིག་བསམ་མི་ཤེས་དུས་དྲིན་ཅན་ཕ་མས་
དགེ་རྒན་བཟང་པོས་སློབ་ཁྲིད་བྱེད་པ་བཞིན་ཁ་ཡི་སྐད་ཆ། རྐང་པའི་གོམ་པ། མིག་གི་བལྟ་ཚུལ་སོགས་རེ་རེ་
བཞིན་སློབ་སྟེ། ཨ་ཟེར་མ་ཟེར། ཨ་མ་ཟེར་ཤོག་བཤད་ནས་དབང་པོ་སྒོ་ལྔ་ཡག་ལག་གཟུགས་ཕུང་ལ་བེད་སྤྱོད་
གཏོང་ཤེས་པར་སློབ་པའི་དཀའ་དྲིན་ཆེ་བ་དང༌། ཐ་མར་ཟས་ཟ་ལུགས། གོས་གྱོན་ལུགས། ལས་ཀ་སྒྲུབ་ལུགས་
རེ་རེ་བཞིན་རང་གི་ཤེས་ཚད་ཚང་མ་སློབ་རྗེས། ཤེས་རིག་ཡོན་ཏན་སློབ་སྦྱོང་བྱེད་དུ་བཅུག་སྟེ་སློབ་ཡོན་དང་
འགྲོ་སོང་ཡོངས་རྫོགས་གནང་བ་མ་ཚད་ཕ་མ་རང་གི་ཚེ་གཅིག་སྡིག་སྡུག་གཏམ་ངན་ཁྱད་དུ་བསད་ནས་སྒྲུབ་
པའི་ལོངས་སྤྱོད་ཡོངས་རྫོགས་སེར་སྣ་དང་ཕོངས་སེམས་མེད་པ་བུ་བུ་མོ་འདི་དག་བདག་པོ་རྒྱག་མཁན་ཡོད་
བསམ་ནས་དགའ་བཞིན་སྤྲོ་བཞིན་སྤྲད་པས་ཐོག་མཐའ་བར་གསུམ་དུ་དྲིན་ཆེ་བའི་ཚུལ་ལ་བསམ་ནས་དྲིན་
ལན་བསབ་དགོས། དྲིན་ལེན་བསབ་ཚུལ་ལའང་ཕ་མ་རྒས་དུས་དྲིན་ཆེན་ལ་དྲིན་ལོག གཡང་ལུག་ལ་རྡོ་འདེད་
མི་བྱེད་པར་ཅི་གསུངས་བཀའ་ཉན་གར་མངག་ལས་བྱེད་དེ་གུས་ཞབས་བརྩི་བཀུར་གྱིས་ཟས་གོས་གནས་མལ་
ནད་གཡོག་སོགས་རང་ལ་མཐུན་རྐྱེན་ཅི་ཡོད་སྦྱར་ནས་ཕ་མ་ལ་ཞབས་ཕྱི་སྒྲུབ་རྒྱུ་དང༌། སློབ་ཕྲུག་ཚོས་ཕ་མའི་
རེ་བ་དང་འགྲོ་སོང་སྟོང་ཟད་དུ་མི་གཏོང་བར་དགེ་རྒན་ལ་བརྩི་བཀུར་སློབ་གྲོགས་ལ་མཐུན་སྒྲིལ། སློབ་སྦྱོང་ལ་
བརྩོན་འགྲུས་བྱེད་དེ་སློབ་གྲྭ་དེའི་ནང་སྦྱངས་འབྲས་ཨང་དང་པོ་ཤ་སྟག་ལེན་ནས་མཐར་རྒྱལ་ཁབ་དང་མི་
རིགས་སྤྱི་ལ་ཕན་པའི་ལས་དོན་ཤ་སྟག་བསྒྲུབས་ན་དྲིན་ཅན་ཕ་མ་ལ་དགའ་སྤྲོའི་ཚོར་སྣང་དེ་ལས་ཆེ་བ་མེད་
པས་དྲིན་ལེན་བསབ་སྟངས་ཡག་ཤོས་དེ་ཡིན་པ་དང༌། ཕ་མ་ཤི་བའི་རྗེས་སུ་ཡང་དྲིན་ལན་བསབ་ཚུལ་ལ་ཕ་
