ང་ཚོའི་བོད་རིགས་མང་ཚོགས་བརྒྱ་ཆ་དགུ་བཅུ་ཆོས་ལ་དད་པ་ཡོད་མཁན་ཤ་སྟག་ཡིན་ལ་རང་གི་དགེ་བ་
སྒྲུབ་ཚུལ་ནི་གཙོ་བོ་གནས་སྐོར་རྟེན་མཇལ་དང༌། ཁ་འདོན་བཟླས་བརྗོད། ལྷ་འབྲི་རྟེན་བཞེངས་དང་ཀླུང་རྟ་
རྡོ་འབུམ་བརྐོ་རྒྱུ་སོགས་ས་དགེ་རྡོ་ཆོས་ལ་དག་འདོད་ཤིན་ཏུ་ཆེ་བས་དེ་ཉིད་དགེ་བ་ལོས་ཡིན་ཀྱང་སངས་
རྒྱས་བསྟན་པའི་རྩ་བ་ཚུལ་ཁྲིམས་ཡིན་པས་ཚེ་གཅིག་ལ་སྡོམ་པ་དམ་ཚིག་སྲུང་བའི་གྲྭ་བཙུན་ཇོ་མོ་བཟོ་རྒྱུའི་
ལས་སྐལ་མ་ལྡན་ནའང༌། སྐྱེ་བ་ཕྱི་མར་མི་ལུས་ཐོབ་པའི་རྒྱུ་གཙོ་བོ་དད་ལྡན་མི་སྐྱ་ཕོ་མོ་རང་གི་ངོ་སྐལ་གྱི་
དགེ་སྦྱོར་ཡང་རབ་ཚེས་བཟང་དུས་བཟང་སོགས་ལ་ཁྱེད་རྣམ་པ་དབང་ཞུ་མཁན་ཚང་མས་ལོ་ལྟར་བསྙེན་སྙུང་
གི་སྡོམ་པ་ཆ་རེ་གཉིས་བསྲུང་དགོས་ཏེ། བླ་མ་ལི་ཤུའི་སྐྱེ་བ་སྔོན་མ་ཞིག་ལ་ཉིན་མཚན་ཆ་གཅིག་ལ་བསྙེན་
གནས་ཀྱི་སྡོམ་པ་བསྲུངས་བའི་མཐུས། དེའི་འོག་སྐྱེ་བ་བདུན་ལ་གྲྭ་བཙུན་བཀའ་གཙང་སྡོམ་གཙང་ཚེ་རིང་
ནད་མེད་ཅན་དུ་སྐྱེས་པ་བྱུང་གསུངས་པ་ལྟར་ཡིན་པས་ཀུན་གྱིས་བསྙེན་སྙུང་གི་སྡོམ་པ་སྲུང་ཨི་ཐུབ་བལྟ་
དགོས། སྡོམ་པ་ཞུ་ཚུལ་ལ་ཐོག་མར་སངས་རྒྱས་ཀྱི་སྐུ་གསུང་ཐུགས་རྟེན་བཤམས་པའི་མདུན་དུ་སྤོས་མར་
མེ་ཡོན་ཆབ་མེ་ཏོག་ཞལ་ཟས་སོགས་མཆོད་པ་ཅི་འབྱོར་བཀོད་ལེགས་བཤམས་ནས་དྲང་སྲོང་རྨ་མེད་མདུན་
ནས་སྡོམ་པ་ཞུས་རྗེས་ཐོབ་སེམས་བསྐྱེད། དེ་རྗེས་སུ་རང་ཉིད་འདུག་ཆོག །སྲུང་ཚུལ་ནི། དཔེར་ན་དེ་རིང་
ཚེས་བཅོ་ལྔ་ཡིན་ན་དེ་རིང་ནམ་གསལ་ནས་སང་ཉིན་སྐྱ་རེངས་མ་ཤར་བར་དུ་བསྙེན་གནས་ཀྱི་སྡོམ་པ་ཡན་
ལག་བརྒྱད་པ་བསྲུང་དགོས། ཡན་ལག་བརྒྱད་ནི། རྩ་བ་བཞི་དང་ཡན་ལག་བཞི་ཡོད་པས་དང་པོ་རྩ་བ་བཞི་
ནི། སྲོག་གཅོད་སྤང་བ། རྐུ་སྤང་བ། མི་ཚངས་སྤྱོད་པ་སྤང་བ། རྫུན་སྤང་བའོ།། ཡན་ལག་བཞི་ནི། ཤ། ཆང༌།
གཙོང་སྒོག་པ། ཕྱི་དྲོའི་ཁ་ཟས་བཞི་སྤང་བའོ།། སྙུང་གནས་ཀྱི་སྡོམ་པ་ལའང་དང་པོ་མཁན་སློབ་མདུན་ནས་
སྔར་བཞིན་ལེན་ཏེ་སྲུང་ཚུལ་ལའང། དཔེར་ན་དེ་རིང་ཚེས་བཅུ་དྲུག་ཡིན་ན་དེ་རིང་ནམ་གསལ་ནས་སང་
ཉིན་སྐྱ་རེངས་མ་ཤར་གྱི་བར་དུ་སྙུང་གནས་ཀྱི་སྡོམ་པ་རྒྱུན་གཅོད་རྣམ་གསུམ་བསྲུང་དགོས་ཏེ། དེ་གསུམ་ནི།
འཇིག་རྟེན་ཡུལ་གྱི་རྒྱུན་གཅོད། འཚོ་བ་ཟས་ཀྱི་རྒྱུན་གཅོད། ཉོན་མོངས་སེམས་ཀྱི་རྒྱུན་གཅོད། ཞེས་གསུངས་
ཡོད་པས། ཉིན་མཚན་ཆ་གཅིག་རིང༌། ངག་གཅོད་རྒྱུ་དང༌། བཟའ་བཏུང་གཅོད་རྒྱུ། ཉོན་མོངས་ཆགས་སྡང་
རྟོག་ཚོགས་འགོ་གནོན་ལ་མི་སྐྱེ་བའི་དམ་བཅའ་བཟུང་དགོས། དེ་ལྟར་དབང་ཞུས་ཚར་ནས་བཟུང་ཚེ་གཅིག་
རིང་དགེ་བ་བཅུ་བསྒྲུབ། མི་དགེ་བ་བཅུ་སྤང་སྟེ་དབང་གི་དམ་ཚིག་སྲུང་མ་ཐུབ་ནའང། སྟོན་པ་གཤེན་རབ་
འཁྲུངས་དུས་བོད་ཟླ་༡༢པའི་ཚེས་༡༥ཉིན་དང༌། བླ་ཆེན་དྲན་པ་ནམ་མཁའ་འཁྲུང་དུས་བོད་ཟླ་༩པའི་ཚེས་
༡༠ དང༌། མཉམ་མེད་ཆེན་པོ་འཁྲུངས་དུས་བོད་ཟླ་ ༡ པོའི་ཚེས་ ༥ སོགས་ལ་ངེས་པར་ཁས་ལེན་དམ་བཅའ་
བྱ་ནས་བསྙེན་སྙུང་གི་སྡོམ་པ་སྲུང་ཨི་ཐུབ་བལྟ་རོག་ཞུ།།