མས་རེ་བ་ཆུད་ཟོས་མེད་པ་ཁྱིམ་ཚང་འཆམ་མཐུན་བྱེད་དེ་ཕ་མར་ཕན་པའི་ཞེ་དགུ་བདུན་བྱང་གང་ལེགས་
བསྒྲུབ་རྒྱུ་དང་སྐབས་དེའི་བྱང་དབང་མདུན་རང་གི་ཕ་མའི་དོན་དུ་བསྔོ་ནས་སྙིང་པོ་རྣམ་གསུམ་འབུམ་ཕྲག་
དང་སྔོན་འགྲོ་དངོས་གཞི་ཞུ་རྒྱུ་དང་བསྙེན་སྙུང་སྡོམ་པ་བསྲུང་རྒྱུ་ཤ་ཆང་ཐ་མ་སྤང་རྒྱུ་སྐུ་གསུང་ཐུགས་རྟེན་
བཞེངས་རྒྱུ་ལོ་བརྒྱད་ཡན་མན་དུས་དྲན་དགེ་བ་སྒྲུབ་རྒྱུ་སོགས་དགེ་སྒྲུབ་སྡིག་སྤང་སྣ་ཁ་རེ་གཉིས་ཁས་ལེན་
བྱ་དེ་བསྒྲུབ་ན་དྲིན་ལན་བསབ་ཚུལ་མཆོག་དུ་གྱུར་པ་ཞིག་ཡིན་ཏེ། དྲིན་ལེན་བསབ་མདོ་ལས། སྦྱིན་པ་གཏོང་
བས་དྲིན་ལན་བསབ། ཚུལ་ཁྲིམས་སྲུང་བས་དྲིན་ལན་བསབ། བཟོད་པ་སྒོམ་བས་དྲིན་ལན་བསབ། ཞེས་སོགས་
གསུངས། དྲིན་ལེན་བསབ་པའི་སྤྲང་པོ་ཡིན་ན་ཚེ་འདིར་ལྷ་མི་ཀུན་གྱིས་སྨོན་པ་དང༌། ཕྱི་མ་ལའང་ངན་སོང་
དུ་མི་སྐྱེ་བར་མཐོ་རིས་ལྷ་མིའི་གོ་འཕང་ཐོབ་སྟེ། དེར་ལས། ཡུམ་ལ་དྲིན་ལན་བསབ་པ་ཡིས། ངན་སོང་
གསུམ་དུ་སྐྱེ་མི་སྲིད། ཅེས་གསུངས་སོ། བླ་དཔོན་ཕྱུག་པོ་མཐོ་དམན་སུ་ཞིག་ཡིན་རུང་དྲིན་ཅན་ཕ་མ་སྲན་
མའི་པགས་བཞིན་དོར༌། བླ་མ་སློབ་དཔོན་ཆུ་སྒྲོལ་ཟམ་བཞིན་བརྗེད་སོང་ན་ཁྱོད་རྒྱལ་པོ་གྱུར་ཀྱང་སུ་ཡིས་
སྨོན་ལ། འཇིག་རྟེན་ཚེ་འདིར་ཡང་མི་ཁ་ངན་པ་འདུ་ཞིང་ཕྱི་མ་ལ་ཡང་དམྱལ་བའི་གནས་སུ་སྐྱེ་བར་འགྱུར་
ཏེ། མདོ་ལས། ཡུམ་ལ་དྲིན་ལན་མ་བསབས་པར༌། སྡིག་པ་དམྱལ་བའི་ཁྲིམས་ཁ་འགྲིམས། ཞེས་སོ། རབ་ན་ཚང་
མའི་སྐྱེ་བ་སྔོན་མའི་ཕ་མར་གྱུར་པ་མཁའ་ཁྱབ་སེམས་ཅན་ཀུན་ལ་དྲིན་ལན་བསབ་རྒྱུ་དང་དེ་མིན་ཚེ་འདིའི་
ཕ་མ་གཉིས་ལ་དྲིན་ལན་བསབས་ན་རང་གི་དགེ་སྦྱོར་ཉམས་ལེན་ཡང་མཆོག་ཏུ་གྱུར་པ་དེ་ཡིན་པས་ཀུན་
གྱིས་དེ་ལྟར་མཛད་པར་ཞུ། |